logo

དམངས་དོན་ལྷུར་ལེན་གྱི་འགོ་ཁྲིད་བཟང་བོ་བསོད་རིན།

རྩོམ་པ་པོ།:སྟག་ལྷ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-01-18 ཀློག་གྲངས།:


བསོད་རིན།

     ཁོང་གི་མིང་ལ་བསོད་རིན་ཟེར་ཞིང་དུས་རབས་གོང་མའི་ལོ་རབས་བདུན་ཅུ་ལ་སི་ཁྲོན་རྫ་ཆུ་ཁའི་དཔོན་པོ་ཞེས་བྱ་བའི་སྡེ་བ་རུ་སྐྱེས་ཤིང་། ད་ལྟ་སེར་ཤུལ་རྫོང་རྫ་སྟོད་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་ཡོད།
     བསོད་རིན་ལགས་སྐྱེས་ནས་ཡུན་རིང་བོ་མ་ལོན་པར་སྐྱེས་པ་སྔོན་གྱི་ལས་དབང་གིས་དྲིན་ཨ་མ་འཇིག་རྟེན་འདི་དང་གཏན་དུ་བྲལ་སོང་། ཁོང་དང་སྤུན་ཆུང་གཉིས་ཀྱིས་ཚེ་འདིའི་ལས་དབང་གི་བཀོད་སྒྲིག་ལ་གཞོལ་ཐབས་མེད་པར་སྡུག་གི་ཁུར་བོ་མཉམ་དུ་མི་ཁུར་རང་ཁུར་དུ་གྱུར། ལས་ཀྱིས་ཕ་ལོ་ཡང་འཇིག་རྟེན་ན་ཡོད་རུང་རྐྱེན་དུ་མའི་དབང་གིས་ཁོང་སྤུན་མཆེད་གཉིས་ཀྱི་སྐྱབས་བཅོལ་སའི་མགོན་ལྟ་བུར་གྱུར་མ་ཐུབ་པར་ཁོང་སྤུན་མཆེད་གཉིས་དང་ཁ་གྱེས་ནས་ཁྱིམ་ཚང་གཞན་ཞིག་ཏུ་འཚོ་བ་བསྐྱལ། དེ་བས་ཁོ་རང་འཇིག་རྟེན་དཀར་ངོགས་སུ་སླེབས་པ་ནས་དཀའ་སྡུག་སྣ་ཚོགས་དང་འཕྲད་པ་བརྗོད་ཀྱིས་མི་ལངས། གཉོམ་ལག་མ་རྒྱས་པའི་བྱིས་པ་ཞིག་ཡིན་རུང་རང་ཉིད་ཀྱི་ཁ་རྒྱབ་ཀྱི་ཆེད་དུ་ཅིས་ཀྱང་ལས་ཀ་ཞིག་ལས་དགོས་དགོངས། དེ་ནས་རུ་སྡེ་ནས་ཁྱིམ་ཚང་གཞན་པའི་ནོར་རྫི་ལུག་རྫི་དང་རྟ་རྒྱུག་མཁན་གྱི་རྒྱུག་ཕྲུག་བྱས་མྱོང་ཞིང་དེ་ལ་བརྟེན་ནས་གླ་བླངས་ཏེ་ཁ་གསོ་ཐབས་ཀྱང་བྱས་མྱོང་མོད། དེ་གཅིག་པུས་འཚོ་བ་འཁྱོལ་ཐབས་མེད