logo

ཞིང་གྲོང་གི་སྙན་ངག་པ་ཤ་བོ་ཚེ་རིང་།

རྩོམ་པ་པོ།:གཅན་རྣམ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-26 ཀློག་གྲངས།:

 

ཆེས་ཉམ་ཆུང་གི་སྙན་ངག་པ་ཞིག

                                                    -----ཞིང་གྲོང་གི་སྙན་ངག་པ་ཤ་བོ་ཚེ་རིང་ལ།

        སྔོན་བསགས་ཀྱི་ལས་ཤིག་གིས་སློབ་གྲྭ་ཆེ་འབྲིང་གང་ལ་འགྲིམས་པའི་སྐལ་བ་རེག་མ་ཐུབ་པར། རང་གི་ལས་དབང་སྐྱ་བོ་དེ་ཐོད་ལ་བཟུང་ནས་ཕྱིར་རི་གྲོང་དུ་བསྐྱོད་ནས་ཞིང་བ་དཀྱུས་མ་ཞིག་གི་མིང་བྱང་ཕྲག་ལ་ཁུར། དུས་དེ་ནས་འཇིག་རྟེན་འཁོར་བའི་བྲོ་བ་དངོས་སུ་རོལ་མྱོང་བྱེད་ཞོར་དུ་ཕྱོགས་གཅིག་ནས་མི་རིགས་ཀྱི་རིག་གནས་ལ་བཅངས་པའི་འདུན་པ་རྒྱང་དུ་མ་དོར་བར་དཀའ་ཚེགས་དཀའ་སྡུག་གི་ལོ་ཟླའི་གོ་རིམ་ཁྲོད་དུ། ཁྱིམ་ཁ་གསོ་བའི་ལས་ཀའི་ཙག་ཙིག་གི་ལས་འགན་ཡོངས་རྫོགས་ཕྲག་ཏུ་ཁུར་ཞོར་དུ། ནམ་ཡང་ལྷིང་འཇགས་ཀྱི་རི་གྲོང་དེ་ནས་ཀུན་གྱིས་མཐོང་སྣང་དུ་མ་གྱུར་བའི་ཕག་ནས་མི་རིགས་ཀྱི་སྐད་ཡིག་ལ་དུངས་པ་ཟབ་པའི་འདུན་པ་ཉག་ཕྲ་བ་ནམ་ཡང་སེམས་ཁོང་དུ་ཉར་ནས་ད་བར་དུ་ལོ་ཟླ་ག་ཚོད་སོང་ཡོད་པ་སུས་རྟོགས་སམ།

        ཁྱིམ་ཚང་གི་འཚོ་བའི་མེད་མུག་གི་ཆེད་དུ་འདུར་རྒྱུགས་བྱེད་ཞོར་དུ་བོད་ཀྱི་ དུས་དེབ་སྣ་ཚོགས་ཉོ་གང་ཐུབ་བྱས་ཏེ་ལྟ་ཀློག་བྱེད་པའི་གོ་སྐབས་འཆོར་དུ་མ་ བཅུག་པའང་ང་ཚོའི་སུ་ཞིག་གིས་དོ་སྣང་བྱས་ཡོད་དམ། དེ་མིན་ཞིང་ལས་གཉེར་བའི་ཞིང་བ་ཞིག་གིས་ལྕགས་སྨྱུག་ལག་ཏུ་ཐོགས་ནས་ཤོག་དཀར་ངོས་སུ་སེམས་ཁོང་གི་ན་ཟུག་སྙན་ངག་གི་ལམ་ན་གླུ་རུ་གྱེར་བཞིན་པའང་སུ་ཞིག་གིས་དོ་སྣང་བྱས་ཡོད་དམ། ཞིང་ལས་རྐྱང་རྐྱང་གཉེར་བའི་མི་བུ་ཞིག་གིས་འདི་འདྲའི་མི་རིགས་རྩོམ་རིག་ལ་དགའ་ཞེན་བྱེད་པ་འདི་ནི་སུ་ཞིག་གིས་ཤེས་ཐུབ་བམ།

        ང་ཚོའི་མཐོང་སྣང་ན་མེད་པའི་མི་རིགས་རྩོམ་རིག་ལ་དགའ་ཞེན་ཆེ་བའི་མི་  བུ་འདིའི་བྱ་སྤྱོད་ལ་ང་ཚོ་སུ་ཞིག་གིས་ཡིད་རྟོན་དང་གདེང་འཇོག་བྱེད་ཀྱི་མེད་པ་རེད། འདི་ནི་དོན་ངོ་མའི་སུས་ཀྱང་བརྗོད་མི་ཐུབ་པའི་རླབས་ཆེན་གྱི་སྙིང་སྟོབས་ཤིག་རེད། ཆེས་སྤྱིར་བཏང་གི་ཞིང་ལས་རྐྱང་རྐྱང་གཉེར་བའི་ཞིང་གྲོང་བ་ཞིག་ལ་འདི་འདྲའི་མི་རིགས་རིག་གནས་ལ་ཤ་ཞེན་ཆེ་ཞིང་དུངས་བ་ཟབ་པའི་སེམས་ངལ་ལྕི་བ་འདིས། ང་ཚོ་བོད་ཀྱི་ཤེས་ཡོན་པའི་སྡེ་ལ་མནོ་བསམ་ཚད་མེད་གཏོང་དགོས་པའི་བསམ་པའི་རྒྱགས་ཕྱེ་ཞིག་བསྩལ་ཡོད་པ་རེད། མི་རིགས་ཀྱི་རིག་གནས་ལ་ཤ་ཞེན་སྤུ་ཙམ་ཡང་མེད་པ་དང་འགན་འཁྲི་འདུ་ཤེས་གང་ཡང་མེད་པའི་ང་དང་ང་ལྟ་བུའི་ཤེས་ཡོན་པའི་མིང་བྱང་རྫུན་མ་འཁུར་བའི་བླུན་རྨོངས་པའི་ཁྱུ་ཚོགས་ཤིག་ནམ་ཡང་མུན་འཐོམས་ཀྱི་ཀློང་ན་སད་མ་ཐུབ་པར་བསྡད་ཡོད་པ་འདི་ནི་ཆེས་སྐྱི་གཡའ་བ་དང་ཆེས་ངོ་གནོང་དགོས་པའི་གནས་ཤིག་མ་ཡིན་ནམ།

