logo

དགེ་རྒན་ཆེན་མོ་སྐལ་བཟང་ཚེ་བརྟན་མཆོག་ངོ་སྤྲོད།

རྩོམ་པ་པོ།: ཡོང་ཁུངས།:རླུང་ནག་འཚུབ་མ་འཕྲིན་སྟེགས། དུས་ཚོད།:2022-11-29 ཀློག་གྲངས།:
སྐལ་བཟང་ཚེ་བརྟན། (1944-2022)
       དགེ་རྒན་ཆེན་མོ་སྐལ་བཟང་ཚེ་བརྟན་མཆོག་ནི1944ལོའི་ཟླ12པའི་ཚེས10ལ་མཚོ་སྔོ་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཧོར་རྒྱ་སྡེ་བའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། 1958ལོར་བསང་ཆུ་རྫོང་བོད་རིགས་སློབ་ཆུང་ནས་མཐར་ཕྱིན་ཅིང་། 1969ལོར་ནུབ་བྱང་མི་རིགས་སློབ་གླིང་ཆབ་སྲིད་སྡེ་ཁག་གི་དངོས་གཞི་འཛིན་གྲྭ་ནས་མཐར་ཕྱིན། 1978ལོར་པེ་ཅིན་གློག་བརྙན་སློབ་གླིང་གི་འཁྲབ་གཞུང་ཟབ་སྦྱོང་འཛིན་གྲྭ་རུ་ལོ་ངོ་གཅིག་ལྷག་རིང་ལ་སློབ་གཉེར་གནང་། 1980ལོར་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་རྩོམ་རིག་ཁྲིད་སྦྱོང་སུའོ་ནས་ལོ་ངོ་གཅིག་ཙམ་ལ་ཟབ་སྦྱོང་བྱས། 1993ལོའི་ཟླ12པར་དམིགས་བསལ་གྱིས་དགེ་རྒན་ཆེན་མོར་མཚན་གནས་འཕར།
       1969-1975ལོའི་བར་དུ་བསང་ཆུ་རྫོང་ཨུའི་གཞུང་སྒྲུབ་ཁང་དང་རྫོང་སྤྱི་བདེ་ཅུས། རྫོང་ཨུའི་ཆབ་སྲིད་པུའུ། རྫོང་འཕྲིན་གཏོང་ཅུས་སོགས་ནས་བྱ་བ་བསྒྲུབས་མྱོང་ལ། 1976-1992ལོའི་བར་དུ་ཀན་ལྷོ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་རིག་གནས་འཕྲོད་བསྟེན་ཁོའོ་ཡི་ཁོའོ་ཀྲང་དང་། ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག ཀྲུའུ་ཞི་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་མྱོང་། ཁུལ་རིག་གནས་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཅུས་ཀྲང་། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་ཡང་ཁུར་མྱོང་བ་དང་། 1997ལོར་ནུབ་བྱང་མི་རིགས་སློབ་གླིང་དུ་ལས་གནས་སྤར། སྔ་ཕྱིར་བོད་ཡིག་སྡེ་ཁག་གི་ཀྲུའུ་རིན་དང་། སློབ་གྲྭ་དེ་གའི་ནུབ་བྱང་མི་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་བཅས་ཀྱི་འགན་ཁུར། ཀྲུང་གོའི་གྲང་ཉུང་མི་རིགས་སྒྱུ་རྩལ་གྱི་ཞིབ་འཇུག་ཚན་ཁག་ཏུ་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན་གྱི་འགན་ཡང་བཞེས་མྱོང་། སྤྱི་ཟླ11པའི་ཚེས28ཉིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བསེ་ཚང་སྐལ་བཟང་ཚེ་བརྟན་ལགས་དགུང་ལོ་དོན་དགུའི་སྟེང་ལན་ཇུ་ནས་སྐུ་གཤེགས་པར་གདུང་སེམས་དྲག་པོས་མྱ་ངན་ཞུ།
       ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་གློག་བརྙན་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་མི། ཀན་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་འཛིན་མགོ་གཙོ་གཞོན་པ་དང་། ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་མགོ་གཙོ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།
       དམངས་ཁྲོད་རིག་གནས་ནི་མི་རིགས་རིག་གནས་ཀྱི་ནང་སྙིང་ལྟ་བུ་ཡིན་པས། ཁོང་གིས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་དཀའ་སྡུག་དང་ངལ་དུབ་ཀྱི་ཁུར་ལྕི་མོ་ཕྲག་ཏུ་བླངས་ཏེ་རིག་གནས་ཀྱི་རྫོང་མཐུག་སའི་གཞི་རིམ་དུ་བསྐྱོད་ནས་དམངས་གླུ་དང་། ལ་གཞས། ཁེད། བྱིས་སྒྲུང་། གཏམ་རྒྱུད། བཤད་པ་སོགས་འཚོལ་སྡུད་དང་། སྒྲ་ཕབ། དག་སྒྲིག པར་སྐྲུན་བཅས་ཀྱི་ལས་དོན་ལ་རྩེ་གཅིག་ཏུ་གཞོལ་བས། དུས་ཡུན་རིང་པོར་ངག་རྒྱུན་དུ་གྲགས་པ་ཙམ་ལས་ཡི་གེར་འགོད་མ་ཐུབ་པའི་དམངས་ཁྲོད་རིག་གནས་ཀྱི་སྙིང་བཅུད་མང་པོ་མ་ཉམས་པར་སླར་ཡང་ཀློག་མཁན་རྣམ་པའི་སྤྱན་ལམ་དུ་བཤམས་ཏེ་རིག་གནས་ཀྱི་བང་མཛོད་ཆེན་པོར་གཟི་བྱིན་གསར་པ་བསྣན།
2016ལོར་རང་ཁྱིམ་དུ་བཞུགས་པ།(རེབ་གོང་ཧོར་རྒྱ་སྡེ་བ)
       1973ལོ་ནས་བཟུང་རྩོམ་རིག་བརྩམས་ཆོས་སྤེལ་འགོ་ཚུགས་ཤིང་། 1982ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཁོང་གི«ཨ་མདོའི་བོད་ཀྱི་ཆང་གཞས་གཅེས་བཏུས»དང་། «བོད་ཀྱི་ལ་གཞས་ཕྱོགས་བསྒྲིགས» «བོད་ཀྱི་དམངས་གླུ་ཕྱོགས་བསྒྲིགས»སོགས་པར་དུ་བསྐྲུན།
       ཁོང་གི་བརྩམས་སྒྲུང་རིང་གྲས་ཀྱི་མཚོན་བྱེད་བརྩམས་ཆོས་ལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི«གསེར་ཁྲིའི་ཡང་སྤྲུལ»དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་སྒྲུང་གཏམ་འབྲིང་ཐུང་གཅེས་བཏུས«ཉིན་སྲིབ་བར་གྱི་བྲག་ཆ» 