སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་ལ་བཅར་འདྲི་ཞུས་པའི་སྐོར།
རྩོམ་པ་པོ།:ཛམ་ཐང་བ་ལྕགས་མདའ།
ཡོང་ཁུངས།:རྔ་བའི་གསར་འགྱུར་དྲ་བ།
དུས་ཚོད།:2022-05-17
ཀློག་གྲངས།:
ངག་རིག་གི་ལམ།
སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་ལ་ཡིག་ལམ་ནས་བཅར་འདྲི་ཞུས་པ།
གསར་འགོད་པ། ཐོག་མར་རྒན་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ངེད«སྙུག་རྩེའི་དགའ་ཚལ»གྱི་ངག་རིག་གི་ལམ་ཞེས་པའི་ལེ་ཚན་གྱི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ།
སྐྱབས་ཆེན་བདེ་གྲོལ། ཁྱེད་དང་མཉམ་དུ་ཡིག་ལམ་ནས་བགྲོ་གླེང་བྱ་རྒྱུ་བྱུང་བར་དགའ། ཁྱེད་ལ་ཁམས་འདྲི་ཞུ།
གསར་འགོད་པ། རྩོམ་ལ་ཐོག་མར་འཇུག་པ་རྣམས། ཐོག་མར་ལྷུག་རྩོམ་ལ་འཇུག་པར་འོས་སམ། ཚིགས་བཅད་དང་རང་མོས་སོགས་སྙན་ངག་གི་ལུས་ལ་འཇུག་པར་འོས། ཁྱོད་རང་གི་ཉམས་མྱོང་དང་སྦྱར་ནས་ལན་ཞིག་གསུང་བར་ཞུ།
སྐྱབས་ཆེན་བདེ་གྲོལ། དེ་མཐའ་གཅིག་ཏུ་ཁ་ཚོན་གཅོད་མི་འོས་ཀྱང་། ང་རང་གི་མྱོང་བ་ལྟར་ན་ཐོག་མར་ལྷུག་རྩོམ་ལ་འཇུག་འོས་པར་སྣང་། ལྷུག་པའི་རྩོམ་གྱི་སྦྱོང་བ་མེད་ན། ཕྲད་དང་རྣམ་དབྱེ། ལས་ཚིག་སོགས་ཀྱི་སྦྱོར་བ་དང་། ཕལ་སྐད་ཡིག་ངོར་འགོད་པ། སྐད་ཀྱི་གདེགས་འཇོག་བཅས་ལ་བྱང་ཆ་དེ་ཙམ་ཡོད་མི་སྲིད། རང་མོས་དང་ཚིགས་བཅད་ནི་ཚིག་གི་སྣོལ་བཅག་ཧ་ཅང་འཕྲོད་པ་དང་། ཚིག་སྡུད་ཀྱི་རྩལ་སོགས་ཐོན་པ། ཚིག་གི་འགྱུར་ཁུག་ངེས་ཅན་ལྡན་དགོས་པ་ཞིག་ཡིན་པས་ལྷུག་རྩོམ་གྱི་རྨང་བརྟན་པོ་མེད་ན་དེ་ཧ་ཅང་འགྲུབ་དཀའ།
གསར་འགོད་པ། ཅིག་གིས་ཉིད་ལ“སྙན་ངག་པར་བློ་ཇི་ལྟ་བུ་ཞིག་དགོས”ཞེས་དྲིས་ན། ཉིད་ཀྱིས་དེ་ལ་ལན་ཇི་ལྟར་གདབ་ངེས།
སྐྱབས་ཆེན་བདེ་གྲོལ། སྙན་ངག་པར་འཇིག་རྟེན་ཁམས་ཀྱི་སྤྱིའི་ཆོས་ཉིད་སོགས་རྟོགས་པའི་བློ་ཡངས་པོ་ཞིག་དགོས་ལ། དོན་བྱེ་བྲག་པར་དམིགས་བསལ་གྱིས་འཇུག་པའི་བློ་ཕྲ་མོ་ཞིག་ཀྱང་དགོས།