        ཆེས་སྤྱིར་བཏང་གི་ཞིང་ལས་གཙོ་བོ་གཉེར་བའི་ཞིང་བ་དཀྱུས་མ་ཞིག་གིས་མི་རིགས་ཀྱི་རྩོམ་རིག་ལ་འབད་དུངས་ཀྱིས་འཚོལ་སྙེག་བྱེད་པ་འདི་ནི་ཆེས་བླ་མེད་ཀྱི་བསམ་བློ་ཁྱད་པར་བ་ཞིག་རེད། མི་རིགས་ཀྱི་རྩོམ་རིག་གི་ཆེད་དུ་ཡོད་ཚད་འབུལ་ཐུབ་པའི་ཞིང་བ་དཀྱུས་མ་འདིའི་བླ་མེད་ཀྱི་སྙིང་སྟོབས་ལ། དེང་སྐབས་ལྷག་པར་དུ་རུལ་སུངས་སུ་འགྲོ་བཞིན་པའི་བོད་ཀྱི་ཤེས་ཡོན་པའི་སྡེ་ཚོགས་ཀྱིས་སློབ་སྦྱོང་དང་མིག་དཔེ་བྱེད་འོས་པ་རེད། དེ་མིན་པར་རང་མཐོ་རང་ཆེ་ཡིས་མི་གཙང་བའི་  སྦགས་པའི་བསམ་བློ་ཞིག་གིས་ཀུན་ནས་དཀྲིས་སུ་བཅུག་སྟེ། མི་རིགས་ཀྱི་རིག་གནས་ལ་ཤ་ཞེན་མེད་པ་དང་། མི་རིགས་སྐད་ཡིག་ལ་དུངས་བ་མེད་པ། ནམ་རྒྱུན་རང་རང་ས་ནས་ཆེས་མིག་རྒྱང་ཐུང་བའི་སྒོ་ནས་རང་ཉིད་ཀྱིས་ལྟོ་རྒྱབ་ཁོ་ནའི་ཆེད་དུ་རང་སྲུང་མཁྲེགས་འཛིན་བྱས་ནས་བསྡད་ཚེ། དུས་རབས་འདིའི་ང་ཚོ་ཤེས་ཡོན་པའི་སྡེ་ནི་མི་རིགས་རིག་གནས་རྩ་མེད་དུ་གཏོང་མཁན་གྱི་གཏེ་བོ་འབའ་ཞིག་དང་། མི་རིགས་ཤིག་མེད་བརླག་ཏུ་གཏོང་མཁན་གྱིས་ཉེས་པ་གནམ་ལས་མི་ཤོང་བ་བཟོ་མཁན་གྱི་ཉེས་ཅན་སྐོར་ཞིག་ཀྱང་རེད། ད་དུང་མི་རིགས་ཀྱི་ཞབས་འདྲེན་པ་དང་སྣ་ནག་མ་སྐོར་ཚོགས་ཤིག་ཏུ་གྱུར་སོང་བ་མ་ཡིན་ནམ། ད་དུང་འདི་ལྟར་ང་ཚོའི་རང་སྣང་གང་ཤར་གྱིས་ཉི་མ་གཏོང་ཐབས་དང་མི་ཚེ་འགྲོ་ཐབས་བྱས་ནས་བསྡད་ཚེ། མི་རིགས་རིག་གནས་སྲུང་འཛིན་དང་སྔོག་འདོན། མི་རིགས་སྐད་ཡིག་མྱུར་སྐྱོབ་བྱེད་མཁན་དང་། མི་རིགས་རྩོམ་རིག་མི་ཉམས་གོང་འཕེལ་དུ་གཏོང་མཁན་གྱི་སྲོག་ཤིང་དུ་འགྱུར་མི་སྲིད་པ་རེད།

        ལྷིང་འཇགས་ཀྱི་ཞིང་གྲོང་དེ་ན་ཞིང་བ་དཀྱུས་མའི་འཚོ་གནས་ལྷུར་ལེན་བྱས་ནས་བསྡད་ཡོད་པའི་ངའི་སེམས་ཁོང་ན་སྙིང་སྟོབས་ཀྱི་བརྟས་པའི་རྒྱལ་སྲས་རྣལ་མ་སྟེ།  ཆེས་ཉམ་ཆུང་གི་སྙན་ངག་པ་ཤ་བོ་ཚེ་རིང་།  ཁྱོད་ཀྱི་ཡ་རབས་གཞུང་དྲང་གི་བསམ་བློའི་གཤིས་རྒྱུད་ལ་ང་རང་ཡིད་སྨོན་རྐྱང་རྐྱང་འཆོར་ཡོད། ཡིན་ནའང་ཁྱོད་དང་ངའི་མཐའ་འཁོར་ན་གནས་པའི་མི་ཁ་མང་པོ་ཞིག་གིས་   ཁྱོད་ཀྱི་ཡ་རབས་གཞུང་དྲང་གི་བླ་མེད་གཤིས་རྒྱུད་དེ་ངོས་མ་ཟིན་པར། དེ་ནི་ཅི་ཡང་མིན་པའི་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་གཤིས་སྤྱོད་ཅིག་ཡིན་པར་འཁྲུལ་བ་ལ་ངོ་མ་ཡིད་སྐྱོ་བའི་གནས་རེད། ཡིན་ནའང་། ང་ཚོའི་རང་གི་ལྟ་བ་ཡང་དག་དེ་ནམ་ཡང་མི་འདོར་བར་སྔ་ས་ནས་བསྐྱོད་རྩིས་ཡོད་པའི་ལམ་སྣེ་ཡང་དག་དེ་ལ་ཤུགས་གང་ཡོད་ཀྱིས་མདུན་དུ་བསྐྱོད་དགོས། ཕྱིར་བསྣུར་གཏན་ནས་བྱེད་མི་ཉན་པ་རེད།

