དགེ་རྒན་ཆེན་མོ་བཀྲ་བྷ་ལགས་དང་ཉེ་བར་བཅར་བ།
རྩོམ་པ་པོ།:ཚེ་རིང་དོན་གྲུབ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-03-28
ཀློག་གྲངས།:
རྩོམ་རིག་ལ་དགའ་ཞིང་ལྷག་པར་དུ་བོད་ཀྱི་དེང་རབས་རྩོམ་རིག་ལ་དང་དོད་ཆེ་བའི་སྐྱེ་བོ་ཞིག་ཡིན་ཚེ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཀྲ་བྷ་ལགས་ལ་རྒྱུས་མངའ་གང་ལ་གང་འཚམ་ཞིག་ཡོད་ངེས་ཏེ། ཁོང་གི་འཆར་ཡན་གྱིས་ཕྱུག་ཅིང་བརྗོད་བྱ་ཕུན་སུམ་ཚོགས་པའི་སྒྲུང་གཏམ་རེ་རེས་བོད་ཀྱི་ཀློག་པ་པོ་གང་མང་ཞིག་གི་རྩོམ་རིག་སྒྱུ་རྩལ་གྱི་འདོད་བློ་བསྐངས་ཤིང་བསམ་བློའི་རྒྱགས་ཕྱེ་རུ་གྱུར་མྱོང་ཡོད་ལ། མི་རིགས་གཞན་གྱི་ཀློག་པ་པོའི་སྡེ་རུའང་གཟེངས་བསྟོད་ཀྱི་མཐེ་བོང་དང་ཁས་ལེན་གྱི་རྒྱལ་མཚན་བསྒྲེངས་དང་སྒྲེང་མུས་སུ་མཆིས། རྩོམ་ཡིག་འདིར་ཁོང་རྩོམ་རིག་གསར་རྩོམ་གྱི་ལམ་ཁར་ཞུགས་པའི་བརྒྱུད་རིམ་དང་། དགེ་རྒན་གྱི་ལས་གནས་སུ་ཞུགས་ནས་སློབ་མ་སྐྱེད་སྲིང་བྱས་པའི་ཉམས་མྱོང་། རིག་གཞུང་ཞིབ་འཇུག་ཁྲོད་ཀྱི་གྲུབ་འབྲས་བཅས་ཕྱོགས་གསུམ་ནས་བཅར་འདྲི་ཅུང་འཐུས་ཚང་ཞིག་བྱས་ཡོད།
བཅར་འདྲི་མཁན། རྒན་ལགས། ང་རང་ནི་ཁྱེད་ཀྱི་སྒྲུང་གཏམ་བཀླགས་ནས་ནར་སོན་པའི་ཀློག་པ་པོའི་གྲས་ཤིག་ཡིན་པས། ད་རེས་ཁྱེད་ལ་བཅར་འདྲི་ཞུ་བའི་གོ་སྐབས་བྱུང་བར་ཧ་ཅང་དགའ་བྱུང་། ཁྱེད་རང་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་གསར་རྩོམ་གྱི་ལམ་ཁར་ཞུགས་ནས་མི་ལོ་སུམ་ཅུ་ལྷག་ཕྱིན་པ་དང་། འདིའི་རིང་དུ་རང་མོས་དང་ཚིགས་བཅད་སྙན་ངག ལྷུག་རྩོམ། སྒྲུང་འབྲིང་། སྒྲུང་ཐུང་སོགས་བརྩམས་ཆོས་གང་མང་ཞིག་ཚགས་པར་དང་དུས་དེབ་ཏུ་བཀོད་པ་དང་། ཡང་ན་དེབ་ཏུ་བསྒྲིགས་ནས་པར་སྐྲུན་བྱས་པ་སོགས་བོད་ཀྱི་དུས་རབས་གསར་པའི་རྩོམ་པ་པོའི་སྡེ་རུ་གྲུབ་འབྲས་ཆེན་པོ་དང་གོ་གནས་འགངས་ཆེན་ཞིག་ཟིན་ཡོད་པ་རེད། ཁྱེད་ཀྱིས་རང་ཉིད་ཀྱི་འཚར་ལོངས་ཀྱི་གོ་རིམ་དང་འབྲེལ་ནས་རྩོམ་རིག་གསར་རྩོམ་གྱི་ལམ་ཁར་འཇུག་པའི་ཐོག་མའི་ཀུན་སློང་དང་བློ་སྐྱེད་ཀྱི་ཕྱོགས་ནས་ཁ་བརྡ་ཞིག་བྱེད་རོགས།བཀྲ་བྷ། ང་ནི1963ལོར་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་དུ་སྐྱེས་པ་རེད། ངའི་བྱིས་དུས་ནི་དུས་ཟིང་དང་འགྱུར་བག་མོད་པའི་ལོ་ཟླ་ཞིག་རེད། སྐབས་དེར་སློབ་གྲྭ་དཀོན་པ་དང་སློབ་གསོའི