གསར་འགོད་པ། ཇོ་ནང་ཏཱ་ར་ནཱ་ཐའི་གསུང་ཞིག་ཏུ། བཟོ་ལ་ལུས་བཟོ་ངག་བཟོ་ཡིད་བཟོ་གསུམ། ཞེས་བྱུང་བ་ལྟར། རྩོམ་རིག་ནི་ངག་གི་བཟོ་ཁྱད་པར་བ་ཞིག་ཡིན་པ་དང་། དེང་སང་སྒྱུ་རྩལ་ཞེས་བཤད་པ་དེའང་། དོན་ལ་བོད་ཡིག་ཏུ་བཟོའི་གནས་ལ་གོ་དགོས་པར་འགའ་ཞིག་གསུངས། དེ་གཉིས་གཅིག་གམ།
སྐྱབས་ཆེན་བདེ་གྲོལ། ངས་བསམ་ན་དེ་གཉིས་ལ་ཁྱད་པར་ཅུང་འདུག་སྙམ། རང་རེའི་སྔར་གྱི་བརྡ་སྐད་དུ། བཟོ་རིག་གི་སྒྱུ་རྩལ་སུམ་ཅུ་དང་། རོལ་མོའི་སྒྱུ་རྩལ་བཅོ་བརྒྱད། གླུ་དབྱངས་ཀྱི་ངེས་པ་བདུན། གར་གྱི་ཆ་བྱད་དགུ་བཅས་སྒྱུ་རྩལ་དྲུག་ཅུ་རེ་བཞི་རྩི་ཚུལ་ཡོད་པ་དེས་དོན་གྱི་ཁྱད་པར་དེ་གསལ་པོར་བསྟན་འདུག་སྙམ།གསར་འགོད་པ། རང་ཅག་བོད་ལ་མཚོན་ན། “རྩོམ་རིག་གི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་རང་བཞིན”དེ་ཅི་འདྲ་ཞིག་ལ་ངོས་བཟུང་ན་འགྲིག་གམ། “རྩོམ་རིག་གི་མི་རིགས་རང་བཞིན”ཞེས་པ་དེ་བླང་བྱ་ཞིག་ཡིན་ནམ་འདོར་བྱ་ཞིག་ཡིན།
སྐྱབས་ཆེན་བདེ་གྲོལ། དེ་ནི་གཅིག་ནས་དོན་གྱི་བྱུང་བ་སོགས་རྗོད་ཚུལ་གྱི་ཐབས་དམིགས་བསལ་བ་ལ་གོ་ཆོག་ཅིང་། ཕྱོགས་གཞན་ཞིག་ནས་དོན་མཚོན་སྟངས་དང་དཔེ་འགོད་སྟངས་སོགས་རྩོམ་གྱི་ཉམས་སྟོན་པའི་ཚིག་སྦྱོར་དམིགས་བསལ་བ་དེ་ལ་གོ་རུང་བར་སྙམ། འོན་ཏེ་དེ་ལ་གཞོལ་ཆེས་ན་མི་རིགས་གཞན་གྱི་ཡི་གེར་བསྒྱུར་དཀའ་བ་དང་། གོ་བ་ལེན་ཁག་པ་སོགས་ཀྱི་སྐྱོན་འགའ་ཞིག་འབྱུང་། འོན་ཏེ་རྩོམ་རིག་གི་རང་བཞིན་ལས་བྱེད་ནུས་ལ་དམིགས་པ་མིན་ཚེ། རྩོམ་རིག་རང་སྟེང་ནས་དེ་ནི་ཡོན་ཏན་དུ་འགྱུར་བ་ལས་སྐྱོན་དུ་བརྩི་མི་རུང་བར་སྙམ།
གསར་འགོད་པ། འགའ་ཞིག་གིས་སྙན་ངག་འབྲི་བ་ནི་རང་གི་དགའ་མར་འོ་ཞིམ་པོ་བྱེད་པ་དང་མཚུངས་རབས་སྨྲ་ལ། ཡང་འགའ་རེས་སྐྱོ་དུས་ཆང་འཐུང་བ་དང་། དགའ་དུས་གླུ་ལེན་པ། ཅི་བྱེད་མེད་དུས་ཁ་པར་རྩེ་བ་དང་འདྲ་བར་བཤད། དོན་དམ་པར་སྙན་ངག་འབྲི་བ་ནི་ཅི་ཞིག་གི་ཆེད་ཡིན་ནམ། སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་སྒྲུབ་པ་ཡིན་ནམ། ཡང་ན། འཚོ་བའི་ཆེད་དུ་སྒྱུ་རྩལ་གཉེར་བ་ཡིན་ནམ།