        དུས་དེ་རིང་། ཁྱོད་ཀྱིས་སྔོན་ཞིག་ནས་སེམས་ཀྱི་འཆར་གཞི་ཞིག་སེམས་ཀྱི་བག་ལ་ཉལ་ཡོད་པ་དེ་སྒེར་གཉེར་ལོ་དེབ༼དུང་དཀར༽ཞེས་པ་བསྒྲིགས་འདོད་ཡོད་པར་མངོན་འགྱུར་བྱས་ཡོད་པའི་དུས་འདིར། ང་དང་ང་ལྟ་བུ་མང་པོ་ཞིག་གིས་ད་དུང་དོན་སྙིང་ཡོད་པའི་བྱ་བ་རླབས་ཆེན་འདི་འདྲ་ཞིག་ལ་ཁ་ཡ་གཏན་ནས་བྱེད་ཀྱི་མེད་པ་དང་སྣང་དོགས་སྤུ་ཙམ་ཡང་བྱེད་ཀྱི་མེད་པར་མ་ཟད། ད་དུང་ཁ་གཉེར་སྣ་གཉེར་གྱི་སྒོ་ནས་འཕྱ་དགོད་བྱས་ནས་བསྡད་ན་ག་ལ་འགྲིག དེང་སང་ལྷག་པར་དུ་བོད་རང་གི་རྩོམ་རིག་གི་གནས་བབ་ཧ་ཅང་ཉག་ཕྲ་བ་མ་ཟད། དེ་ལ་དོ་སྣང་དང་ལྟ་ཀློག་བྱེད་མཁན་གྱི་མི་སྣ་ནི་མཁའ་ཡི་པད་མོའི་སྤུན་ཟླའི་ཚུལ་དུ་གྱུར་དང་འགྱུར་བཞིན་འདུག ནང་སྒོས་སུ་ང་ཚོའི་གཅན་ཚ་ས་ཁུལ་ནི་ས་ཁུལ་གཞན་དང་བསྡུར་ན་ངོ་མ་བོད་རང་གི་རིག་གནས་ལ་དེ་འདྲ་གཙིགས་ཆེན་མི་འཛིན་པའི་གནས་སུ་ལྷུང་དང་ལྷུང་བཞིན་འདུག་པ་མིག་མཐོང་ལག་ཟིན་རེད། དེ་མིན་པར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ལ་དུངས་བ་ཟབ་པའི་མི་སྣ་ག་ཙམ་ཡོད་པ་བརྩི་མི་ཐུབ་པའི་ཚད་ལ་གྱུར་ཡོད།

        ངོ་མ། རི་གྲོང་ཞིག་ན་ཞིང་བ་དཀྱུས་མ་ཞིག་གིས་འདི་འདྲའི་མི་རིགས་རྩོམ་རིག་ལ་ཤ་ཞེན་ཆེ་བ་དང་དུངས་བ་ཟབ་པའི་བྱ་སྤྱོད་རྣལ་མ་འདི་ནི་ཆེས་ངོ་མཚར་བ་དང་། མི་ཀུན་གྱིས་བརྗོད་ཆོག་པ། སློབ་སྦྱོང་བྱེད་ཆོག་པ། མིག་དཔེར་ལྟ་འོས་པ། རྒྱབ་སྐྱོར་བྱེད་དགོས་པ། དོ་སྣང་དང་ཐུགས་ཁུར་བྱེད་དགོས་པ། གཟི་བརྗིད་དུ་བརྩིས་ཆོག་པ། ཚང་མས་རང་ཉིད་ཀྱི་རང་ཉིད་ལ་སྐུལ་འདེད་དང་བསམ་བློ་གཏོང་སྤྱད་ཀྱི་ཚད་ཤིང་ཞིག་ཏུ་འཇོག་དགོས་པར་རེད་འདོད།