་ཆ་རྐྱེན་ཞན་པ། བཀླག་བྱའི་དཔེ་དེབ་དཀོན་པ་སོགས་སློབ་སྦྱོང་གི་ཆ་རྐྱེན་ཧ་ཅང་ཞན་མོད། ང་ལ་སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་དྲག་པོ་ཞིག་ཡོད་ལ། ད་རག་བར་རིག་པའི་གནས་ལ་ཐོས་བསམ་བྱེད་པའི་བརྩོན་འགྲུས་ཀྱི་གོམ་ཁ་མ་ལྷོད་པ་ཡིན། ཁྱད་པར་དུ་ཆུང་དུས་ནས་དཔེ་ཀློག་ལ་གཞན་ལས་ལྷག་པའི་མོས་པ་དང་ཆོད་སེམས་བརྟན་པོ་བཅངས་ཡོད། ང་རང་སློབ་ཆུང་འགྲིམ་དུས། བོད་ལ་ད་ལྟ་ནང་བཞིན་གྱི་དུས་དེབ་དང་དེང་རབས་རྩོམ་རིག་གི་བརྩམས་ཆོས། ལྷག་པར་དུ་སྒྲུང་གཏམ་གྱི་དཔེ་དེབ་མེད་ལ། རེ་འགའ་ཡོད་པ་དག་ཀྱང་སློབ་ཆུང་སློབ་མ་ཞིག་གི་ལག་ཏུ་སོན་དཀའ་བས། ངས་སྐབས་ཐོག་དེར་ལག་སོན་ཐུབ་པའི་གེ་སར་སྒྲུང་དང་རྒྱ་ཡིག་གི་སྒྲུང་གཏམ«ལག་འཇུ་ཐེངས་གཉིས་པ»དང«ཡུའེ་ཧྥུའི་རྣམ་ཐར»སོགས་དེབ་རེ་འགའ་ལ་ཐེངས་དུ་མར་བལྟས་མྱོང་ལ། ང་རང་སློབ་ཆུང་ལོ་རིམ་གསུམ་པའི་སྐབས་སུ་བྲིས་པའི་རྩོམ་ཡིག་དག་དགེ་རྒན་གྱིས་ལོ་རིམ་གོང་མའི་སློབ་མ་དག་གི་མདུན་ནས་ཀློག་འདོན་བྱས་ཏེ་གདེང་འཇོག་དང་སྐུལ་འདེད་བྱས་པ་སོགས་དགེ་རྒན་གྱི་གཟེངས་བསྟོད་ཀྱི་མཐེ་བོང་དང་རང་ལས་ལོ་རིམ་མཐོ་བའི་སློབ་གྲོགས་རྣམས་ཀྱི་ཡིད་སྨོན་གྱི་མིག་མདངས་ཀྱིས་ང་ལ་རྩོམ་རིག་ཅེས་པ་འདི་ལ་ཐོག་མའི་ལྐོག་གྱུར་གྱི་མོས་པ་དང་དགའ་ཞེན་སྐྱེ་རུ་བཅུག་པ་དང་། དེ་ནི་གཞུག་ཕྱོགས་ང་རང་གིས་རྩོམ་པ་པོ་ཞིག་གི་མཚན་ཉིད་ཕྲག་ཏུ་ཁུར་བའི་ཀུན་སློང་གི་ས་བོན་འཁྲུངས་སའམ། ཡང་ན་ང་རང་རྩོམ་རིག་གསར་རྩོམ་ལ་འཇུག་པའི་རྟེན་འབྲེལ་གྱི་མྱུ་གུ་འབུས་ས་ཞིག་ཀྱང་ཡིན་ངེས།
ང་རང་གུང་ཧོ་རྫོང་མི་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་པའི་སྐབས་སུ«དག་ཡིག་གསར་བསྒྲིགས»དང«སྦྲང་ཆར»དེབ་དང་པོ། «ཟླ་ཟེར»དེབ་དང་པོ་སོགས་གསར་དུ་ཐོན་པ་དང་། དོན་གྲུབ་རྒྱལ་དང་རེབ་གོང་རྡོ་རྗེ་མཁར། ཆབ་འགག་རྡོ་རྗེ་ཚེ་རིང་སོགས་བོད་ཀྱི་དེང་རབས་རྩོམ་རིག་གི་རྩོམ་པ་པོའི་དཔུང་སྡེ་སྔ་གྲས་ཀྱི་བརྩམས་ཆོས་རེ་འགའ་ལ་རོལ་མྱོང་བྱེད་པའི་གོ་སྐབས་བྱུང་བ་དང་བསྟུན། ང་རང་གསར་རྩོམ་གྱི་བྱ་བར་ཞུགས་འདོད་ཀྱི་འདུན་པ་དེ་སད་དུ་བཅུག་པར་མ་ཟད། རྗེས་ཕྱོགས་ཀྱི་གསར་རྩོམ་ལའང་རྩོམ་པ་པོའི་དཔུང་སྡེ་དེས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་འདུག