སྐྱབས་ཆེན་བདེ་གྲོལ། ངས་བསམ་ན་སྙན་ངག་འབྲི་བ་ནི་ཅི་ཞིག་ཡིན་ཡང་ཆོག་ལ། ཅི་ཞིག་མིན་ཡང་ཆོག དེ་ནི་རང་གི་དགའ་མར་འོ་བྱེད་པ་དང་འདྲ་ཡང་འོ་བྱེད་པའི་སྦྱོར་བ་དངོས་ནི་མིན། ཆང་འཐུང་བ་དང་འདྲ་ཡང་ཆང་གི་ནུས་པ་ལུས་ལ་མི་སྐྱེད། སྙན་ངག་འབྲི་བ་ནི་སྙན་ངག་འབྲི་བ་དང་ཆང་འཐུང་བ་ནི་ཆང་འཐུང་བ་ཡིན། ཆང་བཏུང་རྗེས་ཀྱི་ཉིན་འགའི་རྗེས་སུ་ཚོར་བ་དེ་ཤུལ་མེད་དུ་ཡལ་འགྲོ་ཡང་སྙན་ངག་བྲིས་ཏེ་གྲུབ་རྗེས་དེ་ནམ་ཡང་ཡི་གེའི་གཟུགས་སུ་གྲུབ་ཡོད། སྒྱུ་རྩལ་གྱི་ལས་ནི་བློས་བསླངས་ཀྱི་གོ་རིམ་ཙམ་མིན་པར་བརྩམས་ཆོས་གྲུབ་པའི་ལོངས་སྤྱོད་རོལ་བའང་ངོ་། སྒྱུ་རྩལ་ནི་འཚོ་བའི་གྲུབ་ཆ་ཞིག་ཡིན་ཡང་དེས་སྒྱུ་རྩལ་པའི་འཚོ་བའི་ངོ་བོ་མཐོ་རུ་འདེགས་པར་བྱེད་ཅིང་ཀློག་མཁན་ནམ་རོལ་མྱོང་བྱེད་མཁན་དག་ལའང་སེམས་ཀྱི་དགའ་སྟོན་འགྱེད་པར་བྱེད། སྒྱུ་རྩལ་གྱི་ལས་ཀྱི་ངོ་བོ་གཙང་ཤོས་ནི་དམིགས་ཡུལ་ཅི་ཡང་མེད་པ་དེ་ཡིན་མོད་དེ་ལ་སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་སྒྲུབ་པ་ཞེས་འབོད་རུང་མིན་ཡང་དཔྱད་པའི་གནས་སོ།།
གསར་འགོད་པ། འགའ་རེས«སྙན་ངག་མེ་ལོང་མ»ནི་ཚིག་རྒྱན་འབྲི་སྟངས་ཙམ་གྱི་དཔེ་རུ་བཤད་པ་དེ་གཟུ་བོར་གནས་པའི་གཏམ་ཡིན་ནམ། གཞན་དུ་ན་རྩོམ་བཟང་མིན་ཞེས་པ་དེ་ཚིག་རྒྱན་མཚར་མིན་དང་ཚིག་ཉམས་ཡག་མིན་ཙམ་གྱིས་གཞག་པར་རུང་ངམ།
སྐྱབས་ཆེན་བདེ་གྲོལ། དེ་ག་ལ་ཡིན། དེང་གི་སྐད་ཆ་ལྟར་བཤད་ན«སྙན་ངག་མེ་ལོང་མ»ནི་རྩོམ་རིག་གི་གཞུང་ལུགས་ཀྱི་དཔེ་ཞིག་རེད་དོ།། ཚིག་རྒྱན་ཡག་པོས་རྩོམ་དེ་མཛེས་པར་བྱེད་ཀྱང་དེ་གཅིག་པུ་ལས་བརྗོད་བྱ་དམིགས་བསལ་བ་དང་དགོངས་པ་གཏིང་ཟབ་མོ་མེད་ན་དེ་ཉིད་གད་སྙིགས་སུ་མི་འགྱུར་བའི་ངེས་པ་མེད་དོ།།གསར་འགོད་པ། འགའ་རེས་དུས་རབས་བཅུ་དགུ་པའི་དུས་དཀྱིལ་དུ་ཨ་རི་པ་ཨོ་ཨར་ཐི·ཧེ་ཐི་མན་གྱིས་མཛད་པའི་སྙན་ངག་གི་དཔེ་«ལོ་མའི་ཚོམས»(沃尔特·惠特曼«草叶集»)ཞེས་པ་དེ་རང་མོས་སྙན་ངག་གི་དཔེ་ཐོག་མ་ཡིན་པར་བཤད་ལ། དེའི་ཤན་ཤུགས་ལ་བརྟེན་ནས་རྒྱ་ནག་དང་། རིམ་པས་བོད་དུ་དར་བར་བཞེད། དེར་ཉིད་ལ་ལྟ་ཚུལ་ཅི་ཞིག་ཡོད་དམ།
སྐྱབས་ཆེན་བདེ་གྲོལ། ཕྲན་གྱིས་བཤད་སྟངས་དེར་ཅུང་དོགས་པ་ཟོས་ཡོད། ཡིན་ཡང་ད་དུང་རྒྱུ་མཚན་གསལ་པོ་མ་རྙེད། གསལ་པོར་བཤད་ན་ང་རང་བཤད་སྟངས་དེ་ལ་དགའ་བོ་མེད། སྐབས་འགར་རང་མོས་སྙན་ངག་ཅེས་པའི་ཐ་སྙད་དེའང་ཡག་པོ་མི་འདུག་སྙམ་ཡོད། དཔེར་ན་བྷོ་དྷེ་ལེར་གྱི«སྡིག་པའི་མེ་ཏོག»ནང་གི་སྙན་ངག་མང་པོ་ནི་དེང་རབས་རིང་ལུགས་ཀྱི་སྙན་ངག་ཡིན་པ་བསྙོན་དུ་མེད་ཀྱང་རང་མོས་སྙན་ངག་རེད་ཅེས་བཤད་ན་དེ་ཙམ་བདེ་བོ་མི་འདུག ཡང་ཚིགས་བཅད་ཡིན་མིན་ཙམ་གྱིས་རང་མོས་དང་སྲོལ་རྒྱུན་སྙན་ངག་གི་ཁྱད་མཚམས་ཕྱེ་བ་དེའང་སླ་བཅོས་དང་རྩིང་སྤྱོད་ཅིག་ཏུ་འདོད་དོ། སྤྱིར་ཕྲན་གྱིས་རིག་པའི་གནས་མཐའ་དག་སྲོལ་རྒྱུན་དང་དེང་རབས་ཞེས་རིགས་གཉིས་སུ་དགར་བ་དེའང་ཡག་པོ་མི་འདུག་སྙམ་མོད། སྙན་ངག་གི་ཕྱོགས་ནས་རང་མོས་སྙན་ངག་ཅེས་པའི་ཐ་སྙད་འདི་ལས་དེང་རབས་སྙན་ངག་ཅེས་པ་འདི་བེད་སྤྱད་ན་ཡག་པོ་འདུག་སྙམ་བྱུང་། མ་གཞི་ནས་རང་མོས་ཞེས་པ་འདི་རྩོམ་རིག་གི་བརྡ་ཆད་ཅིག་ཏུ་གྲུབ་ན་སྙན་མོ་མི་འདུག འོན་ཀྱང་དེ་ནི་ང་རང་གི་ཚོར་བ་གཞིར་བཟུང་ནས་སྨྲས་པ་ཡིན།
གསར་འགོད་པ། འགའ་ཞིག་ན་རེ“རིག་གནས་ཀྱི་ཤིན་སྦྱངས་ཅུང་ཟད་ལས་མེད་ན་རང་མོས་ཕྲིས། རིག་གནས་ཀྱི་ཤིན་སྦྱངས་ཆེན་པོ་ཡོད་ན་ཚིགས་བཅད་སྙན་ངག་ཕྲིས”ཞེས་དང་། “རང་མོས་སྙན་ངག་ནི་རིག་གནས་ཀྱི་ཤིན་སྦྱངས་ཆེན་པོ་མེད་པ་རྣམས་ཀྱི་འབྲི་རྒྱུ་ཞིག་རེད”ཅེས་ཟེར། དེ་གཟུ་བོར་གནས་པའི་གཏམ་ཡིན་ནམ།
