logo

བྱམས་སེམས་དང་རོགས་སྐྱོར་གྱིས་ཚེ་སྲོག་བསྐྱབས་པ།

རྩོམ་པ་པོ།:དོན་གྲུབ་ཚེ་རིང་དང་རྣལ་འབྱོར་ར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-04-25 ཀློག་གྲངས།:
     ཉེ་ཆར། མཚོ་ནུབ་ཁུལ་མི་དམངས་སྨན་ཁང་གིས་བྱམས་སེམས་དང་རོགས་སྐྱོར་གྱི་ཕྱག་ཟུང་བསྐྱངས་ནས་གསུམ་མེད་ནད་པ་ཞིག་འཕྲལ་མར་མྱུར་སྐྱོབ་བྱས་ནས་ཚེ་སྲོག་ནི་བླ་མེད་ཡིན་པ་དང་སྨན་པའི་བྱམས་སེམས་མངོན་པར་མཚོན་པར་བྱས།
     ཟླ4བའི་ཚེས7ཉིན་གྱི་ཆུ་ཚོད13:06གི་སྟེང་། མཚོ་ནུབ་ཁུལ་མི་དམངས་སྨན་ཁང་གིས་མྱུར་སྐྱོབ་ཁ་པར་ཞིག་དང་ལེན་བྱས་པ་དང་། ཧྲང་ཧེ་ནས་ལྷ་སར་བསྐྱོད་པའིz164མེ་འཁོར་ནང་དུ། བོད་རིགས་འགྲུལ་བ་ཞིག་གློ་བུར་དུ་མགོ་ཡོམ་འཁོར་ནས་ས་རུ་འགྱེལ་བས་ཚེ་སྲོག་ལ་ཉེན་ཁ་བྱུང་བའི་གནས་ཚུལ་ཐོས་པས། མཚོ་ནུབ་ཁུལ་མི་དམངས་སྨན་ཁང་གིས་གཏེར་ལེན་ཁའི་མེ་འཁོར་ས་ཚིགས་ལ་སྨན་བཅོས་མྱུར་སྐྱོབ་རླངས་འཁོར་མངགས་ཏེ་དུས་ཐོག་ཏུ་ནད་པ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས།
     མཚོ་ནུབ་ཁུལ་མི་དམངས་སྨན་ཁང་གི་རམ་འབྱམས་སྨན་པ། ལིས་ཡོང་ཀོས་ཀྱིས་བཤད་རྒྱུར། ནད་པ་སྨན་ཁང་དུ་བསྐྱལ་ནས་ཐོན་དུས་གནས་ཚུལ་ཧ་ཅང་ཛ་དྲག་རེད། སྐབས་དེར་ནད་པའི་ངོ་གདོང་ཡོངས་སྔོན་པོ་གྱུར་ཡོད་པ་དང་། འདུ་ཤེས་ཀྱང་མི་གསལ་བར་གྱུར་ཡོད་ཀི ང་ཚོས་དེ་མ་ཐག་ཏུ་སྨན་བཅོས་མྱུར་སྐྱོབ་བྱས་པ་ཡིན་ལ། ཆུ་ཚོད་གཅིག་ལྷག་འགོར་རྗེས། ནད་པའི་རིག་པ་ཇེ་གསལ་དུ་བུད་ཐལ་ཟེར།
     རྒྱུས་ལོན་བྱས་པ་ལྟར་ན། ནད་པ་དེ་ནི་གསུམ་མེད་ནད་པ་ཞིག་ཡིན་ལ། མངལ་སྐེའི་འབྲས་སྐྲན་ཕོག་ཡོད་པར་ཟད། འབྲས་ཕྲ་ཕུང་གི་ཁྱབ་རྒྱ་རང་བཞིན་གྱི་སྤོ་སྒྱུར་བྱུང་ཡོད་ལ། ནང་ལོག་ནས་མཐོ་སྒང་དུ་ཡོང་བའི་ལམ་བར་དུ་མཚོ་ངོས་ལས་སྨི་ཇེ་མཐོར་སོང་བ་དང་བསྟུན་ནས་དབྱང་དམའི་ཁྲག་ནད་བྱུང་བས་ཚེ་སྲོག་ལ་ཉེན་ཁ་བྱུང་བ་རེད། ནད་པ་སྨན་ཁང་དུ་འདུག་དུས། ལག་ཏུ་དངུལ་སྐར་གང་ཡང་མེད་པར་མ་ཟད། སྐད་བརྡ་མི་འཕྲོད་པ་སོགས་ཀྱིས་མྱུར་སྐྱོབ་བྱ་བར་དཀའ་ཁག་མང་པོར་འཕྲད་ཐལ། དེའི་རྐྱེན་གྱིས་སྨན་ཁང་གིས་བྱམས་བརྩེ་དང་རོགས་སྐྱོར་བྱེད་རྒྱུ་ཐག་བཅད་ནས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་སྨན་བཅོས་བྱེད་ཐབས་སྒྲིག་བཟོ་བྱས་ཏེ། སྨན་ཁང་དུ་ཞག་སྡོད་བྱེད་པའི་སྐབས་སུ། སྨན་ཁང་གིས་ནུས་ཤུགས་ཡོད་རྒུས་དུས་རྒྱུན་གྱི་སྨན་བཅོས་དང་ནད་གཡོག་བྱ་བར་འགན་ཁུར་བར་མ་ཟད། ད་དུང་འཕྲལ་མྱུར་རོགས་སྐྱོར་གྱི་ཐབས་ལམ་བརྒྱུད་ནས་སྨན་ཡོན་ཕྱེད་ཀ་མེད་པར་བྱས་པ་དང་། འཕྲལ་མྱུར་རོགས་སྐྱོབ་དང་ཁ་གསབ་རོགས་སྐྱོར་བྱེད་རྒྱུ་ཡར་ཞུ་བྱས་པས། སྨན་ཁང་དང་མཚོ་བོད་མཐོ་སྒང་ལྕགས་ལམ་ཀུང་ཟི་གཉིས་ཀྱིས་ཞབས་འདེབས་ཕུལ།
     སྨན་བཅོས་བྱེད་པའི་སྐབས་སུ། ཁུལ་སྨན་ཁང་དང་གཞིས་ཀ་རྩེ་ས་གནས་སྲིད་གཞུང་མངགས་གཏོང་ཁང་གིས་སྔ་གཞུག་ཏུ་འབྲེལ་བ་བྱས་པ་བརྒྱུད། ཟླ4བའི་ཚེས14ཉིན། ནད་པའི་ཁྱིམ་མི་དང་ས་གནས་ཀྱི་དང་བླངས་པ་ལེ་བར་སྟོང་ཕྲག་བརྒལ་ནས་གཏེར་ལེན་ཁ་རུ་ཐོན།
     ནད་པའི་ཁྱིམ་མི་ཆོས་སྒྲོན་གྱིས་བཤད་རྒྱུར། ཐེངས་དང་པོར་ཕ་ཡུལ་དང་བྲལ་ནས་འདི་འདྲའི་ས་ཐག་རིང་པོ་ཞིག་ལ་ཡོང་བ་ཡིན་ལ། སྔོན་ཆད་འདི་འདྲའི་དོན་དག་ལའང་འཕྲད་མ་མྱོང་། ངས་སྨན་པ་དང་ནད་གཡོག་པ་ཚང་མར་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ། ཁྱོད་ཚོ་ནི་ངེས་པ་དོན་གྱི་བྱམས་སེམས་ཀྱི་བདག་པོ་རེད། ང་ཚོ་ཕྱིར་སོང་རྗེས། དོན་དག་འདི་ཕ་ཡུལ་གྱི་ཡུལ་མི་རྣམས་ལ་བཤད་རྒྱུ་ཡིན་ཟེར།
     དང་བླངས་པ་བསྟན་འཛིན་ལྷ་མོས་བཤད་རྒྱུར། ངས་ཡང་བསྐྱར་འདི་ནས་ནད་པ་དང་ནད་པའི་ཁྱིམ་མིའི་ཚབ་བྱས་ནས་མཚོ་ནུབ་ཁུལ་མི་དམངས་སྨན་ཁང་དང་སྨན་བཅོས་མི་སྣ་ཡོངས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར།
     ཟླ4བའི་ཚེས19ཉིན། ལྕགས་ལམ་སྨན་བཅོས་མི་སྣས་སྲུང་སྐྱེལ་འོག ནད་པ་བདེ་བླག་ངང་གཞིས་ཀ་རྩེར་འབྱོར་བ་དང་། དེ་ནས་མུ་མཐུད་དུ་སྨན་བཅོས་བྱེད་བཞིན་ཡོད།


འབྲེལ་ཡོད་འོས་སྦྱོར།