logo

སྐལ་བཟང་བྱམས་བརྩེའི་ཞལ་འདེབས་ཕུལ་བའི་མཛད་སྒོ་སྤེལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་སྨྱན་གསར། དུས་ཚོད།:2019-10-14 ཀློག་གྲངས།:

     ཉེ་སྔོན། སྐལ་བཟང་བྱམས་བརྩེའི་ཐེབས་རྩ་ལྷན་ཚོགས་ཀྱིས་སློབ་གསོའི་བྱམས་བརྩེའི་ཞལ་འདེབས་ཕུལ་བའི་མཛད་སྒོ་དེ་བྲག་དཀར་རྫོང་ཅིན་ཏའོ་ཞིང་ཁྱིམ་གླིང་ནས་གཟབ་རྒྱས་ངང་སྤེལ་ཞིང་། རྫོང་སློབ་གསོ་ཅུས་ཀྱི་སྔོན་འགྲོའི་སློབ་གསོའི་གཞུང་ལས་ཁང་དང་། རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་། རྫོང་སྲིད་གཞུང་ཉི་ཟེར་སྲིད་དོན་གཞུང་ལས་ཁང་བཅས་ཀྱི་འབྲེལ་ཡོད་མི་སྣ་དང་། རྫོང་ཡོངས་ཀྱི་སྔོན་འགྲོའི་སློབ་གསོའི་དགེ་བཟོ་པ་བཅས་བསྡོམས་པས་མི460ལྷག་མཛད་སྒོར་ཞུགས། མཛད་སྒོའི་སྟེང་སྔོན་འགྲོའི་སློབ་གསོའི་གཞུང་ལས་ཁང་གི་ཀྲུའུ་རིན་རྡོ་རྗེ་ལྷུན་གྲུབ་ཀྱིས་མགོ་འཛིན་བྱས།

     ཞལ་འདེབས་ཕུལ་བའི་མཛད་སྒོའི་སྟེང་། བྲག་དཀར་རྫོང་རྨ་ཆུའི་མགོ་ཁུངས་ཀྱི་དབྱར་རྩྭ་དགུན་འབུ་སྔོག་འདོན་ཚད་ཡོད་ཀུང་ཟི་ཡིས་བྲག་དཀར་རྫོང་གི་སྔོན་འགྲོའི་སློབ་གསོའི་ལས་དོན་ཐད་གྲུབ་འབྲས་མངོན་གསལ་བླངས་པའི་སྔོན་ཐོན་སྡེ་ཁག1དང་། སྔོན་ཐོན་སློབ་གསོ་ལས་སྒྲུབ་མི་སྣ6། ཕུལ་བྱུང་སློབ་གསོའི་ཀྲུའུ་རིན་དང་སློབ་གཙོ17། ཕུལ་བྱུང་དགེ་རྒན12། ཕུལ་བྱུང་མཁོ་སྒྲུབ་ལས་དོན་མི་སྣ20། སློབ་ཁྲིད་ཐབས་མཁས་མི་སྣ33བཅས་ལ་རིན་སྒོར་ཁྲི10ལྷག་གི་རོགས་སྐྱོར་བྱ་དགའ་གནང་པར་མ་ཟད། རྫོང་ཡོངས་ཀྱི་སྔོན་འགྲོའི་སློབ་གསོའི་ལས་རྐང་ན་ཡོད་པའི་དགེ་བཟོ་པ456ལ་ལེགས་སྐྱེས་བྱིན།

     སྐལ་བཟང་ཐུབ་བསྟན་ལ་མཚོན་ན། ཁོས་རང་གི་བློ་གྲོས་དང་རྣམ་དཔྱོད་ལ་བརྟེན་ནས་ལོ་ངོ་མང་པོའི་རིང་ལ་ཚོང་ལས་ཀྱི་ལམ་ཁར་ཞུགས་ཏེ། དཀའ་སྤྱད་སྡུག་རུས་ཀྱི་རྔུལ་ཆུ་མང་དུ་བསགས་ནས། མི་ཚེ་ཧྲིལ་བོར་གཞན་དོན་རྐྱང་རྐྱང་ལ་ཤ་འབད་རུས་འབད་བྱས། ཁོས་ད་ལྟའི་བར་དུ་བྲག་དཀར་རྫོང་གི་མང་ཚོགས་དང་སློབ་གསོའི་གནས་བབ། མི་རིགས་སློབ་གསོའི་བྱ་གཞག་གི་ལས་དོན་ལ་རོགས་སྐྱོར་གང་མང་བྱས།

     སྐལ་བཟང་ཐུབ་བསྟན་གྱིས་སྤྱི་ལོ2001ལོ་ནས་བཟུང་གཞན་ཕན་གྱི་སེམས་པ་དཀར་པོ་ཐོད་ལ་བཅངས་ནས་མི་དམངས་མང་ཚོགས་ལ་དམིགས་ཏེ་རོགས་སྐྱོར་གྱི་ལས་ཀ་བྱེད་འགོ་ཚུགས་པ་ནས་བཟུང་། ཁོས་ལོ་མང་པོའི་རིང་ལ་དབྱར་རྩྭ་དགུན་འབུའི་རྩྭ་ས་ཉོས་ནས་ལོ་རེ་བཞིན་དཀའ་ངལ་ཡོད་པའི་ཁྱིམ་ཚང་གང་མང་ཞིག་ལ་རིན་མ་བླངས་པར་དབྱར་རྩྭ་དགུན་འབུ་བརྐོ་རུ་བཅུག་ནས་ཁོ་ཚོའི་དཔལ་འབྱོར་གྱི་ཡོང་འབབ་ཇེ་མང་དུ་འགྲོ་བའི་ཐད་ལ་ནུས་པ་གང་མང་བཏོན།

     སྐལ་བཟང་ཐུབ་བསྟན་གྱིས2013ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཉི་འོད་ནུས་པའི་གློག་འདོན་ཚད་ཡོད་ཀུང་ཟི་བཙུགས་ཏེ། གུང་ཧོ་རྫོང་དང་བྲག་དཀར་རྫོང་གི་དབུལ་ཕོངས་ཁྱིམ་ཚང་ལ་ཁ་གཏད་དེ་ལས་བཟོ་པ200ལྷག་ལ་དམངས་སྒོར་ཁྲི420ལྷག་བྱིན་ནས་ཁོ་ཚོའི་ཡོང་འབབ་ཇེ་མང་དུ་བཏང་། དེ་མིན། སྐལ་བཟང་ཐུབ་བསྟན་གྱིས་བྲག་དཀར་རྫོང་གི་དབུལ་ཕོངས་ཁྱིམ་ཚང་ལ་ཁང་བ་ལས་པ་དང་འཚོ་བའི་ཁ་སྣོན་སོགས་ཀྱི་ཐད་ལ་རོགས་སྐྱོར་གང་མང་བྱས།

    སྐལ་བཟང་ཐུབ་བསྟན་གྱིས་དུས་ནམ་ཡིན་ཡང་ས་གནས་ཀྱི་སློབ་གསོ་དཀྱིལ་སྙིང་དུ་བཟུང་ནས། གཞན་ཕན་གྱི་ལྷག་བསམ་ནམ་ཡང་ལྷོད་མ་མྱོང་སྟེ། སྤྱི་ལོ2010ལོའི་ནས2017ལོའི་བར་བྲག་དཀར་རྫོང་གི་སློབ་གསོའི་ཐད་ལ་ལོ་རེར་དམངས་སྒོར་ཁྲི10ཡིས་རོགས་སྐྱོར་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པ་དེ། དུས་ད་ལྟའི་བར་དུ་རྒྱུན་ཆད་མྱོང་མེད། ཁོས་རང་ས་གནས་ཀྱི་སློབ་ཆེན་སློབ་མ་མང་པོ་ལའང་སློབ་སྦྱོང་གི་མཐུན་རྐྱེན་གང་ལེགས་བསྐྲུན།

     2018ལོ་ནས་བཟུང་བྲག་དཀར་རྫོང་གི་སྔོན་འགྲོའི་སློབ་གསོར་དམིགས་ཏེ། ཤང་དང་གྲོང་རྡལ་བདུན་གྱི་བཅའ་སྡོད་སློབ་ཆུང་དང་སྡེ་བ་སོ་སོའི་བྱིས་སྐྱོང་ཁང་གི་དགེ་བཟོ་པ་དང་བྱིས་པ3000ལྷག་ལ་སློབ་ལྭ་ཆ་ཚང་ཉོས་པ་དང་། སྐལ་བཟང་ཐུབ་བསྟན་གྱིས2001ནས་ད་ལོའི་བར་སྔ་གཞུག་ཏུ་བསྡོམས་པས་དམངས་སྒོར་ཁྲི640ལྷག་གིས་རོགས་སྐྱོར་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།