སྐྱབས་ཆེན་བདེ་གྲོལ། དེང་གི་བོད་རྩོམ་གྱི་གནས་བབས་ལ་བརྟག་ན་ཚིག་དེ་མི་བདེན་པར་འདུག་ཟེར་མི་ཕོད། ཆེས་འབྲི་དཀའ་བ་དེ་ཐམས་ཅད་ཀྱིས་རྟ་སྦངས་གཏོང་བ་བཞིན་འབྲི་བ་འདི་ལ་ཅིས་ཀྱང་སེམས་ཁྲལ་བྱ་དགོས་འདུག
གསར་འགོད་པ། ཡང་འགའ་རེས“རྩོམ་ཡིག་བཟང་བོ་འབྲི་བར་དཔེ་ཆ་མང་པོ་ཀློག་དགོས་པ་དང་། དཔེ་ཆ་མང་པོ་བཀླགས་ནས་མཁས་པར་གྱུར་ཚེ། རྩོམ་རང་བཞིན་ཐོལ་གྱིས་ཡོང”ཞེས་བཤད། དེས་ན། མཁས་པ་ཡིན་མིན་དང་རྩོམ་བཟང་བོ་ཡོང་མིན་གཉིས་ལ་མེད་ན་མི་འབྱུང་གི་འབྲེལ་བ་ལྟ་བུ་ཞིག་ཡོད་དམ།
སྐྱབས་ཆེན་བདེ་གྲོལ། དཔེ་ཆ་མང་པོ་བཀླགས་པ་ཙམ་གྱིས་རྩོམ་པ་པོར་འགྱུར་མི་ཐུབ་ལ་མཁས་པར་ཡང་དེ་བཞིན་ནོ། ཡིན་ཡང་འཛམ་གླིང་ཡོངས་སུ་སྐད་གྲགས་ཆེ་ཞིང་ལོ་རྒྱུས་ཀྱི་ཉམས་ཚོད་ཐེག་པའི་དཔེ་ཡག་པོ་དག་བཀླག་ན་རྩོམ་འབྲི་བ་ལ་ཕན་པ་དང་། རང་གིས་བྲིས་པ་དང་གཞན་གྱིས་བྲིས་པ་གཉིས་ཀྱི་ཧེ་བག་གསལ་པོར་རྟོགས་སྲིད་པ་སྨོས་ཅི་དགོས།
གསར་འགོད་པ། འགའ་ཞིག་གིས་ཉིད་ཀྱི་བརྩམས་དཔེ«གླུ་སྐད་སྐྱ་བོ»ཞེས་པ་དེ་ཤིན་ཏུ་གོ་དཀའ་བར་བཤད། དེས་ན། དེའི་གོ་དཀའ་བའི་གནད་གསང་གྲོལ་བྱེད་ཀྱི་ལྡེའུ་མིག་ལྟ་བུའི་སྐད་ཆ་ཞིག་ཀློག་པ་པོ་ཚོར་བཤད་ཆོག་གམ།
སྐྱབས་ཆེན་བདེ་གྲོལ། དེ་དེ་འདྲ་གོ་དཀའ་བོ་མིན། གཞན་གྱིས་གོ་དཀའ་ཞིང་བསྟན་དོན་ཟབ་མོ་སྦས་པའི་རྩོམ་དེ་འདྲ་འབྲི་བའི་ཆུ་ཚད་ནི་ང་ལ་མེད། འགའ་རེས་དེ་གོ་དཀའ་ཟེར་དོན་ནི་རྩོམ་དེ་དག་འགྲུབ་སྐབས་ཀྱི་བརྩམས་སྒྲུང་བྱིངས་དང་འབྲི་ཐབས་ཅུང་མ་འདྲ་བས་ཨེ་ཡིན་ནམ་སྙམ། གོ་དཀའ་བའི་རྩོམ་ནི«ཡོ་ལེ་ཞེ་སི»དང་«ཀུན་ལྡན་འཐེན་ཤུགས་ཀྱི་འཇའ»ལྟ་བུ་དང་། ཁཱན་ཐིའི་མཚན་ཉིད་རིག་པའི་གཞུང་ཆེན་མོ«རིགས་པ་རྣམ་དག་གི་དགག་སྒྲུབ»(伊曼努尔·康德«纯粹理性批判»)ལྟ་བུ་རེད།གསར་འགོད་པ། འགའ་ཞིག་གིས་ཉིད་ཀྱི་སྙན་ངག་གི་དཔེ«མི་རྟག་པ»ཞེས་པར་བཀོད་པའི་སྙན་ངག་སེང་གེ་ཞེས་པ་དེ་སྐད་གྲགས་ཆེན་པོ་ཡིན་རབས་སྨྲ་ལ། ཕྲན་ལའང་ཡག་སྣང་ཤར་ཏེ་བློར་ཡང་བཟུང་མྱོང་། འོན་ཏེ། ད་ལྟ་བལྟས་ཚེ་ཤིན་ཏུ་གོ་དཀའ། དེ་བས་རེ་བ་ཆུང་ཆུང་ཞིག་ལ། སྙན་ངག་དེར་གོ་བ་ཇི་ལྟར་ལེན་པའི་སྐོར་གྱི་མཛུབ་སྟོན་ཞིག་གནང་ན་ཆོག་གམ།