སྐབས་ཐོག་དེར་ངའི་བོད་ཡིག་གི་ཆུ་ཚད་ཅུང་ཞན་པས་དག་ཡིག་གསར་བསྒྲིགས་ཀྱི་རམ་འདེགས་འོག་ཀ་རྩོམ་ཞིག་བྲིས་པ་དང་། ཀ་རྩོམ་དེ་ལ་བོད་ཡིག་དགེ་རྒན་གྱིས་གདེང་འཇོག་ལེགས་པོ་ཐོབ་སྟེ་སྦྲང་ཆར་རྩོམ་སྒྲིག་ཁང་དུ་བསྐུར་མོད་རྒྱ་མཚོའི་ནང་དུ་རྡེའུ་འཕངས་པ་བཞིན་གྲག་འགུལ་ཅི་ཡང་མེད་པར་གྱུར་སོང་། འདི་ནི་ངས་རྩོམ་ཡིག་དུས་དེབ་ཏུ་སྤེལ་བའི་ཚོད་ལྟ་དང་པོ་དེ་ཡིན།
ཁུལ་མི་རིགས་དགེ་ཐོན་སློབ་འབྲིང་དུ་སློབ་གཉེར་བྱེད་སྐབས། ངས་ཁོམ་སྐབས་ཀྱི་དུས་ཚོད་སྤྱད་ནས་གཙོ་བོ་དཔེ་ཀློག་ལ་གཞོལ་བ་ཡིན། སྔ་གཞུག་ཏུ་ལིའང་ཞིའོ་ཧྲེན་དང་ཀྲང་ཁང་ཁང་སོགས་ན་གཞོན་ཤེས་ལྡན་པའི་སྒྲུང་གཏམ་བརྒྱ་ཕྲག་ལྷག་དང་། ཐུ་གེ་ཉེ་ཧྥུ་དང་མོ་པོ་སང་གི་བརྩམས་ཆོས་རྒྱ་འགྱུར་མ་ཁ་ཤས་བཅས་གཙོ་བྱས་པའི་སློབ་གྲྭ་དེ་གའི་དཔེ་མཛོད་ཁང་གི་དཔེ་ཆ་ཕལ་ཆེར་བཀླགས་ཚར་ལ། སྐབས་དེའི་དཔེ་ཀློག་གི་གོ་སྐབས་དང་འདུན་པ་བརྟན་པོ་དེས་རྗེས་སུ་གསར་རྩོམ་དུ་ཞུགས་པར་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་བསྙོན་མེད་ཡིན།
སྤྱི་ལོ1986ལོར་ཁུལ་མི་རིགས་དགེ་ཐོན་སློབ་འབྲིང་དུ་སློབ་མཐར་ཕྱིན་རྗེས། རང་གིས་སྦྱངས་པའི་ཆེད་ལས་དང་རིང་དུ་གྱེས་ཤིང་སྔོན་ཆད་སྒྲ་སྡུད་འཕྲུལ་ཆས་ལས་ལན་རེར་ཐོས་མྱོང་བ་ཙམ་ལས་རྒྱུས་ལོན་ཅི་ཡང་མེད་པའི་གསར་འགྱུར་གྱི་ལས་རིགས་ཏེ། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དུ་གསར་འགོད་པ་དང་རྩོམ་སྒྲིག་པ། ལོ་ཙཱ་བ་སོགས་ཀྱི་ལས་ཀར་ཞུགས་པ་ཡིན། དེ་ཡང་ལས་ཀར་ཞུགས་ནས་ཡུན་རིང་མ་འགོར་བའི་མཚན་མོ་ཞིག་ལ། ལས་གྲོགས་སྐོར་ཞིག་དང་ལྷན་དུ་མགྲོན་ཁང་ཞིག་ཏུ་བསྡད་དེ་ཆང་འཐུང་ནས་སྤྲོ་དགའ་ལ་རོལ། སྐབས་ཤིག་ཆང་འཐུང་ཚར་སོང་བས་ལས་གྲོགས་ཁ་ཤས་ཆང་ཉོ་རུ་སོང་། ང་རང་ཅུང་ཟད་ར་བཟི་བར་གྱུར་པའི་མོད་ལ་གློ་བུར་དུ་ཚོར་བ་ཞིག་ལྷོག་ལྷོག་ཏུ་བརྡོལ་བྱུང་བས། ཤོག་བུ་སོགས་གྲ་སྒྲིག་ཅི་ཡང་མེད་པའི་ཆ་རྐྱེན་འོག་ཁང་པའི་ནང་གི་དུད་ཤོག་འགའ་བཏུས་ཏེ་དེའི་སྟེང་ལ་ཚོར་བ་དམར་རྗེན་རྗེན་པོ་དག་ཇི་བཞིན་དུ་ཕབ་པ་ཡིན། བྲིས་ཚར་ལ་ཉེ་དུས་ཆང་ཉོ་རུ་འགྲོ་མཁན་ཚོའང་ཕྱིར་སླེབས་པས་དུད་ཤོག་དག་ཕྱོགས་གཅིག་ཏུ་བསྒྲིགས་ནས་སྔས་མགོའི་འོག་ཏུ་བཅུག་སྟེ་བཞག