མཚོ་ལྷོ་ཁུལ་གྱི་བན་དེ་ཚེ་རིང་ལ“རྒྱལ་ཡོངས་ཀྱི་ཡར་བརྩོན་དགེ་སྒྲུབ་ཀྱི་ན་གཞོན་བཟང་པོ”ཞེས་པའི་མཚན་སྙན་ཐོབ།
རྩོམ་པ་པོ།:འདི་ག་རྩོམ་སྒྲིག་ཁང་།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-10-28
ཀློག་གྲངས།:
མཚོ་ལྷོ་ཁུལ་གྱི་བན་དེ་ཚེ་རིང་ལ“རྒྱལ་ཡོངས་ཀྱི་ཡར་བརྩོན་དགེ་སྒྲུབ་ཀྱི་ན་གཞོན་བཟང་པོ”ཞེས་པའི་མཚན་སྙན་ཐོབ།
ཟླ10པའི་ཚེས26ཉིན། གསར་འགོད་པས་གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཉེ་ལམ། “རྒྱལ་ཡོངས་ཀྱི་ཡར་བརྩོན་དགེ་སྒྲུབ་ཀྱི་ན་གཞོན་བཟང་པོ”ཞེས་པའི་དཔྱད་འདེམ་བྱ་འགུལ་གྱི་མཇུག་འབྲས་ཁྱབ་བསྒྲགས་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་ཆོས་རྗེ་སྡེ་བའི་བན་དེ་ཚེ་རིང་སློབ་བརྩོན་ཡར་བརྩོན་གྱི་ན་གཞོན་བཟང་པོར་བདམས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་ན་གཞོན་དང་བླངས་པའི་མཐུན་ཚོགས་ཀྱི་ལི་ཧྲི་ཀྲང་ལུའུ་ཆུན་ལིང་དབུལ་བོ་དང་དཀའ་ངལ་ཅན་ལ་རོགས་རམ་བྱེད་པའི་ན་གཞོན་བཟང་པོ་དང་། ཀུའོ་མིང་ཡེ་བྱམས་བརྩེ་ཚོགས་པའི་མཚོ་སྔོན་གྱི་མཚོ་སྔོན་བརྩེ་བའི་རོགས་སྐྱོར་ཡན་ལག་རུ་ཁག་གི་གྲོས་འདོན་པའམ་རུ་གཙོ་ཧྲི་ལའེ་སྤྱོད་བཟང་བཀུར་ཞིང་ཡིད་རྟོན་སྲུང་བའི་ན་གཞོན་བཟང་པོར་བདམས།
བན་དེ་ཚེ་རིང་། བོད་རིགས། པིར་མིང་། བྱང་རླུང་། ཕ་ཡུལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་ཆོས་རྗེ་སྡེ་བ། 2018ལོར་ཧོ་ནན་སློབ་ཆེན་གྱི་རྒྱུ་ཆ་ཚན་རིག་དང་བཟོ་སྐྲུན་རིག་པའི་སློབ་གླིང་ནས་མཐར་ཕྱིན། ལོ་ངོ་བཞིའི་རིང་ལ་འབད་པ་ལྷོད་མེད་བྱས་པས། བསླབ་འབྲས་ཕུལ་དུ་བྱུང་བ་བླངས་ཤིང་། མཐར་རྒྱུགས་ལེན་མ་དགོས་པར་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་དུ་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་ལ་འབད་པའི་གོ་སྐབས་རེག རབ་འབྱམས་ཞིབ་འཇུག་སློབ་མའི་སྐབས་སུ། རྒྱལ་ཁབ་ཀྱི་གསར་གཏོད་སྒེར་དབང་ཁེ་ཕན་ལྡན་པའི་དཔྱད་རྩོམ་གསུམ་སྤེལ། ཨ་རིའི་མཱ་ཧྲེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་འབུམ་རམས་པའི་སློབ་ཡོན་ཁ་ཚང་སྤྲོད་པའི་བྱ་དགའ་ཐོབ་མཁན་གྱི་སློབ་བསྡུའི་བརྡ་སྦྱོར་དང་། དབྱིན་ཇིའི་མན་ཁྲུ་སི་ཐེ་སློབ་ཆེན་གྱི་རྒྱུ་ཆ་སློབ་གླིང་གིCSCའབུམ་རམས་པའི་སློབ་ཡོན་ཁ་ཚང་སྤྲོད་པའི་བྱ་དགའ་ཐོབ་མཁན་གྱི་སློབ་བསྡུའི་བརྡ་སྦྱོར་སོགས་འབྱོར་མྱོང་ཡོད། ད་ལྟ་ཨ་རིའི་མཱ་ཧྲེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་འབུམ་རམས་པར་སློབ་སྦྱོང་བྱེད་མུས་སུ་མཆིས། མིག་སྔར་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། ཧོ་ནན་ཞིང་ཆེན་སྙན་ངག་མཐུན་ཚོགས་ཀྱི་ཚོགས་མི། ལྷོ་ཕྱོགས་རྩོམ་རིག་སྒྱུ་རྩལ་གྱི་གདན་ཞུས་རྩོམ་པ་པོ་ཡིན་ལ། ད་ལྟའི་བར་དུ་རྒྱལ་ནང་གི་དུས་དེབ་དང་ཚགས་པར་སོགས་སུ་ལྷུག་རྩོམ་དང་སྙན་ངག་བརྒྱ་ཕྲག་ལྷག་བཀོད་ཟིན། སྔ་ཕྱིར།“ལྷོ་ཕྱོགས་རྩོམ་རིག་སྒྱུ་རྩལ་རྟགས་མ”ཡི་ཁྲོད་“ཆེས་དགའ་བསུ་ཐོབ་པའི་རྩོམ་པ་པོའི་བྱ་དགའ”དང་། “ལོ་འཁོར་གཅིག་རིང་གི་ཆེས་དགའ་བསུ་ཐོབ་པའི་རྩོམ་པ་པོའི་བྱ་དགའ”ལྷོ་ཕྱོགས་རྩོམ་རིག་སྒྱུ་རྩལ་གྱི་“རྩོམ་པ་པོ་ཕུལ་བྱུང་བཅུ”ཡི་མཚན་སྙན་བཅས་ཐོབ་པ་མ་ཟད། ལྷོ་ཕྱོགས་རྩོམ་རིག་སྒྱུ་རྩལ་གྱིས་རྩོམ་སྒྲིག་དང་འགྲོ་གྲོན་ཡོངས་རྫོགས་ལ་འགན་ཁུར་ནས《རླུང་བུ་ལྷོ་རུ་ལྡང་བ》ཞེས་པའི་ལྷུག་རྩོམ་ཕྱོགས་བསྒྲིགས་པར་དུ་བསྐྲུན།
འབྲེལ་ཡོད་འོས་སྦྱོར།