logo

༄༅། །མི་ལོ་བཅུའི་དུས་དེབ་རྩོམ་སྒྲིག་གི་ལམ་བུ། ཀུན་བཟང་རྣམ་རྒྱལ།

རྩོམ་པ་པོ།:སྟོང་འཁོར་པདྨ་རྒྱལ་མཚན། ཡོང་ཁུངས།:གངས་ལྗོངས་ཉི་གཞོན། དུས་ཚོད།:2026-01-15 ཀློག་གྲངས།:
       བོད་ཀྱི་རྩོམ་རིག་དུས་དེབ«གངས་དཀར་རི་བོ»ཡི་ལག་བསྟར་གཙོ་སྒྲིག་པ་ཀུན་བཟང་རྣམ་རྒྱལ་ནི་ལོ་རབས་བརྒྱད་ཅུ་པའི་མཇུག་ཏུ་བོད་ཀྱི་རིག་གནས་ཀྱི་རྫོང་མཐུག་སའི་ཁམས་སྡེ་དགེ་རྫོགས་ཆེན་དུ་སྐྱེས། སློབ་གྲྭ་ཆུང་འབྲིང་སོགས་རིམ་གྱིས་འགྲིམས་ནས༢༠༠༦ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས་ཤིང་། རྩོམ་རིག་དང་གསོ་བ་རིག་པའི་གནས་ལ་ཆེད་སྦྱོང་བྱས། ཞོར་དུ་ལོ་གསུམ་གྱི་རིང་ལ་སློབ་གྲྭའི་རྒྱང་སྒྲོག་པ་དང་གསོ་རིག་ཆེད་དེབ«གཡུ་ཐོག་འབོད་སྐུལ»གྱི་རྩོམ་སྒྲིག་པའི་འགན་ཁུར་བར་མ་ཟད། སློབ་གླིང་གི་བྱེད་སྒོ་སྣ་ཚོགས་དང་རྩོམ་རིག་འགྲན་སྡུར་ནང་ཞུགས་ནས་ཨང་དང་པོ་དང་གཉིས་པ་སོགས་ཀྱི་གཟིགས་བཟོས་བྱ་དགའ་མང་ཙམ་ཐོབ་པ་སོགས་སློབ་གྲྭ་དེ་གའི་ཕུལ་བྱུང་མཐར་ཕྱིན་སློབ་མའི་གྲས་ཡིན་ལ། སློབ་མཐར་ཕྱིན་རྗེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་སོགས་ནས་དངོས་སྦྱོང་ལེགས་པར་གྲུབ་རྗེས་འབའ་ཐང་རྫོང་སྤོ་བོ་ཡུལ་ཕྱོགས་ཀྱི་འཕྲོད་བསྟེན་ཁང་དུ་ལས་ཀ་གཉེར། ལས་ཞོར་དུ་ལྷོ་ནུབ་མི་རིགས་སློབ་ཆེན་ནས་བོད་སྐད་ཡིག་དང་རྩོམ་རིག་ཆེད་སྦྱོང་བྱས།
བོད་ཀྱི་རྩོམ་རིག་དུས་དེབ«གངས་དཀར་རི་བོ»ཡི་ལག་བསྟར་གཙོ་སྒྲིག་པ་ཀུན་བཟང་རྣམ་རྒྱལ།
       ༢༠༡༤ལོའི་ལོ་མཇུག་ཏུ་དཀར་མཛེས་ཁུལ་གྱི་བོད་ཡིག་དུས་དེབ«གངས་དཀར་རི་བོ»རྩོམ་སྒྲིག་ཁང་དུ་ལས་གནས་སྤར། ༢༠༡༥ལོའི་ཟླ་༣པར་ཁོང་རྩོམ་སྒྲིག་གི་ལག་ལེན་དངོས་ལ་ཞུགས་ནས«གངས་དཀར་རི་བོ»ཡི་རྩོམ་པ་པོ་རྣམས་དང་ཁྱད་པར་དུ་ཁམས་ཕྱོགས་ཀྱི་བོད་ཡིག་རྩོམ་འབྲི་བ་དག་ལ་རྩོམ་རིག་གི་ལམ་ཁ་ཡངས་པོར་ཕྱེ་པ་རེད།
