གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་སློབ་སྒྲུབ་རོགས་སྐྱོར་མ་དངུལ་འགྲེམ་གཏོང་གི་བྱེད་སྒོ་སྤེལ་བ།
སློབ་གསོའི་ལས་དོན་ལ་ཤུགས་སྣོན་དང་སློབ་གསོའི་དམིགས་འདུན་ལེགས་འགྲུབ་བྱས་ཏེ་ཏང་གི་མི་རིགས་སློབ་གསོའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱ་རྒྱུ་ནི་རྒྱལ་ཁབ་དང་སྤྱི་ཚོགས། ཁྱིམ་བདག་དང་སློབ་གྲྭ་བཅས་ཀྱི་ཐུན་མོང་གི་འོས་འགན་བླ་ན་མེད་པ་ཞིག་ཡིན་པས། ང་ཚོ་སློབ་གསོའི་ལས་དོན་གྱི་བྱ་བ་གཉེར་མཁན་དག་གིས་རང་ནུས་གང་ཡོད་སྒོས་སློབ་གསོ་ཡར་རྒྱས་དང་སློབ་གསོའི་དམིགས་འདུན་ལེགས་འགྲུབ་བྱེད་དགོས་པ་མ་ཟད། མི་རིགས་སློབ་གསོའི་བྱ་གཞག་སྔར་ལས་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བའི་ཕྱོགས་ལ་འབད་བརྩོན་བྱེད་དགོས་ལ་ལྷག་པར་དུ་མི་རིགས་ས་ཁུལ་གྱི་སློབ་གསོའི་ཁ་ཕྱོགས་ལ་བསྒྱུར་བཅོས་དང་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་སུ་བཏང་སྟེ་སྤྱི་ཚོགས་དང་མང་ཚོགས་ཀྱིས་ཁས་འཆེ་བྱེད་པའི་སློབ་གསོ་ཞིག་སྒྲུབ་ཐུབ་པའི་ཐད་ལ་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད་དགོས་པ་རེད།
སྤྱི་ཟླ10བའི་ཚེས31ཉིན་གྱི་སྔ་དྲོའི་དུས་ཚོད10:00སྟེང་། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་སློབ་སྒྲུབ་རོགས་སྐྱོར་མ་དངུལ་འགྲེམ་གཏོང་མཛད་སྒོ་དེ་སློབ་གྲྭའི་འཆད་ཁྲིད་མུན་སེལ་གླིང་དུ་གཟབ་རྒྱས་ངང་ཚོགས་མགོ་ཚུགས་ཤིང་། གསེར་ཆེན་རྫོང་ཡུས་ལུང་ཚད་ཡོད་ཀུང་ཟིའི་འགོ་ཁྲིད་ཀྲང་ཧྭེ་ཡོན་དང་མཚོ་སྔོན་གོ་ཧྭན་ཚད་ཡོད་ཀུང་ཟིའི་འགོ་ཁྲིད་བང་པོ། མཚོ་སྔོན་ཁུག་ལན་འཛུགས་སྐྲུན་ཚད་ཡོད་ཀུང་ཟིའི་འགོ་ཁྲིད་ཙན་ཆན། གསེར་ཆེན་རྫོང་སློབ་གསོ་ཅུའུ་ཅུའུ་ཀྲང་ལིག་ཏ་ཆིན་སོགས་དུས་ལྟར་ཚོགས་འདུར་ཞུགས་པ་མ་ཟད། སློབ་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་གྱིས་ཐེངས་འདིའི་སློབ་སྒྲུབ་རོགས་སྐྱོར་མ་དངུལ་འགྲེམ་གཏོང་མཛད་སྒོའི་ཚོགས་འདུ་ལ་མདོ་འཛིན་མཛད།
ཚོགས་འདུ་ལས་ཤེས་གསལ་ལྟར། མི་རིགས་སློབ་གསོའི་བྱ་གཞག་ལ་མཐོང་ཆེན་དང་མི་རིགས་སློབ་གསོའི་འོས་འགན་ལེགས་འགྲུབ་ཡོངས་པ། སྒོས་སུ་ཏང་གི་མི་རིགས་སློབ་གསོའི་ལས་དོན་རྒྱུན་འཁྱོངས་བྱ་ཆེད་གསེར་ཆེན་རྫོང་ཡུས་ལུང་ཚད་ཡོད་འགན་ལེན་ཀུང་ཟིས་དམངས་སྒོར་ཁྲི50000དང་། མཚོ་སྔོན་གོ་ཧྭན་ཚད་ཡོད་ཀུང་ཟིས་དམངས་སྒོར30000། མཚོ་སྔོན་ཁུག་ལན་ཚད་ཡོད་ཀུང་ཟིས་དམངས་སྒོར20000བཅས་བསྡོམས་པའི་དམངས་སྒོར་ཁྲི10ཡིས་སློབ་སྒྲུབ་རོགས་སྐྱོར་གྱི་ཞལ་འདེབས་ཕུལ་ཏེ། ཡུལ་དངོས་གནས་སློབ་གཙོ་ཚེ་གཟུངས་ཀྱིས2018ལོའི་འབྲིང་རྒྱུགས་ཁྲོད་རྒྱུགས་འབྲས་ལེགས་པོའི་དགེ་རྒན་དག་ཀྲུའུ་ཞིའི་སྟེགས་བུར་གདན་འདྲེན་བྱས་ཏེ་དགེ་རྒན་གུ་རུ་རྡོ་རྗེ་དང་། གཅོད་པ་སྐྱིད། ཀླུ་འབུམ། གཅོད་པ་མཚོ་སོགས་དགེ་རྒན93དང་འཛིན་གྲྭ6ལ་བྱ་དགའ་གནང་སྟེ་རྗེས་ཕྱོགས་ཀྱི་སློབ་གསོའི་བྱ་བའི་ཁྲོད་ནས་སྔར་ལས་ལྷག་པའི་སྒོ་ནས་འབད་པ་རྒྱུན་འཁྱོངས་དང་མི་རིགས་སློབ་གསོའི་ལས་དོན་གྱི་འོས་འགན་ལེགས་འགྲུབ་བྱེད་དགོས་པའི་སྐུལ་ལྕག་གནང་།