སྐྱབས་ཆེན་བདེ་གྲོལ། སྙན་ངག་དེ་ལ་ཚིག་རྐང་ཐུང་ངུ་འགའ་ལས་མེད་ནའང་དེའི་སྣང་བརྙན་ཧ་ཅང་རྒྱ་ཆེ་བ་དང་དེར་སྤྱི་པའི་བློར་མ་གོམས་པའི་གཏན་ཚིགས་ཤིག་བེད་སྤྱད་ཡོད། གལ་སྲིད་ནགས་ཚལ་རྗེས་སུ་ཁྲིད་པའི་སེང་གེ་དེའི་སྣང་བརྙན་ལས་MVདང་གློག་བརྙན་གྱི་རྣམ་པ་དེ་འདྲ་དྲན་ཐུབ་ཚེ་ཀློག་མཁན་སུ་ལའང་ཚོར་བ་གསར་བ་ཞིག་སྟེར་ཨེ་ཐུབ་བམ་སྙམ།
གསར་འགོད་པ། མཇུག་མཐར་གཞོན་པ་རྣམས་ལ་སྙན་ངག་དང་། བརྩམས་སྒྲུང་དང་། ལྷུག་རྩོམ་བཅས་ཀྱི་དཔེ་ཕན་ཐོགས་ཆེ་བ་རེ་ངོ་སྤྲོད་གནང་རོགས་ཞུ།
སྐྱབས་ཆེན་བདེ་གྲོལ། བོད་ཀྱི་སྔོན་བྱོན་མཁས་པ་རྗེ་ཙོང་ཁ་པ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། ཀུན་མཁྱེན་འཇིགས་མེད་གླིང་པ། ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་ཀྱི་སྙན་ངག་མང་ཙམ་ཀློག་པ་དང་། ཨུ་རུ་སུ་དང་ཡོ་རོབ་ཀྱི་རྩོམ་པའི་ཁྱུ་མཆོག་དག་དང་ཨ་རིའི་ཉེ་བའི་དུས་ཀྱི་རྩོམ་པ་པོ་གྲགས་ཅན་དག་གི་རྩོམ་ཀློག་པ། སྐབས་འགར«ཆོས་ཡབ»ལྟ་བུའི་བྲིན་རྩོམ་བཀླགས་ཏེ་རྩོམ་ལུས་སྣ་ཚོགས་པར་འཇུག་རྒྱུ་ཧ་ཅང་གལ་ཆེའོ།།
གསར་འགོད་པ། ཛམ་ཐང་བ་ལྕགས་མདའ།
མིང་དངོས་ལ་སྐྱབས་ཆེན་དུ་འབོད་ཅིང་། སྨྱུག་མིང་ལ་སྐྱབས་ཆེན་བདེ་གྲོལ་ཞུ། 1977ལོར་མདོ་སྨད་གཙོས་དང་ཟི་ལིང་སོགས་ནས་དགེ་རྒན་ཆེད་ལས་དང་དབྱིན་སྐད་ཀྱི་སློབ་གྲྭ་འགྲིམ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་འཛུགས་མཁན་གྱི་གྲས་དང་གཙོ་སྒྲིག་པ་ཡིན།