ཕྱི་ཉིན་ཆང་གི་བཟི་ཁ་ལས་དྭངས་དུས་མདང་དགོང་བྲིས་པའི་སྙན་ངག་དེ་ཡིད་ལ་མག་མོག་ཅིག་འཁོར་ཞིང་། སྔས་མགོའི་འོག་ནས་བླངས་ཏེ་བལྟས་པས་ཅུང་ཟད་ཡིད་ཚིམ་པ་ཞིག་འཁྱོངས་འདུག་པས་ཤོག་བུ་ཞིག་ཏུ་གྲལ་དག་པོར་ཕབ་རྗེས་ལས་ཁུངས་ཀྱི་མགོ་པ་ལ་བསྟན་པ་ཡིན། མགོ་པས་ཀྱང་གདེང་འཇོག་ལེགས་པོ་བྱས་པ་དང་ལས་ཀ་ཞིག་གི་ཞོར་དུ་དངོས་སུ«སྦྲང་ཆར»རྩོམ་སྒྲིག་ཁང་ལ་སྐྱེལ་རྒྱུར་ཐག་བཅད། དེ་ནི1987ལོའི«སྦྲང་ཆར»དུ་བཀོད་པའི«རུས་སྦལ»ཞེས་པའི་རང་མོས་སྙན་ངག་དེ་ཡིན་ལ། ཐེངས་དང་པོར«སྦྲང་ཆར»ལྟ་བུའི་རྒྱལ་ཡོངས་རིམ་པའི་ཚད་ལྡན་དུས་དེབ་ཏུ་བཀོད་པའི་ང་རང་གི་བརྩམས་ཆོས་ཐོག་མའང་ཡིན། རྩོམ་དེའི་རྩོམ་ལུས་ཀྱི་ཆ་ནས་དོན་གྲུབ་རྒྱལ་གྱི«ལང་ཚོའི་རྦབ་ཆུ»དང་འདྲ་བའི་ཆ་ཡོད་ལ། ཁོའི་ཤུགས་རྐྱེན་ཐེབས་ཡོད་པའང་སྨོས་མེད་ཡིན།
དེ་ནས་བཟུང་ང་རང་རྩོམ་རིག་གསར་རྩོམ་གྱི་ལམ་ལ་དངོས་སུ་ཞུགས་པ་རེད་ཟེར་ཆོག་ངེས། ང་རང་གིས་རྒྱང་སྒྲོག་གི་བྱ་བའི་ལས་ཞོར་དུ། ཉི་ཧོང་གི་རྩོམ་པ་པོ་ཞིང་ཞིན་ཡིའི་སྒྲུང་ཐུང་ཡིག་བརྒྱ་མ་སྐོར་ཞིག་དང་ཐུ་གེ་ཉེ་ཧྥུའི་བརྩེ་དུང་བརྗོད་བྱ་བྱས་པའི་ལྷུག་རྩོམ་གྱི་དེབ་ཀྱི་སུམ་ཆའི་གཉིས་ལྷག་ཡིག་སྒྱུར་བྱས་པ་སོགས་འཛམ་གླིང་གི་མིང་གྲགས་རྩོམ་པ་པོའི་བརྩམས་ཆོས་ལ་རོལ་མྱོང་དང་ཉམས་ཞིབ། དེ་ལས་སྒྲུང་གཏམ་འབྲི་བར་མི་སྣ་དང་ཁོར་ཡུག དོན་དག་གི་བྱུང་རིམ་སོགས་ཇི་ལྟར་འབྲི་བཞེངས་དང་བཀོད་སྒྲིག་བྱེད་པའི་ལེགས་ཆ་དང་ཐབས་རྩལ་སོགས་སྡུད་ལེན་བྱེད་པའི་སློབ་སྦྱོང་གི་གོ་རིམ་བརྒྱུད་པ་དང་། སྐབས་ཐོག་དེའི་འགྱུར་རྩོམ་རེ་འགའ་ཚགས་པར་དུ་བཀོད་པ་མ་གཏོགས་མང་ཆེ་བ་བོར་བརླག་ཏུ་སོང་ཚར། ཡིན་ཡང་གོ་རིམ་དེས་ངའི་གཞུག་ཕྱོགས་ཀྱི་གསར་རྩོམ་ལ་ཤན་ཤུགས་ཆེན་པོ་ཐེབས་ཡོད་དེ། ལྷུག་རྩོམ་རྩོམ་ལུས་ཅན་གྱི་སྒྲུང་ཐུང་ཕྱོགས་བསྒྲིགས་དེབ་དང་པོ«སྒྲོལ་མ་ཉེར་གཅིག»ལ་མཚོན་ན་གོང་གི་རྩོམ་པ་པོ་དེ་གཉིས་དང་ལྷག་པར་དུ་ཐུ་གེ་ཉེ་ཧྥུ་ཡི་ལྷུག་རྩོམ་གྱིས་ཤན་ཤུགས་ངེས་ཅན་ཞིག་ཐེབས་ཡོད་ངེས། «སྒྲོལ་མ་ཉེར་གཅིག»ནི1997ལོར་པར་སྐྲུན་བྱས་པ་ཡིན་ཞིང་། དེབ་བཞི་སྟོང་དཔར་བ་དེ་ཟླ་གཉིས་ཀྱི་རིང་ལ་བཙོངས་ཚར་བ་སོགས་རྒྱ་ཆེའི་ཀློག་པ་པོའི་ཁས་ལེན་དང་དགའ་བསུ་ཆེན་པོ་ཐོབ། དེབ་དེ་ནི་ང་རང་གིས་མི་ལོ་བཅུ་ལྷག་གི་རྩོམ་རིག་གསར་རྩོམ་གྱི་ལམ་བུ་འཚོལ་ཞིབ་དང་ལག་ལེན་བྱས་པའི་འབྲས་བུ་ཡིན་ཟེར་ནའང་མི་ཆོག་པ་མེད། ང་རང་རྩོམ་རིག་གི་ལས་འདིར་ཞུགས་པའི་གོ་རིམ་རགས་རམ་ཙམ་བཤད་ན་འདི་འདྲ་རེད།