སློབ་གྲྭའི་སློབ་གཙོ་བསྟན་པས་བསྟན་དོན། ཐེངས་འདིའི་སློབ་སྒྲུབ་རོགས་སྐྱོར་ལ་མ་དངུལ་གྱི་ཞལ་འདེབས་ཕུལ་བའི་ཀུང་ཟི་དག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་ཏུ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་འདི་དུས་ནམ་ཞིག་ལ་བཙུགས་པ་དང་། མིག་སྔར་སློབ་གྲྭར་དགེ་བཟོ་བ་དང་སློབ་མ་ཅི་ཙམ་ཡོད་པ། སློབ་མའི་ཐོན་ཁུངས་ནི་རང་རྫོང་གི་ཤང་དང་གྲོང་བརྡལ་གང་དག་ཡིན་པ་སོགས་ངོ་སྤྲོད་བྱས་ཏེ་སློབ་ལོ་རན་པའི་བྱིས་པ་དག་ཆད་ལྷག་མེད་པའི་སྒོ་ནས་སློབ་གྲྭར་ཞུགས་སུ་བཅུག་སྟེ་ཏང་གི་མི་རིགས་སློབ་གསོའི་འོས་འགན་ལེགས་འགྲུབ་དང་མི་རིགས་ས་ཁུལ་གྱི་སློབ་གསོའི་དམིགས་འབེན་བརྩོན་ལེན་བྱེད་པའི་ཆ་ལ་སྔ་ན་མེད་པའི་ནུས་པ་གང་ཡོད་འདོན་དགོས་ལ། ལྷག་པར་དུ་སྤྱི་ཚོགས་དང་ཁྱིམ་བདག་གིས་ཁས་ལེན་བྱེད་པའི་སློབ་གསོ་སྤེལ་དགོས་པ་དང་། ཕྱོགས་ཡོངས་ནས་སློབ་གསོ་གཞི་རྩ་འཛིན་པའི་ཡང་དག་གི་ལྟ་བ་གཞིར་བཟུང་སྟེ་མི་རིགས་སློབ་གྲྭའི་མ་འོངས་པའི་རེ་འདུན་དང་མི་རིགས་སློབ་གསོའི་འབྱུང་འགྱུར་གྱི་དམིགས་འབེན་ལེགས་འགྲུབ་སྒོས་ཏང་དང་རྒྱལ་ཁབ་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་བ་དང་། བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་ཆུད་ཟོས་སུ་མི་གཏོང་བའི་ཆེད་དུ་སློབ་གྲྭའི་དགེ་བཟོ་བ་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་ནུས་པ་གང་ཡོད་ཀྱིས་མི་རིགས་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་དགོས་པའི་རེ་བ་བཏོན།
སློབ་གཙོ་བསྟན་པས་ནན་གྱིས་བསྟན་དོན། ཐེངས་འདིའི་སློབ་སྒྲུབ་རོགས་སྐྱོར་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཀུང་ཟི་དང་འགོ་ཁྲིད་དག་ལ་བསྟེན་ནས་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་མ་འོངས་པའི་མདུན་ལྗོངས་ནི་མཛེས་ཤིང་སྡུག་ལ་སློབ་གསོའི་འོས་འགན་ལེགས་འགྲུབ་བྱེད་པའི་ཆ་ལ་སྔར་མེད་ཀྱི་སྤྲོ་སྣང་དང་སྤོབས་སེམས་ཀྱིས་ཁེངས་ཡོད་ལ། ཏང་གི་མི་རིགས་སློབ་གསོའི་བྱ་གཞག་སྔར་ལས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་གསལ་བོ་ཞིག་བསྟན་ཡོད་པས་རང་སློབ་གྲྭའི་དགེ་བཟོ་བ་ཡོངས་ཀྱིས་གོང་རིམ་གྱི་མཛུབ་སྟོན་ལྟར་མི་རིགས་སློབ་གསོའི་ལས་དོན་འཕེལ་རྒྱས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།
མཇུག་མཐར། སློབ་གཙོ་བསྟན་པས་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་བཟོ་བ་ཡོངས་ཀྱི་ཚབ་བྱས་ཏེ། གསེར་ཆེན་རྫོང་ཡུས་ལུང་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་གོ་ཧྭན་ཚད་ཡོད་ཀུང་ཟི། མཚོ་སྔོན་ཁུག་ལན་འཛུགས་སྐྲུན་ཚད་ཡོད་ཀུང་ཟི་བཅས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་ཏེ་ཐེངས་འདིའི་སློབ་སྒྲུབ་རོགས་སྐྱོར་མ་དངུལ་འགྲེམ་གཏོང་གི་མཛད་སྒོའི་ཚོགས་འདུ་བདེ་ལེགས་ངང་མཇུག་རྫོགས།