       དུས་དེབ«གངས་དཀར་རི་བོ»ནི༡༩༨༠ལོའི་ཟླ༧པའི་ཚེས༢༦ཉིན་སི་ཁྲོན་ཞིང་ཆེན་གྱི༡༩༨༠ལོའི་ཡིག་ཆ་ཨང༧༠པའི་ནང་ཆོག་མཆན་ཐོབ་པ་ལྟར། བོད་རྒྱ་སྐད་གཉིས་ཀྱི་དུས་དེབ་མཉམ་དུ་བསྒྲུབས་པ་ཡིན་ལ། དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་སྐྱོང་དང་དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་གནང་ཞིང་། «གངས་དཀར་རི་བོ»རྩོམ་སྒྲིག་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་རེད།
       ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་། ང་ཕོད་ངག་དབང་འཇིགས་མེད་རྣམ་གཉིས་ཀྱིས་ལྷན་དུ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐོག་ཏུ་གྲོས་འགོ་བཏོན་ནས«བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། གོང་འཕེལ་བཅས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག»ཅེས་པར་གྲོས་འཆམ་བྱུང་བའི་ལོ་སྟེ། བོད་མེ་ཡོས་ལོ་སྤྱི་ལོ༡༩༨༧ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་དངོས་ནས་དུས་དེབ་ཀྱི་མིང«གངས་དཀར་རི་བོ»ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་ཐམ་ག་དང་བཅས་པ་བསྩལ་བ་ད་ལྟའི་བར་དུ་དུས་དེབ་ཀྱི་ཁ་བྱང་དུ་བཀོལ་སྤྱོད་བྱེད་བཞིན་ཡོད། ༡༩༨༡ལོར་དེབ་དང་པོ་སྟེ་ཚོད་ལྟའི་དེབ་གཅིག་བཏོན་པ་དང་། ༡༩༨༢ལོ་ནས་ལོ་རེར་དེབ་གཉིས་རེ་བཏོན། ༡༩༨༤ལོར་དེབ་བཞི་བཏོན། དེའི་རྗེས་ནས༢༠༡༥ལོའི་བར་ཕལ་ཆེར་ལོ་རེར་དེབ་གཉིས་རེ་བཏོན་ཅིང་། བར་སྐབས་ཤིག་ལ་དེབ་འཕར་མ་ཁ་ཤས་ཀྱང་བཟོས་ལ། ཡང་རྩོམ་སྒྲིག་དང་འགྲོ་གྲོན་སོགས་ཕྱི་ནང་གི་རྐྱེན་མང་པོ་ཞིག་གི་དབང་གིས་ལོ་རེ་གཉིས་དང་འདོན་ཐེངས་ཁ་ཤས་མཚམས་ཆད་པར་བཤད།
༡ དུས་དེབ་འདོན་ཐེངས་དང་ཤོག་ངོས་ཇེ་མང་དུ་བཏང་བ།
       ཀུན་བཟང་རྣམ་རྒྱལ་དངོས་སུ་དུས་དེབ་རྩོམ་སྒྲིག་གི་ལས་ཀར་ཞུགས་པ་ནས་བཟུང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་། «གངས་དཀར་རི་བོ»ཡི་གདན་ཞུའི་རྩོམ་སྒྲིག་པ་རྒན་གངས་དབང་བཀྲ་ཤིས་ལགས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་སྡོང་གྲོགས་དང་དཔུང་རོགས་འོག་འབྲེལ་ཡོད་དབུ་ཁྲིད་དང་ལས་ཁུངས་དག་ལ་སྙན་སེང་རབ་དང་རིམ་པ་ཞུས་ཤིང་། ཐབས་བརྒྱ་ཇུས་སྟོང་གིས་སྔར་ཡོད་ཀྱི་དེབ་གཉིས་ཀྱི་སྟེང་དུ་དེབ་བཞི་བསྣན་ནས་ཟླ་ཟུང་དུས་དེབ་སྟེ། ལོ་རེར་དེབ་དྲུག་རེ་བཏོན་ནས་སྔར་གཏན་ཁེལ་མ་བྱུང་བའི་དུས་དེབ་ཀྱི་གྲངས་ཀ་གཏན་ཁེལ་བྱས་པ་དང་། སྔར་དེབ་རེར་ཤོག་ངོས་དྲུག་ཅུ་རེ་བཞི་ལས་མེད་པ་དེའི་སྟེང་དུ་ཤོག་ངོས་བཅུ་དྲུག་ཁ་སྣོན་བྱས་ཏེ་ཤོག་གྲངས་ཇེ་མང་དང་ཚོན་ལྡན་གྱི་དེབ་ཏུ་བསྒྱུར་ཏེ་པར་སྐྲུན་བྱས་པས་ཕ་སྐད་མ་ཡིག་གི་བརྩམས་ཆོས་དག་ལ་སྒྱུ་རྩལ་གྱི་གར་སྟབས་ངོམ་སའི་སྟེགས་བུ་ཇེ་ལེགས་སུ་བཏང་།
༢ དུས་དེབ་དཔྱད་གླེང་ཚོགས་འདུ་དང་གསར་སྐྱེས་རྩོམ་པ་པོ་གསོ་སྐྱོང་བྱས་པ།
       ༢༠༡༥ལོ་ནས་བཟུང་བོད་ཡིག་དུས་དེབ«གངས་དཀར་རི་བོ»ཡི་དཔྱད་གླེང་ཚོགས་འདུ་དང་གསར་སྐྱེས་རྩོམ་པ་པོ་གསོ་སྦྱོང་ཚོགས་འདུ་སོགས་ལོ་རེ་བཞིན་དུ་སྤེལ་ནས་ད་ལྟའི་བར་དུ་ལོ་བཅུ་འགོར་ཡོད། ལོ་དེ་དག་གི་རིང་ལ་མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོ་རྒན་པ་དང་རྩོམ་རིག་ཆེད་མཁས་པ་སུམ་ཅུ་ལ་ཉེ་བ་ཆེད་དུ་གདན་འདྲེན་ཞུས་ནས་གསར་སྐྱེས་རྩོམ་འབྲི་བ་བརྒྱ་ཕྲག་ལྔ་ལྷག་ལ་གསོ་སྦྱོང་གི་གོ་སྐབས་གནང་བར་མ་ཟད། ༢༠༡༨ལོར་ཁུལ་ཡོངས་ཀྱི་གཞོན་སྐྱེས་རྩོམ་པ་པོ་བཅུ་ལ་ལོ་གཅིག་གི་རིང་གན་རྒྱ་བཞག་ཅིང་། ཆེད་དུ་མཛུབ་སྟོན་དགེ་རྒན་གདན་ཞུ་བྱས་ནས་རྩོམ་འབྲིའི་ནུས་པ་དང་འདུན་པ་སྐྱེད་སྲིང་གནང་བ་སོགས་ས་གནས་ཀྱི་རྩོམ་པ་པོའི་དཔུང་སྡེ་གསར་པ་ཚུགས་ཡོད།
༣ དུས་དེབ་རྙིང་པ་ཁག་འཚོལ་བསྡུ་དང་ཉར་ཚགས་བྱས་པ།