་པས་གཞན་ལ་སློང་མོ་མི་བྱེད་ཐབས་མེད་དུ་གྱུར། སྐབས་དེར་ཀུན་གྱིས་ཐང་རྙེད་མ་གཏོགས་མིང་ཆ་ཚང་འབོད་མཁན་ཞིག་མེད་ལ་རྒྱབ་རྩ་ནས་ལངས་མཁན་ཞིག་དང་དཔུང་རོགས་ལྟ་བུ་ཞིག་གང་ན་ཡོད། ལྟོས་དབང་ཞིག་གིས་སྐབས་དེར་ལོ་གཉིས་ཙམ་ལ་སློབ་གྲྭར་འགྲོ་ཐུབ་སོང་ལ་དཔེ་ཆ་ཀློག་འདོད་ཀྱི་འདུན་པ་ཡང་ཧ་ཅང་དྲག་པོ་ཞིག་སྐྱེས། འོན་ཀྱང་མཐར་ཕྱིན་པ་ཞིག་སྦྱོང་བའི་གོ་སྐབས་ཕར་ཞོག ཉིན་དཀར་ཁ་རྒྱབ་ཀྱི་ཆེད་དུ་གཞན་ལ་གཡོག་བྱས། མཚན་མོར་རང་ཁྱིམ་དུ་གློག་སྒྲོན་ཙམ་གྱི་མཐུན་རྐྱེན་ཡང་མི་འཛོམས་པས་རང་སྦྱོང་ཡག་པོ་ཞིག་ཀྱང་བྱ་ཐུབ་མ་སོང་། དཀང་སྡུག་དང་བསྡོངས་བའི་ལོ་ཟླ་དེ་དག་ནི་དངོས་ནས་ཡ་ང་ཞིང་བློ་ཡིད་ལས་འདས་པ་ཞིག་རེད།  ལོ་ཟླའི་འགྲོས་དང་བསྟུན་ནས་ཁོ་རང་དཀའ་སྡུག་ལ་གོམས་ཤིང་དཀའ་སྡུག་ལས་སྦྱོང་བརྡར་ཐོབ་སྟེ་གཞན་ལས་ལྷག་པའི་དཀའ་སྡུག་ལ་བཟོད་བསྲན་ཚུགས་ཤིང་ལས་གང་སྒྲུབ་ཀྱང་བརྩོན་འགྲུས་དང་ལྷག་བསམ་ཆེ་བ་ཞིག་ཏུ་ཆགས། ལོ་ཟླ་རེ་རེ་ག་ལེར་འདས་ཀྱང་རང་གིས་འབད་བརྩོན་ལྷོད་མེད་བྱས་སྟབས་ད་ལྟ་གཞི་རིམ་གྱི་འགོ་ཁྲིད་ཅིག་གི་གོ་ས་ཐོབ་ཡོད་པར་མ་ཟད་རང་ལ་དབང་བའི་ནང་བཟའ་ཟླ་དང་བུ་ཕྲུག་འཛོམས་པའི་ཁྱིམ་ཚང་ཞིག་ཀྱང་ཡོད། དཀའ་སྡུག་གི་ལོ་ཟླ་དག་ཕར་ལ་བསྐྱལ་ནས་ད་ལྟ་ཨ་བྲས་ཐེག་ཚད་ཀྱི་འཇག་མ་དང་། འཇག་མས་ཐེག་ཚད་ཀྱི་ཟིལ་བ་ཞེས་བའི་དཔེ་ལྟར་རང་གི་ཁྱིམ་འཁོར་བ་སྐྱོང་ཞིང་རང་ཚོད་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཞོར་དུ་ཚོང་ལས་ཆུང་ཆུང་ཞིག་ཀྱང་གཉེར་བཞིན་ཡོད།