1989ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི«བོད་རིགས་དམངས་ཁྲོད་ཀྱི་དོན་བརྗོད་སྙན་ངག་ཕྱོགས་བསྒྲིགས»སོགས་ཡོད་ལ། བསྒྱུར་རྩོམ་ལ«ལྷ་སའི་འཁང་ར»སོགས་དམངས་ཁྲོད་ཀྱི་སྙན་ངག་རིང་ཤོས་ཁག་དགུ་སྒྱུར་སྒྲིག་བྱས་ཤིང་། ཞིན་ཅང་གནའ་དཔེ་ལེགས་སྒྲིག་དཔེ་སྐྲུན་ཁང་གི་པར་དུ་བཏབ། «ཡེ་ཤེས་སྒྲོལ་མ»ཞེས་པའི་དམངས་ཁྲོད་སྙན་ངག་རིང་ཤོས་ཁག་གསུམ་སྒྱུར་སྒྲིག་བྱས་པ་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས1988ལོར་པར་སྐྲུན་བྱས་པའི་བོད་ཡིག་དཔེ་དེབ་དང་། མི་གཞན་དང་ལྷན་དུ་སྒྱུར་སྒྲིག་བྱས་པའི་རྒྱ་ཡིག་གི«བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས»བཅས་ཡོད། བསྒྱུར་རྩོམ«ཡེ་ཤེས་སྒྲོལ་མ»ལ་རྒྱལ་ཡོངས་སྐབས་གཉིས་པའི་དམངས་ཁྲོད་རྩོམ་རིག་བརྩམས་ཆོས་ཀྱི་ཨང་གསུམ་པའི་བྱ་དགའ་ཐོབ་པ་དང་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཏུན་ཧོང་རིག་རྩལ་བྱ་དགའ་ཐོག་མ་ཐོབ།
       གློག་བརྙན་འཕྲིན་ནི་ཐད་ཀར་བརྙན་ཡོ་གྱི་སྒྱུ་རྩལ་སྤྱད་ནས་དུས་རབས་གང་རུང་ཞིག་གི་སྤྱི་ཚོགས་འཚོ་བ་ཕྱིར་མཚོན་བྱེད་པའི་མེ་ལོང་ལྟ་བུ་ཞིག་ཡིན་པས། ཁོང་གི་བསམ་པར་ཡིག་ཐོག་ཁོ་ནས་ལྗགས་རྩོམ་གནང་ན་རིག་གནས་པའི་སྡེ་མ་གཏོགས་ཡིག་རྨོངས་པའི་སྡེ་ལ་ཕན་ཐོགས་ཆུང་བར་དམིགས་ནས། མི་དང་རང་བྱུང་། མི་དང་མིའི་བར། མིའི་ནང་སེམས་དང་ཕྱིའི་ཀུན་སྤྱོད་སོགས་ཀྱི་འགའ་འབྲེལ་གསལ་པོར་བསྟན་ཐུབ་ཕྱིར། ཁོང་གིས་ངལ་བ་ཁྱད་བསད་ཀྱིས་ཆོས་ལུགས་དང་། རིག་གནས། སློབ་གསོ། དཔལ་འབྱོར་སོགས་ཀྱི་བརྗོད་དོན་རྣམས་ཕྱོགས་གཅིག་ཏུ་དྲིལ་ནས་ལྟ་འདོད་ཅིང་ཉན་སྤྲོ་པའི་གློག་བརྙན་དང་བརྙན་འཕྲིན་མང་པོ་ཕབ་སྐྲུན་བྱས། དེ་དག་ལས་ཁོང་ཉིད་ཀྱིས་རང་གི་མི་རིགས་ལ་བརྩེ་བའི་མདུད་པ་ནམ་ཡང་ལྷོད་མེད་པར་སྤྱི་ཚོགས་ཀྱི་གནད་དོན་མང་པོར་མུ་མཐུད་དུ་ཐུགས་གཞིགས་ཟབ་མོ་གནང་གིན་ཡོད་པ་རྟོགས་ཐུབ།
       འཁྲབ་སྒྲིག་བྱས་པའི་བརྙན་འཕྲིན་ཟློས་གར་ལ«ཤམ་བྷ་ལར་བསྐྱོད་པ»དང་། «ལྷ་སར་བསྐྱོད་པ» «ལྷོ་ཡི་དྲི་བཞོན»བཅས་ཡོད་ལ། ཁོང་གི་གློག་བརྙན་བརྙན་འཕྲིན་རྩོམ་རིག་གཅེས་བཏུས«ལྷ་སར་སྨོན་པ»ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཡོད།