       ཁོང་གིས་སྐྱེས་བུ་དམ་པ་དག་གི་ཤེས་རབ་དང་མཛད་རྗེས། དུས་སྐབས་སོ་སོའི་རྩོམ་སྒྲིག་པ་རྣམ་པས་ཕྱི་ནང་གི་འགལ་རྐྱེན་དུ་མ་ཞིག་ཁྱད་དུ་བསད་ནས་རྩོམ་སྒྲིག་དང་པར་བསྐྲུན་བྱས་པའི«གངས་དཀར་རི་བོ»དེབ་རྙིང་པ་རྣམས་སྡེ་ཁག་སོ་སོ་དང་སློབ་གྲྭ་སོ་སོ། དཔེ་མཛོད་ཁང་སོ་སོ། རྩོམ་པ་པོ་རྒན་པ། གཞན་ཡང་འབྲེལ་ཡོད་དུད་ཚང་རེ་རེ་བཞིན་དུ་འཚོལ་བསྡུ་བྱས་ཏེ་ལོ་རེའི་དུས་དེབ་རྣམས་ཕྱོགས་བསྒྲིགས་དང་གློག་རྡུལ་གྱི་ཡིག་ཆ་བཟོས་ནས་ཉར་ཚགས་བདེ་ཞིང་ཀློག་པ་པོའི་འདོད་བློ་བསྐངས་ཐུབ་པར་བྱས།
༤ དུས་དེབ་ཀློག་པ་པོའི་ལག་ཏུ་སྒོ་སྐྱེལ་བྱས་པ།
       ད་དུང་སི་ཁྲོན་མི་རིགས་སློབ་གླིང་དང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སོགས་གཙོས་དཀར་མཛེས་ཁུལ་གྱི་རྫོང་ཁག་སོ་སོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ«གངས་དཀར་རི་བོ»དུས་དེབ་སློབ་གླིང་དུ་སྐྱོད་པའི་བྱེད་སྒོ་སྤེལ་ནས་སློབ་མ་ཚོར་བོད་ཡིག་གི་རྩོམ་རིག་འབྲི་ཀློག་ལ་སྐུལ་སློང་དང«གངས་དཀར་རི་བོ»དུས་དེབ་དཔེ་མཛོད་ཁང་དུ་ཉར་བ་ཁོ་ན་ཙམ་མ་ཡིན་པར་ཀློག་པ་པོའི་ལག་ཏུ་དུས་དེབ་སྒོ་སྐྱེལ་གྱི་ཚུལ་དུ་ཕུལ་བ་སོགས་དུས་དེབ་དང་ཀློག་པ་པོའི་བར་ལ་ཟམ་པ་ལྟ་བུའི་མཐུན་རྐྱེན་བསྐྲུན་པས། ད་ལྟའི་ཆར་ཁུལ་ཡོངས་ནས་རྩོམ་རིག་ལ་དགའ་མོས་ཅན་གྱི་གཞོན་སྐྱེས་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད།
       དེ་བཞིན་དུ་ལོ་ངོ་འདི་དག་གི་རིང་ལ་ཁོང་གིས་དུས་དེབ་རྩོམ་སྒྲིག་གི་ལས་ཀ་འདི་དཀྱིལ་སྙིང་དང་སྲོག་ཤིང་གི་ཚུལ་དུ་བཟུང་ནས«གངས་དཀར་རི་བོ»དུས་དེབ་རྩོམ་སྒྲིག་ཁང་གི་སྔར་གྱི་ཁྱད་ཆོས་སོར་འཇོག་དང་དུས་རབས་ཀྱི་དགོས་མཁོ་གསར་སྣོན་བཅས་ལ་སྔར་ན་མེད་པའི་ཐོད་བརྒལ་ཆེན་པོས«གངས་དཀར་རི་བོ»ཡི་ཕྱི་ནང་གསང་གསུམ་ལ་གསོན་ཤུགས་དང་འབྲས་བཟང་སྨིན་པར་བྱས།
༥ ཁམས་ཁུལ་གྱི་རྩོམ་པ་པོའི་དེབ་ཕྲེང་རྩོམ་སྒྲིག་བྱས་པ།