བཅར་འདྲི་མཁན། ཁྱེད་རང་ལ་རྩོམ་པ་པོ་ལས་གཞན་པའི་ཐོབ་ཐང་གལ་ཆེན་ཞིག་ཡོད་པ་ནི་དགེ་རྒན་ཆེན་མོ་རེད། ཁྱེད་རང་ལོ་མང་པོར་དགེ་རྒན་གྱི་ལས་གནས་སུ་ཞུགས་ཤིང་སློབ་བུ་བསྐྱངས་པའི་བརྒྱུད་རིམ་དང་མྱོང་བའི་སྐོར་ནས་སྐད་ཆ་འགའ་བཤད་རོགས་ཞུ།
བཀྲ་བྷ། འབྲིང་རིམ་སློབ་གསོའི་སྐབས་སུ་ངས་དགེ་རྒན་གྱི་ཆེད་ལས་སྦྱངས་པ་ཡིན། ཡིན་ཡང་སློབ་མཐར་ཕྱིན་རྗེས་རང་གི་ཆེད་ལས་དང་འབྲེལ་བ་མེད་པའི་གསར་འགྱུར་ལས་རིགས་སུ་ཞུགས་ནས་མི་ལོ་བཅུ་གཉིས་བསྟིམས། མི་ལོ་བཅུ་གཉིས་ཀྱི་རྗེས་སུ་ཡང་བསྐྱར་མི་ཚེ་ཐོས་པ་ལ་སྐྱེལ་བའི་ཆོད་སེམས་དང་མི་ལུས་དོན་ཡོད་དུ་བྱ་བའི་འདུན་མ་བརྟན་པོ་ཞིག་གི་སྐུལ་སློང་འོག་རང་གི་བྱ་བའི་ལས་གནས་དེ་བསྐྱུར་ནས་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཤེས་རམས་པའི་སློབ་གཉེར་ལ་ཞུགས་པ་ཡིན། 2001ལོར་སློབ་མཐར་ཕྱིན་རྗེས། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་གེ་སར་ཞིབ་འཇུག་ཁང་གིས་ང་ལ་ལས་གནས་ཤིག་འདོན་སྤྲོད་བྱས་ཀྱང་དང་ལེན་མ་བྱས་པར། སྐབས་ཐོག་དེར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་ལ་རྩོམ་རིག་དགེ་རྒན་ཞིག་མཁོ་བའི་དགོས་དབང་དང་། ང་རང་གི་ཆེད་ལས་དང་ལྷག་པར་དུ་མི་ལོ་དུ་མར་གསར་རྩོམ་ལ་ཞུགས་པའི་ཉམས་མྱོང་དང་གྲུབ་འབྲས་སོགས་རེ་བ་དང་འཚམ་པས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྩོམ་རིག་དགེ་རྒན་གྱི་ལས་ཀར་ཞུགས་པ་ཡིན། ལས་ཀར་ཞུགས་རྗེས་སློབ་ཁྲིད་ཀྱི་ཞོར་དུ། རང་གི་སློབ་མ་རྣམས་ལ་དམིགས་ནས་རང་གི་བགྲང་བྱ་དུ་མའི་གསར་རྩོམ་གྱི་ཉམས་མྱོང་དང་། མི་ལོ་བཅུ་གཉིས་ལ་གསར་འགྱུར་ལས་རིགས་སུ་ཞུགས་པའི་བྱ་བའི་གོ་རིམ་ཁྲོད་ཀྱི་ཤེས་བྱ་དག་ཕྱོགས་སྡོམ་གྱི་ཚུལ་དུ«རྩོམ་པ་ལ་འཇུག་པའི་སྒོ»དང«གསར་འགྱུར་རྩོམ་པ་ལ་འཇུག་པའི་སྒོ»ལྟ་བུའི་དངོས་གཞི་སློབ་མའི་བསླབ་དེབ་ཀྱང་བྲིས་ཡོད། ལས་ཀ་འདི་དག་ནི་ང་རང་གི་ལོ་ངོ་དུ་མའི་གསར་རྩོམ་གྱི་ཉམས་མྱོང་དང་། རྩོམ་རིག་གཞུང་ལུགས་ལ་བག་ཆགས་བཞག་པའི་ངལ་བ་དང་འབྲལ་ཐབས་ཡོད་པ་མ་རེད།