བརྩམས་ཆོས་སུ། 1998ལོར་སྙན་ངག་གི་དཔེ«མི་ཁོམ་པའི་གནས་དང་དེའི་བདག་པོ»དང་། 2008ལོར་བརྩམས་སྒྲུང་གི་དཔེ«གླུ་སྐད་སྐྱ་བོ»དང་། 2011ལོར་འགྱུར་དཔེ«དཔའ་བའི་གདེང་དང་ལྡན་པའི་ལང་ཚོ»དང་། 2012ལོར་སྙན་ངག་གི་དཔེ«མི་རྟག་པ»དང་། 2018ལོར་ལྷུག་རྩོམ་གྱི་དཔེ«འཚོ་བའི་ཟིན་བྲིས»དང་། 2019ལོར་སྙན་ངག་གི་དཔེ«བར་སྐོར་གྱི་ཆང་ཁང»དང་། གཙོ་སྒྲིག་བྱས་པའི་དུས་དེབ«འཛམ་གླིང་རྩོམ་རིག»(དེབ་དང་པོ)དང་། སྒྲུང་རིང་གི་དཔེ«གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད»དང་། 2020ལོར«འཛམ་གླིང་རྩོམ་རིག»(དེབ་གཉིས་པ)དང་། 2021ལོར་སྒྲུང་འབྲིང་གི་དཔེ«ཟ་འཕྲུག»ཅེས་པ་དང«འཛམ་གླིང་རྩོམ་རིག»(དེབ་གསུམ་པ)བཅས་པར་སྐྲུན་དང་འགྲེམ་སྤེལ་བྱས།ད་ལྟའི་བར་དུ་རྩོམ་རིག་བརྩམས་ཆོས་སྣ་ཚོགས་ཉིས་སྟོང་ལྷག་བྲིས་པའི་ནང་ལྔ་བརྒྱ་ཡས་མས་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་དང་ཚགས་པར་དུ་བཀོད་ཡོད། ནུབ་གླིང་གི་བརྩམས་སྒྲུང་དང་། སྙན་ངག་དང་།ཚན་རྩལ་སྐོར་གྱི་རྩོམ་ཡིག་སྣ་ཚོགས་དང་། ཉི་ཧོང་གི་སྒྲུང་གྲགས་ཅན«སྒེའུ་ཁུང་འགྲམ་གྱི་ཐོ་ཐོ་མ»དང་གནའ་བོའི་རྒྱ་གར་གྱི་སྙན་ངག་མཁན་སློབ་དཔོན་ནག་མོ་ཁོལ་གྱི་ཟློས་གར་གྱི་འཁྲབ་གཞུང་གྲགས་ཅན«བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར»སོགས་བོད་ཡིག་ཏུ་བསྒྱུར་ཡོད།
དེ་སྔ་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་སོགས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་དཔྱད་གླེང་འདུ་ཚོགས་མང་པོར་ཞུགས་པ་དང་། ཧྥ་རན་སིའི་ཤར་ཕྱོགས་སྐད་ཡིག་སློབ་གྲྭ་ཆེན་མོ་དང་། དབྱིན་ཇིའི་ཨོ་ཁེ་སེ་ཧྥོར་ཌི་སློབ་གྲྭ་ཆེན་མོ། ཉི་ཧོང་གི་ཐོ་ཁྱོ་ཕྱི་སྐད་སློབ་ཆེན་སོགས་ནས་རྩོམ་རིག་དང་འབྲེལ་བའི་རིག་གཞུང་སྙན་ཞུ་ཕུལ་མྱོང་།
བརྩམས་ཆོས་སྣ་ཚོགས་རྒྱ་སྐད་དང་། དབྱིན་སྐད། ཉི་ཧོང་གི་སྐད། ཧྥ་རན་སིའི་སྐད་སོགས་སུ་བསྒྱུར་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།