འཛམ་གླིང་གི་རྩོམ་པའི་ཁྱུ་མཆོག་མི་ལན·ཀུན་དྷེ་ར།
རྩོམ་པ་པོ།:
ཡོང་ཁུངས།:མི་རྒོད་འཕྲིན་སྟེགས།
དུས་ཚོད།:2023-07-13
ཀློག་གྲངས།:
མི་ལན·ཀུན་དྷེ་ར(Milan Kundera,1929 —2023)
2023ལོའི་ཟླ7པའི་ཚེས12ཉིན། ཧྥ་རན་སིའི་གསར་འགྱུར་ཁང་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁོངས་ཆེ་ཁི་ནས་ཡིན་པའི་ཧྥ་རན་སིའི་རྩོམ་པའི་ཁྱུ་མཆོག་མི་ལན·ཀུན་དྷེ་ར(Milan Kundera)སྙུན་གཞིའི་རྐྱེན་པས་དགུང་གྲངས94སྟེང་སྐུ་གཤེགས།
མི་ལན·ཀུན་དྷེ་ར་ལགས1929ལོར་ཆེ་ཁི་སི་ལོ་ཝ་ཁི་ཡའི་གྲོང་ཁྱེར་གཉིས་པར་གྲགས་པ་བྷིར་ནོ་རུ་སྐུ་འཁྲུངས། 1975ལོ་ནས་བཟུང་ཧྥ་རན་སི་རུ་གཞི་སྡོད་བྱས། སྒྲུང་རིང«ཀུ་རེ»དང«ཡུལ་གཞན་དུ་འཚོ་བ» «སྒོར་བྲོ་ལ་ཁ་གྱེས་པ» «བསྙེལ་བྱང» «ཐེགས་པར་དཀའ་བའི་ཚེ་སྲོག་གི་ཡང་བ» «གཞོམ་གཞིག་བྲལ་བ»བཅས་དང་། སྒྲུང་ཐུང་ཕྱོགས་བསྒྲིགས«བཞད་གད་དང་བརྗེད་པའི་དེབ»ཀྱི་མ་རྩོམ་ནི་ཆེ་ཁིའི་སྐད་དུ་མཛད་ལ། སྒྲུང་རིང«དལ་བ»དང«ཐོབ་ཐང»འབོལ་རྩོམ་ཕྱོགས་བསྒྲིགས«སྒྲུང་གཏམ་གྱི་སྒྱུ་རྩལ»དང«རྒྱབ་འགལ་བྱས་པའི་ཁ་ཆེམས» «ཡོལ་རས» «མཇལ་འཛོམས»བཅས་ཀྱི་མ་རྩོམ་ནི་ཧྥ་རན་སིའི་སྐད་དུ་མཛད། «ལས་དབང་སྨྲ་བ་ཡ་ཁི»ནི་རྩོམ་པ་པོའི་ཟློས་གར་འཁྲབ་གཞུང་གི་འཐུས་ཚབ་བརྩམས་ཆོས་སུ་བགྲང་ངོ་། །«ཐེགས་པར་དཀའ་བའི་ཚེ་སྲོག་གི་ཡང་བ»ཞེས་པའི་སྒྲུང་རིང་དེ་བོད་ཀྱི་རྩོམ་པ་པོ་ཚེ་དབང་རྣམ་རྒྱལ་ལགས་ཀྱིས་བོད་ཡིག་ཏུ་བསྒྱུར་ཡོད།
«ཐེགས་པར་དཀའ་བའི་ཚེ་སྲོག་གི་ཡང་བ»བོད་འགྱུར་མ།
ས་གང་ན་རང་དབང་ཡོད་ན། དེ་ག་རང་ང་ཡི་མེས་རྒྱལ་ཡིན།
མི་ལན·ཀུན་དྷེ་ར།