2008ལོར་ང་རང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཤེས་རམས་པའི་སློབ་སྟོན་དགེ་རྒན་དུ་བདམས་ཤིང་། 2018ལོར་བོད་ཀྱི་དེང་རབས་རྩོམ་རིག་ཕྱོགས་ཀྱི་འབུམ་རམས་པའི་སློབ་སྟོན་དགེ་རྒན་དུ་བདམས་ཐོན་བྱུང་། ད་ལྟའི་བར་དུ་ཤེས་རམས་པ་དང་འབུམ་རམས་པའི་སློབ་མ་བསྐྱངས་དང་སྐྱོང་མུས་སུ་ཡོད། ང་རང་གིས་ལོ་འདི་འགར་སློབ་མ་བསྐྱངས་པའི་ཉམས་མྱོང་ལྟར་ན་རྩོམ་པ་པོ་ཞིག་གསོ་སྐྱོང་བྱེད་པར་ལྷན་སྐྱེས་ཀྱི་ཤེས་རབ་དང་དགའ་ཕྱོགས་གསལ་ཐག་ཆོད་པ་ཞིག་ཡོད་རྒྱུ་ནི་ཧ་ཅང་འགངས་ཆེན་ཡིན་ལ། སློབ་མ་སྐྱོང་སྟངས་ཀྱི་ཐད་ནས་ཀྱང་སློབ་རིམ་དང་པོ་ནས་བཟུང་ཞིབ་འཇུག་གི་ཁ་ཕྱོགས་ཤིག་གཏན་འཁེལ་བྱེད་དུ་བཅུག་ནས་ལོ་ངོ་གསུམ་པོའི་ནང་དུ་རིམ་བཞིན་ཟབ་ཞུགས་བྱས་ན་ད་གཟོད་གྲུབ་འབྲས་ངེས་ཅན་ཞིག་ལོན་ཐུབ་པར་འདུག དཔེར་ན་ང་རང་གི་སློབ་མ་མཚོ་སྔོན་གྱི་ཚེ་དབང་རྣམ་རྒྱལ་དང་སི་ཁྲོན་གྱི་ཨ་སྐྱབས་དར་རྒྱས་ལྟ་བུར་མཚོན་ན་གསར་རྩོམ་གྱི་ཤེས་ཡོན་ཡག་པོ་ཡོད་པ་རེད། དེ་བས་ངས་ཀྱང་སློབ་ཁྲིད་ཀྱི་བཀོད་སྒྲིག་དང་འགན་ཁུར་ལས་གཞན། ཁོ་གཉིས་ལྟ་བུའི་སློབ་མ་ལ་དམིགས་བསལ་གྱིས་སྒེར་གྱི་དུས་ཚོད་སྤྱད་ནས་གསོ་སྐྱོང་གང་ལེགས་བྱེད་བཞིན་ཡོད།
བཅར་འདྲི་མཁན། ཁྱེད་རང་གིས«སྒྲོལ་མ་ཉེར་གཅིག»དང«འཚུབ་མ་ཁེར་རྐྱང» «སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས» «བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས» «བྱ་ལེན་མ»ཡིས་མཚོན་པའི་རྩོམ་རིག་བརྩམས་ཆོས་མང་པོ་གསར་རྩོམ་བྱས་ཡོད་པར་མ་ཟད། «བོན་གྱི་ལྷ་རབས་ལ་དཔྱད་པ»དང་། «ཁྲི་འདུས་སྲོང་གི་མགུར་གླུ་ལ་དཔྱད་པ» «རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་བ»ཡིས་མཚོན་པའི་རིག་གཞུང་ཆེད་དེབ་པར་སྐྲུན་དང་། རིག་གཞུང་དུས་དེབ་ཁག་ཏུ་དཔྱད་རྩོམ་མང་པོ་སྤེལ་ནས་རིག་གཞུང་ཞིབ་འཇུག་གི་ཕྱོགས་ལའང་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་རེད། དེས་ན་འདིར་ཁྱེད་རང་རིག་གཞུང་ཞིབ་འཇུག་གི་ལས་ཀར་ཞུགས་པའི་སྐོར་ནས་ཁ་བརྡ་ཞིག་བྱེད་རོགས་ཞུ།
བཀྲ་བྷས་བརྩམས་པའི་དཔེ་དེབ་ཁག་ཅིག
བཀྲ་བྷ། ང་རང་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་ལས་ཀར་ཞུགས་པ་ནས་བཟུང་། གཙོ་བོ་བོད་ཀྱི་རྩོམ་རིག་ཐད་ཀྱི་རིག་གཞུང་ཞིབ་འཇུག་ལ་ཤུགས་བསྣན་པ་ཡིན། ངས་སྔོན་ཆད་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་ལས་གཞི་རུ་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལས་གཞི་མེད་པར་དམིགས་ཏེ། སློབ་གྲྭའི་འབྲེལ་ཡོད་སྡེ་ཁག་དང་མགོ་ཁྲིད་ལ་ཡར་ཞུ་དང་རེ་འདུན་ཞུས་པ་བརྒྱུད་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་གི་ལྟེ་གནས་སུ་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལས་གཞི་ཞིག་བཙུགས་པར་མ་ཟད། ད་དུང་བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས་ཞེས་པའི་ལས་གཞི་ཞིག་ཀྱང་ཟུར་དུ་འཛུགས་ཐུབ་པ་བྱུང་ལ། ལས་གཞི་དེ་ལས་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོའི་བརྩམས་ཆོས་གཅེས་བསྡུས་དེབ་ཚོགས་ཀྱི་དེབ་ལྔ་དང་བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས་ཀྱི་ཁག་དང་པོ་དང་གཉིས་པ་བཅས་བསྡོམས་དེབ་བདུན་འགྲེམ་སྤེལ་བྱས་ཟིན།དེ་མིན། ངས་བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་ཁྱབ་ཁོངས་སུ«རང་གྲོལ་ཞིབ་འཇུག»ལྟ་བུ་རེ་འགའ་ལས་རྩོམ་པ་པོ་རེར་དེབ་རེ་བྱས་ཏེ་ཞིབ་འཇུག་བྱས་པ་ཧ་ཅང་ཉུང་ལ། ལྷག་པར་དུ་ད་ལྟ་འཚོ་བཞུགས་བྱས་པའི་རྩོམ་པ་པོ་ལ་ཞིབ་འཇུག་བྱས་པ་ཕལ་ཆེར་མེད་པའི་གནས་ཚུལ་ལ་གཞིགས་ཏེ་རང་གི་སློབ་མ་རྩ་འཛུགས་དང་སྐུལ་སློང་བྱས་ཤིང་། མ་དངུལ་གྱི་མཐུན་རྐྱེན་སྦྱར་ནས་བཙུན་པོ་དོན་འགྲུབ་ཀྱི«ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ»དང་། བན་དེ་མཁར་གྱི«སྐྱབས་ཆེན་བདེ་གྲོལ་ཞིབ་འཇུག» དཔལ་རྩལ་གྱི«འཇུ་སྐལ་བཟང་གི་སྙན་ངག་ལ་དཔྱད་པ»སོགས་དེབ་བཞི་པར་སྐྲུན་བྱས་ཡོད། ངའི་བསམ་པར་ད་ཡོད་བོད་ཀྱི་རྩོམ་རིག་གི་སྡེ་རུ་གྲུབ་འབྲས་ཆེ་བའི་རྩོམ་པ་པོ་དག་ལ་ཞིབ་འཇུག་བྱས་པ་བརྒྱུད། གཅིག་ནས་སོ་སོའི་གསར་རྩོམ་གྱི་ཉམས་མྱོང་རྩོམ་པ་པོ་ལ་ཐད་ཀར་བཅར་འདྲི་བྱས་ཆོག་པ་དང་། གཉིས་ནས་རྩོམ་པ་པོའི་ངལ་རྩོལ་དང་གྲུབ་འབྲས་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པས་སོ་སོའི་མ་འོངས་པའི་གསར་རྩོམ་གྱི་འདུན་པ་དང་མོས་པ་སྐྱེད་སྲིང་བྱེད་ཐུབ་པ། གསུམ་ནས་བོད་ཀྱི་སྤྱི་ཚོགས་ཡོངས་ནས་རྩོམ་པ་པོར་ཁས་ལེན་དང་གདེང་འཇོག་ཐོབ་པ། བཞི་ནས་རྩོམ་པ་པོ་དང་བརྩམས་ཆོས་ཡར་འཐེན་བྱས་པ་བརྒྱུད་ནས་རྩོམ་རིག་གིས་བོད་ཀྱི་སྤྱི་ཚོགས་རིག་གནས་ཁྲོད་ཀྱི་གོ་གནས་ཇེ་མཐོར་གཏོང་བ། ལྔ་ནས་བོད་ལ་མཚོན་ན་རྩོམ་རིག་གསར་རྩོམ་ནི་རྩོམ་རིག་རང་སྟེང་གི་ནུས་པ་ཙམ་མ་ཡིན་པར་སྐད་ཆ་རྒྱུད་འཛིན་དང་ཀློག་པ་པོའི་མིག་མདུན་དུ་རྒྱུན་པར་བོད་ཡིག་མཐོང་རྒྱུ་ཡོད་པར་བྱེད་པ་སོགས་ཀྱི་བྱེད་ནུས་ལ་དམིགས་ནས་བསྒྲུབས་པ་ཞིག་ཡིན།
མཇུག་གི་གཏམ།
རྒན་བཀྲ་བྷས་བོད་ཀྱི་རིག་གཞུང་དང་ཁྱད་པར་དུ་བོད་ཀྱི་དེང་རབས་སྒྲུང་གཏམ་གྱི་འཕེལ་རྒྱས་ཐད་ལ་བཏོན་པའི་ནུས་ཤུགས་དང་གཞན་དྲིང་མི་འཇོག་པའི་གྲུབ་འབྲས་ལ་ཀློག་པ་པོ་དང་རྩོམ་རིག་གསར་རྩོམ་གྱི་སྡེ་རུ་གདེང་འཇོག་མི་དམན་པ་ཐོབ་ཡོད་དེ། སྔ་ཕྱིར་ཁོང་གི་སྒྲུང་འབྲིང«ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ»ཞེས་པར་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི“ན་གཞོན་རྩོམ་རིག་བྱ་དགའ”ཐོབ་པ་དང་། སྒྲུང་འབྲིང«སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས»དང«ནས»ལ་སོ་སོར་སྐབས་གསུམ་པ་དང་བདུན་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”ཐོབ། སྒྲུང་འབྲིང་ཕྱོགས་བསྒྲིགས«འཚུབ་མ་ཁེར་རྐྱང»ལ་སྐབས་བཅུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི“རྟ་མཆོག་བྱ་དགའ”བཅས་ཐོབ། གཞན་ཡང་མི་ལོ་མང་པོར་རྩོམ་རིག་གསར་རྩོམ་དང་རྩོམ་རིག་ཞིབ་འཇུག་ལ་ཞུགས་པའི་ངལ་རྩོལ་གྲུབ་འབྲས་གཞིར་བྱས་ཏེ། སྤྱི་ལོ2013ལོར་པེ་ཅིན་གྲོང་ཁྱེར་གྱི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ་པ་དང་། སྤྱི་ལོ2014ལོར་པའོ་ཀང་ཕུལ་བྱུང་དགེ་རྒན་ལས་ཁྱད་འཕགས་བྱ་དགའི་མིང་འདོན་བྱ་དགའ་སོགས་མཚན་སྙན་དང་གཟེངས་རྟགས་ཀྱང་མི་ཉུང་བ་ཐོབ་མྱོང་།
དེ་ཡང་ཁོང་གིས་སྒྲུང་འབྲིང«ནས»ཀྱི་གསལ་བཤད་དུ“ཨ་མས་ཡོས་སུ་བརྔོས་ནས་རྩམ་པར་འཐག་པའི་ནས་སུ་ཕུལ་བ་ཡིན”ཞེས་གསུངས་པ་ནང་བཞིན། རྒན་བཀྲ་བྷ་ལགས་ཀྱིས་གསལ་བཤད་སུམ་ཅུའི་བཀའ་དྲིན་ནམ་ཡང་སེམས་སུ་བཅངས་ཤིང་སྦྲང་དཀར་རྩམ་པའི་ཟས་རིན་འཇལ་ཕྱིར་དུ་བགྲང་བྱ་དུ་མའི་རིང་ལ་ཕ་མེས་ཡང་མེས་ཀྱིས་ང་ཚོར་བཞག་པའི་རིག་གནས་རྒྱུན་འཛིན་དང་དར་སྤེལ། ལྷག་པར་དུ་བོད་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་དང་ཞིབ་འཇུག གསར་སྐྱེས་རྩོམ་པ་པོའི་དཔུང་སྡེ་སྐྱེད་སྲིང་བྱེད་པ་སོགས་ཀྱི་ཐད་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་ཤུགས་བཏོན་པའི་ངལ་རྩོལ་དང་སྙིང་སྟོབས་ལ་ནམ་ཡང་རྗེས་སུ་ཡི་རངས་དང་གོང་བཀུར་བྱེད་འོས་སོ། །
འབྲེལ་ཡོད་འོས་སྦྱོར།