       ཁོང་གི་དངོས་བྲིས་གློག་བརྙན«ཀྲུང་གོའི་བོད་རིགས་སྒྱུ་རྩལ་བང་མཛོད»དང་། «བླ་བྲང་དགོན་པ» «བསམ་ཁོག་རྩྭ་ཐང»བཅས་རིག་གནས་པུའུ་ཡིས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་གློག་བརྙན་བརྩམས་ཆོས་སུ་བདམས་ནས་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཁང་དུ་བསྐྱལ་ཡོད།
དགེ་རྒན་ཆེན་མོ་ཁོང་གི་བརྩམས་ཆོས་འགའ།
       ཁོང་གིས་ཆེད་སྒྲིག་བརྙན་འཕྲིན«བོད་བརྒྱུད་ནང་བསྟན»དང«ཀན་ལྷོའི་བོད་ཁུལ་གྱི་ཡུལ་སྐོར་ཟིན་ཐོ»བཅས་ཁྱོན་བསྡོམས་གློག་བརྙན་འཕྲིན་གྱི་བརྩམས་ཆོས་ལྔ་བཅུ་ལྷག་སྤེལ།
       བརྙན་འཕྲིན་ཟློས་གར«ཤམ་བྷ་ལར་བསྐྱོད་པ»ཞེས་པར1994ལོའི་རྒྱལ་ཁབ་ཀྱི“ལྔ་གཅིག་བཟོ་སྐྲུན་བྱ་དགའི”རྣམ་གྲངས་བཞི་ཅན་གྱི་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ། «རེ་སྨོན་ཁྲོད་ཀྱི་ལྷ་ས»ཞེས་པར1998ལོར་རྒྱལ་ཁབ་གྲངས་ཉུང་མི་རིགས་ཀྱི“རྟ་མཆོག་རྟགས་མའི”བརྙན་འཕྲིན་བརྩམས་ཆོས་ཀྱི་བྱ་དགའི་རིམ་པ་གཉིས་པའི་རྣམ་གྲངས་གསུམ་ཐོབ། བརྙན་འཕྲིན་པར་གཞི་དང་དངོས་བྲིས་གློག་བརྙན«ཀྲུང་གོའི་བོད་རིགས་སྒྱུ་རྩལ་བང་མཛོད»དང«བླ་བྲང་དགོན་པར»སོགས་ལ་རྒྱལ་སྤྱིའི་ཡུལ་སྐོར་དཔྱད་འདེམས་ལས་རྣམ་གྲངས་བཞིའི་བྱ་དགའ་ཐོབ།
       ཁོང་ནི་ལྷན་སྐྱེས་ཀྱི་རིག་པ་རྣོ་བའི་ཁར་དཀའ་སྤྱད་ཀྱི་བརྩོན་པ་ཆེ་བར་བརྟེན་་མི་ལོ་མང་པོར་གངས་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་གྱི་ཕྱོགས་ནས་ཁོང་གི་དཔྱད་རྩོམ་སོགས་གསུང་རྩོམ་མང་པོ་བརྩམས་པར་ལུང་གི་རྒྱབ་རྟེན་སྲ་ཞིང་། རིགས་པའི་རྣོ་ངར་ཆེས་ཆེར་ལྡན་ལ། ཐུན་མིན་གྱི་ལྟ་བ་མངོན་པར་གསལ་བའི་ཁྱད་ཆོས་འབུར་ཐོན་དུ་ཡོད། ལྷག་པར་དུ་ནང་བསྟན་ཆོས་ལུགས་ཀྱི་འཕེལ་འགྱུར་དང་། བོད་ཀྱི་ཡུལ་སྲོལ་གོམས་འདྲིས། རྒྱན་གོས་རིག་གནས། འཚོ་བ་རོལ་སྟངས། འདུ་ཤེས་འཛིན་སྟངས། རིན་ཐང་གི་ལྟ་བ། མཛེས་དཔྱོད་ཀྱི་ལྟ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་བོད་རིག་པའི་ཞིབ་འཇུག་གི་ཁྲོད་ནས་ཐོད་བརྒལ་ཆེན་པོ་བྱུང་ཡོད་པར་བརྟེན། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་མང་པོས་བསྔགས་བརྗོད་དང་གདེང་འཇོག་ཚད་མཐོན་པོ་གནང་མྱོང་།རིག་གཞུང་ཞིབ་འཇུག་དང་སྤྱི་ཚོགས་ཚན་རིག་གི་ཆེད་རྩོམ་གྱི་མཚོན་བྱེད་བརྩམས་ཆོས་ལ། ཆོས་ལུགས་རིག་གནས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི«ཀྲུང་གོའི་བོད་བརྒྱུད་ནང་བསྟན» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི«བོན་ཆོས་རྣམ་བཤད» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དཔེ་ཚོགས«གངས་ལྗོངས་བོད་ཀྱི་རིག་གནས་དངོས་མང་བཤམས་སྟོན་དཔེ་ཚོགས»དང«བྱ་གཏོར་དང་བོད་ཀྱི་དུར་འཇུག་རིག་གནས» «གངས་ལྗོངས་ཀྱི་དུས་ཆེན་རིག་གནས» «མཚོ་བོད་མཐོ་སྒང་གི་འབྲོག་པའི་གོམས་སྲོལ་རིག་གནས» «བོད་བརྒྱུད་ནང་བསྟན་རིག་གནས་རགས་བཤད» «བོད་ཀྱི་ཤེས་རིག་ཀུན་གླེང» «བསྐལ་པ་ཡ་ཐོག་གི་བོད་ཀྱི་སྤྱི་ཚོགས་དང་གླིང་གེ་སར་གྱི་དུས་རབས» ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི«ནུབ་རྒྱུད་ཡུལ་ལྗོངས་ཀྱི་བཀོད་པ་ལས་ཀན་སུའུ་ཞིང་ཆེན་ཀན་ལྷོའི་ཡུལ་སྲོལ་གོམས་གཤིས་ཀྱི་སྐོར»དངོས་སུ་ལག་བསྟར་བྱེད་པའི་རིག་རྩལ་ཞིབ་འཇུག་གི་ལས་གཞི་ལ། རྒྱལ་ཡོངས་སྒྱུ་རྩལ་ཚན་རིག་འཆར་འགོད་ཀྱི་ཆོག་མཆན་ཐོབ་པའི་ལས་གཞི«བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་གཞུང་ལུགས་གནད་བསྡུས» ཀན་སུའུ་སྤྱི་ཚོགས་ཚན་རིག་གི་གལ་ཆེའི་རོགས་དངུལ་ཐེབས་རྩའི་ལས་གཞི«ཆོས་ལུགས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གོ་གནས་དང་ནུས་པ»སོགས་ལས་གཞི་གསུམ་ཡོད། ད་དུང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ལས་གཞི«ཀན་སུའུ་གྲངས་ཉུང་མི་རིགས་ཀྱི་རིག་གནས་བདེ་འཇགས་ཞིབ་འཇུག»སོགས་ཀྱང་ཡོད།
དགེ་རྒན་ཆེན་མོ་ཁོང་གི་བརྩམས་ཆོས་འགའ།
        རིག་རྩལ་ཆེད་རྩོམ་སོགས་བསྡོམས་པས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐེངས་བཞི་བཅུར་ཉེ་བ་ཐོབ་མྱོང་། ཆེད་རྩོམ«དུར་མཆོད»ལ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་ཆོག་མཆན་འོག་བཙུགས་པའི་ཀྲུང་གོའི་དམངས་ཁྲོད་རིག་རྩལ་རི་སྐྱེས་མེ་ཏོག་རྟགས་མའི་རིག་གཞུང་བརྩམས་ཆོས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ། «གངས་ལྗོངས་དུས་ཆེན་རིག་གནས་ཀྱི་གནས་ཚུལ»དང«མཚོ་བོད་ས་མཐོའི་འབྲོག་མིའི་རིག་གནས»གཉིས་ལ2001ལོར་ཀན་སུའུ་ཞིང་ཆེན་ཕུལ་བྱུང་པར་རིས་དཔེ་གཞིའི་བྱ་དགའ་ཐོབ།

རྩོམ་ཁུངས། «ཀན་ལྷོའི་དེང་རབས་མི་སྣ་གྲགས་ཅན་གྱི་གཟི་ཉམས»
འབྲེལ་ཡོད་འོས་སྦྱོར།