       ༢༠༡༥ནས་ད་ལྟའི་བར་དུ«ཁམས་ཁུལ་གྱི་རྩོམ་པ་པོའི་བརྩམས་ཆོས་གཅེས་བཏུས»དང་། ཕྱི་རྒྱལ་གྱི་རྩོམ་པ་པོ་གྲགས་ཅན་གྱི་སྒྲུང་ཐུང་བདམས་བསྒྱུར་བྱས་པའི«ཕ་རོལ་གྱི་ལྟད་མོ»དཔར་སྐྲུན་འགྲེམ་སྤེལ་བྱས་ཟིན་ལ། «ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས»གསར་དུ་བཏོད་དེ་ད་སྔར་དེབ་བཅུ་གསུམ་དཔར་སྐྲུན་བྱས་པར་མ་ཟད། ད་དུང་ཡང་དཔེ་ཚོགས་འདི་ཉིད་ཀྱི་རྩོམ་སྒྲིག་དང་པར་སྐྲུན་མཐུན་རྐྱེན་གནང་བའི་ལས་རྒྱུན་བསྐྱངས་དང་སྐྱོང་བཞིན་ཡོད།
༦ གསར་རྩོམ་གྱི་ལམ་བུ།
       ཀུན་བཟང་རྣམ་རྒྱལ་ནི་སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དཀར་མཛེས་ཁུལ་ལོ་ཙཱ་བ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དུས་དེབ«གངས་དཀར་རི་བོ»ཡི་གཙོ་སྒྲིག་པ་གཞོན་པ་དང་བོད་ཡིག་དཔར་མའི་ལག་བསྟར་གཙོ་སྒྲིག་པ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས«མི་རིགས་ཀྱི་རྩོམ་རིག»དཀར་མཛེས་ཁུལ་གསར་རྩོམ་དཔེ་ཀློག་ལྟེ་གནས་ཀྱི་འགན་ཁུར་པ་སོགས་ཀྱི་འགན་ཁུར་ཡོད།
       ༢༠༢༡ལོ་ནས༢༠༢༣ལོའི་བར་སྡེ་དགེ་རྫོང་རྫོགས་ཆེན་ཡུལ་ཚོ་དགོན་འདབས་གྲོང་གི་གྲོང་སྡོད་ལས་བྱེད་པའི་འགན་ཁུར་སྐབས་རྫོགས་ཆེན་རྩོམ་པ་པོ་མཐུན་ཚོགས་དང་རྫོགས་ཆེན་གེ་སར་ཟློས་གར་ཚོགས་པ་སོགས་གསར་དུ་བཙུགས།  
       སྔ་གཞུག་ཏུ«མི་རིགས་ཀྱི་རྩོམ་རིག»བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་བའི་གསོ་སྦྱོང་ཚོགས་འདུ་དང་། «བྱིས་པའི་ཀློག་དེབ་ཐ་སྙད་དཔྱད་གླེང»ཚོགས་འདུ་སོགས་སུ་ཞུགས་ནས་རང་གི་ཆེད་ལས་ཀྱི་ཆུ་ཚད་མཐོར་འདེགས་དང་མི་ལོ་དུ་མར་རྩོམ་ལུས་སྣ་ཚོགས་རྩོམ་སྒྲིག་བྱས་པའི་ཉམས་མྱོང་བརྗེ་རེས་བྱས།
       གཞན་ཡང་རྩོམ་སྒྲིག་གི་བྱ་བའི་ཞོར་དུ་འབད་པ་ཆེན་པོས་རྒྱལ་ཕྱི་ནང་གི་རྩོམ་རིག་གཞུང་ལུགས་ལ་བློ་སྦྱོང་དང་བརྩམས་ཆོས་ལ་དཔེ་ཀློག་ནན་ཏན་བྱས་པར་མ་ཟད། རྩོམ་རིག་གསར་རྩོམ་དང་ལོ་ཙཱ་ཡི་ལས་ལ་ཞུགས་ནས་རྒྱ་བོད་སྐད་གཉིས་ཀྱི་བརྩམས་ཆོས་མི་ཉུང་བ་ཞིག«གངས་ལྗོངས་ཉི་གཞོན»དང«གངས་རྒྱན་མེ་ཏོག» «ཟླ་ཟེར» «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ» «མི་རིགས» «མི་རིགས་ཀྱི་རྩོམ་རིག» «ཤྭ་སྐྱ»སོགས་སུ་བཀོད་ཡོད།  
       དེ་བཞིན་དུ་རྩོམ་རིག་དང་འབྲེལ་བའི་བྱ་བ་ཆེ་མ་ཆུང་གསུམ་ལ་ཞུགས་པས༢༠༡༨ལོ་དང་༢༠༡༠ལོའི་བར་དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི“ཕུལ་བྱུང་རིག་རྩལ་རོགས་སྐྱོར་ལས་དོན་མི་སྣ”ཡི་བྱ་དགའ་དང་། ༢༠༡༨ལོར་དཀར་མཛེས་ཁུལ«ཁམས་པའི་དཔེ་ཀློག»ཅེས་པའི་གྱེར་འདོན་འགྲན་སྡུར་ཁྲོད་ཨང་དང་པོའི་བྱ་དགའ། ༢༠༡༠ལོར་སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་རྩོམ་རིག་དབུལ་སྐྱོར“ཁྲི་སྟོང་བརྒྱ་བཅུ”ཞེས་པའི་བྱེད་སྒོའི་ཁྲོད་དུ་ཕུལ་བྱུང་བྱ་དགའ། ༢༠༢༡ལོར་དཀར་མཛེས་ཁུལ་གྱི«བརྩམས་ཆོས་དང་མི་སྣ་འཇོན་ཐང་ཅན»ཞེས་པའི་ཕུལ་བྱུང་ལས་འཛིན་པའི་བྱ་དགའ། ༢༠༢༣ལོར་ཁུལ་ཡོངས་ཀྱི་ཆེས་ཕུལ་བྱུང་གི་གྲོང་སྡོད་ལས་བྱེད་པ་ཞེས་པའི་མཚན་སྙན་གཟེངས་བསྟོད་སོགས་རྒྱུ་ལ་འབྲས་བུའི་ཚུལ་དུ་སྨིན།
       མདོར་ན། ཀུན་བཟང་རྣམ་རྒྱལ་གྱིས་མི་ལོ་བཅུའི་རིང་རང་འཁྲིས་ཀྱི་སྒེར་དོན་མང་པོ་ཞིག་ཀྱང་ཆེ་བཞག་ཆུང་བསྐྱུར་བྱས་ཏེ། འབད་པ་ཆེན་པོས་ཁམས་ཕྱོགས་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་དང་དུས་རབས་གསར་པའི་རྩོམ་པ་པོའི་དཔུང་སྡེ་གསར་འཛུགས་དང་འཕེལ་རྒྱས་ལ་སྔར་མེད་ཀྱི་བྱས་རྗེས་ཆེན་པོ་བཞག་ཡོད་ལ། ཁྱད་པར་དུ་དུས་དེབ«གངས་དཀར་རི་བོ»ཡི་འདས་པའི་ལོ་རྒྱུས་ལ་རྒྱབ་རྟེན་བཅོལ་ཞིང་། ད་ལྟའི་གནས་བབ་ལ་སྐུལ་འདེད་བཏང་སྟེ། མ་འོངས་པའི་འཕེལ་རྒྱས་ལ་མདུན་ལམ་གསར་པ་བཏོད་དེ། བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་རྡོ་རིང་བླ་ན་མེད་པ་ཞིག་བསླངས་དང་སློང་མུས་ཡོད་པ་གདོན་མི་ཟའོ། །
འབྲེལ་ཡོད་འོས་སྦྱོར།