མི་ལན·ཀུན་དྷེ་ར་ནི་དུས་རབས་ཉི་ཤུ་པའི་ནང་གི་རྩོམ་པོའི་དབང་ཕྱུག་དག་གི་གྲས་ཏེ། ད་ལྟ་འཇིག་རྟེན་དུ་འཚོ་བཞེས་གནང་གིན་པའི་རྩོམ་པ་པོ་དག་ལས་ཆེས་རླབས་ཆེ་བ་དེ་ཡིན་པས་ན། 2015ལོར་ཐྲོམ་ཟི་ཐྲི་རན་སི་ཐྲི་རོ་མེར་ལགས་སྐུ་གཤེགས་པ་དེ་ལས་མིའི་རིགས་སྤྱི་ལ་དབང་བའི་ཆེས་མཐའ་མཇུག་གི་སྙན་ངག་པ་མི་ཡུལ་དང་གཏན་བྲལ་བྱས་པར་བརྗོད་པ་དེ་བཞིན་མི་ལན·ཀུན་དྷེ་ར་སྐུ་གཤེགས་པ་དེ་ཡང་སྒྲུང་རྩོམ་གྱི་འཇིག་རྟེན་ལས་བླ་མཚོ་སྔོན་མོ་ཞིག་བསྐམས་ཟིན་པའི་ཉེན་བརྡ་རྣ་ལ་སྦྲན་པ་ཞིག་ཏུ་བརྗོད་ཆོག
མི་ལན·ཀུན་དྷེ་ར་ལ་མཚོན་ན་མི་ཚེ་གང་བོ་ཡུལ་གྱར་པའི་ལས་ཀྱིས་འཛད་པ་ཞིག་ཡིན་ནའང་། 2019ལོར་ཆེ་ཁི་སྤྱི་དམངས་ཀྱི་ཐོབ་ཐང་སླར་གསོ་བྱུང་བ་དེས་ཕྱོགས་གཅིག་ནས་ཁོང་གི་མི་ཚེའི་འཇུག་ངོགས་ཟད་མཐར་ཕྱིན་པ་མཚོན་ཞིང་། གཞན་དུ་ཁོང་གིས་ཆེ་ཁི་དེ་རང་དབང་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་ཁས་ལེན་མཛད་པའི་དན་རྟགས་སུའང་བརྗོད་ཆོག
མི་ལན·ཀུན་དྷེ་ར་ཡི་བརྩམས་ཆོས་དག་ལོ་རབས་བརྒྱད་ཅུ་པ་ནས་རྒྱ་སྐད་དུ་ལོ་ཙཱ་བྱས་ཡོད་ནའང་། ཁོང་ཉིད་མི་ཚེ་གང་བོར་ཀྲུང་གོར་མ་ཕེབས་པའི་སྐོར་ལ་དྲ་ནང་དུ་བཤད་ཚུལ་འདྲ་མིན་སྣ་ཚོགས་ཤིག་ཡོད་མོད། དེ་ལ་ཁོང་གི་སློབ་བུར་གྱུར་མྱོང་བའི་པེ་ཅིང་སློབ་ཆེན་ཡན་ཅིན་སློབ་གྲྭའི་གླིང་གཙོ་ཏུང་ཆིང(董强)གིས་གསུངས་པ་ལྟར་ན། གཅིག་ནས་མི་ལན·ཀུན་དྷེ་ར་ཁོང་མི་ཚོགས་འདུས་པའི་འཆད་ཁྲིད་སོགས་ལ་དགའ་བོ་མེད་དེ། སྔོན་མར་ཐེངས་རེ་གཉིས་ལ་འཆད་ཁྲིད་མཛད་མྱོང་ནའང་། འཆད་ཁྲིད་མཇུག་རྫོགས་རྗེས་མི་རྣམས་ཀྱིས་དྲི་བ་གཅིག་ཁོ་ན་འདོན་པ། ཁྱོད་ཀྱིས་མིའི་རིགས་ཀྱི་ལས་དབང་གི་མཐའ་དེ་གང་ལ་ངོས་འཛིན་གྱིན་ཡོད་ཅེས་པ་དེ་རེད། ཁོས་ལན་དུ་རང་ཉིད་རྩོམ་མཁན་ཞིག་ཡིན་པས་མིའི་རིགས་ཀྱི་ལས་དབང་གི་མཐའ་དེ་ཅི་ལྟར་མཁྱེན་ཞེས་ཧ་ལས་པའི་ཉམས་སྟོན་པ་དེ་དང་། གཉིས་སུ་མི་ལན·ཀུན་དྷེ་ར་ལ་མཚོན་ན་ལྕམ་ཝེ་རཱ་ཉིད་ལུས་དང་གྲིབ་མ་བཞིན་ཁོ་དང་འགྲོགས་ནས་འདུག་དགོས་པ་དེའི་ཕྱིར། ཁོང་མོའི་རྣ་བའི་ནད་ཀྱི་དབང་གིས་གནམ་གྲུར་འདུག་མ་ཐུབ་པས་སྟངས་དཔྱལ་གཉིས་ས་ཐག་རིང་མོ་ཀུན་ལ་མི་འགྲོ་བར་བརྗོད་དོ། །
འབྲེལ་ཡོད་འོས་སྦྱོར།