        མི་ཚེ་གང་བོར་མི་རིགས་ཀྱི་རིག་གནས་ལ་སློབ་སྦྱོང་བྱས་ནས་འཚོ་བ་རོལ་བཞིན་པའི་བོད་ཀྱི་ཤེས་ཡོན་པ་ཚོ། ཆེས་ལྷིང་འཇགས་ཀྱི་ཞིང་གྲོང་ཞིག་ན་མི་རིགས་ཀྱི་རྩོམ་རིག་ལ་དུངས་བ་ཟབ་པའི་ཞིང་ལས་རྐྱང་རྐྱང་གཉེར་བའི་བློ་མཐུན་འདི་འདྲའང་ཡོད་པས། དུས་དེང་སྐབས། ང་ཚོས་རང་གི་ལག་པ་རང་གི་བྲང་ཁར་བཞག་ནས་བསམ་བློ་ཞིབ་མོ་གཏོང་དགོས་པའི་ཚད་ལ་སླེབས་ཡོད། མི་རིགས་ཀྱི་རིག་གནས་དང་སྐད་ཡིག་གི་ཆག་འཇིག་ལ་མིག་གིས་བལྟས་ཤིང་རྣ་བས་ཉོན་དང་།   ང་ཚོའི་མི་རིགས་ཀྱི་སྐད་དང་ཡི་གེའི་གནས་བབ་ཚད་ག་འདྲ་ན་ཡོད་དམ།   མི་རིགས་རྩོམ་རིག་གི་འགག་སྒོ་གནས་གང་ན་བསྡད་ཡོད་པ་བཅས་ལ་ལུས་སེམས་གཉིས་ཀའི་སེམས་ཚེགས་བྱེད་དགོས་པའི་དུས་ལ་སླེབས་ཡོད་པ་རེད་ཡ།

        མི་རིགས་རང་གི་དཔེ་དེབ་སྣ་ཚོགས་དང་། དུས་དེབ་སྣ་ཚོགས་རི་ལྟར་སྤུངས་ཡོད་ན་ཡང་དེ་ཉོ་མཁན་དང་དེ་ལྟ་ཀློག་བྱེད་མཁན་ནི་ང་ཚོའི་གཅན་ཚ་ས་ཁུལ་གྱི་བོད་རིགས་ཁྲོད་ན་ཞིང་བ་དཀྱུས་མའི་ལྷུར་བླངས་ཡོད་པའི་བློ་མཐུན་ཤ་བོ་ཚེ་རིང་ལྟ་བུའི་མི་སྣ་ག་ཚོད་ཡོད་པ་སུས་བརྩི་ཐུབ་བམ། ངོ་མ་འདི་དག་ལ་འདང་རེ་བརྒྱབ་ན། ང་ཚོའི་མི་རིགས་ཀྱི་རྩོམ་རིག་དང་སྐད་ཡིག་ཉམས་པའི་གནས་ན་འཚོ་འདུག་པས། ཚང་མས་བློ་སེམས་ནང་དུ་འཁོར་ནས་རྡོག་རྩ་གཅིག་སྒྲིལ་གྱིས་མི་རིགས་ཀྱི་རིག་གནས་ལ་ཤ་ཞེན་དང་དུངས་བ་ཆེ་དགོས་པར་མི་སྣ་རང་ཉིད་ནས་འགོ་བརྩམས་ཏེ། ང་ཚོ་ཚང་མས་མཉམ་གཅིག་ཏུ་མི་རིགས་ཀྱི་རིག་གནས་དང་རྩོམ་རིག་མི་ཉམས་གོང་འཕེལ་དུ་གཏོང་དགོས་པའི་ལས་ལ་འབད་དགོས། བློ་མཐུན་ཚོ།

        གསལ་བཤད།   ཤ་བོ་ཚེ་རིང་ལགས་ནི་གཅན་ཚ་རྫོང་མར་ཁུ་ཐང་གྲོང་བརྡལ་ཉ་མོ་སྡེ་བའི་སྤྱིར་བཏང་གི་ཞིང་བ་དཀྱུས་མ་ཞིག་རེད། 


འབྲེལ་ཡོད་འོས་སྦྱོར།