     ཁོང་དུས་རྒྱུན་དུ་ཀུན་ལ་གླེང་བར་སྤྲོ་བ་ཞིག་ནི་སྔོན་ཆད་ང་ལ་ཉེ་བར་བཅར་མཁན་ཆེར་མེད་ནའང་ད་ལྟ་རང་ཉིད་ལ་བློ་ཉེ་བའི་གྲོགས་པོ་རེ་ཟུང་ཡོད་པ་ནི་རང་གི་ཚེ་འདིའི་ནོམ་པར་བསམ་ཡོད། ཁོ་ཚོ་ནི་དཔུང་རོགས་དང་རྒྱབ་རྩ་ལྟ་བུ་ཡིན་ཞིང་ལྷད་མེད་ཀྱི་ལྷག་བསམ་གཏད་སའང་ཡིན། ཁོའི་མི་ཚེ་ལ་འགྱུར་ལྡོག་བྱུང་ཐུབ་པའང་ཁོང་ཚོ་དང་འབྲེལ་བ་གཏིང་ཟབ་ཡོད་པས་ཅིས་ཀྱང་ཁོ་ཚོར་བཀའ་དྲིན་བསམ། སྔོ་ལྗང་གི་རྩྭ་ཐང་། མཐིང་སྨུག་གི་སྦྲ་ནག  འབྲི་མོའི་ངུར་སྒྲ། རྟ་མཆོག་གི་འཚེར་སྐད། གཡང་དཀར་གྱི་འབའ་སྐད། ལུག་རྫི་སྣབས་ལུག བེའུ་རྫི་རྐང་མགྱོགས། རྟ་རྒྱུགས་ཞི་ལུ། ད་ལྟ་ཕྱིར་འདང་རེ་བརྒྱབ་ན་བྱིས་དུས་ཀྱི་ཕྱིར་དྲན་ནི་སྐྱིད་སྡུག་གང་ལའང་མ་ངེས་ཤིང་ཅི་འདྲའི་སྨྲ་བསམ་བརྗོད་འདས་ཤིག་རེད་ཨང་།
     ཁོང་གིས་ཆུང་དུས་གང་མྱངས་བ་དེ་ད་སྐབས་གཞན་གྱིས་མྱོང་བཞིན་པ་མཐོང་ཚེ་མ་སྐུལ་དང་བླངས་སྒོས་ཁོ་ཚོ་སྡུག་བསྔལ་དེ་ལས་གྲོལ་ན་སྙམ་པའི་ཀུན་སློང་ཤུགས་དྲག་པོ་ཞིག་རང་འགུལ་གྱིས་སྐྱེས་བཞིན་ཡོད། ཀུན་སློང་དེ་འདྲ་ཞིག་གི་འོག་ཏུ་སློབ་གྲྭར་འགྲོ་བར་དཀའ་ངལ་ཡོད་པའི་བྱིས་པ་དང་ཁྱིམ་འཁོས་ཞན་ཞིང་ན་ཚས་མནར་བཞིན་པ་འགའ་ལ་རང་གིས་རོགས་ཐུབ་པ་དག་ལ་གང་ནུས་ཀྱིས་རོགས་བྱས་ཤིང་། རང་གིས་མི་ནུས་བ་གང་ལ་རང་གི་གོ་གནས་དང་སྤྱི་ཚོགས་ཀྱི་འབྲེལ་བ་བེད་སྤྱད་ནས་སྤྱི་ཚོགས་སྟེང་གི་རོགས་རམ་གང་ནུས་ཀྱིས་རག་ཐབས་བྱེད་བཞིན་ཡོད། དེ་མིན་རང་གིས་རྩ་འཛུགས་བྱས་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པར་ཁོངས་མི1000ལྷག་ཡོད་པ་དེས་ཀྱང་རང་གི་ཕ་ཡུལ་དང་ཉེ་འཁོར་གྱི་ཁོར་ཡུག་སྲུང་སྐྱོབ་ཐད་ལག་རྗེས་མི་དམན་པ་བཞག་ཡོད།

     རང་ངོས་དང་གཞན་བརྒྱུད་གང་རུང་ནས་རོགས་སྐྱོར་བྱས་མྱོང་བ་དག་ལས་རྒྱ་སྟིག་ཟེར་བ་ཞིག་ཡོད། དང་ཐོག་རང་ཁ་མ་སོས་བར་རེ་ཞིག་རྐུ་བྱས། དེ་ནས་གཞན་ཚབ་ཏུ་ཕྱུགས་ཟོག་གི་སྲོག་བཅད་ནས་ཤན་པའི་ལས་བསྒྲུབས་ཏེ་རང་ཁ་གསོས། མགོ་ན་ཁང་པ་ཙམ་ཡང་མེད་པའི་དབུལ་ཕོངས་ཀྱི་འཚོ་བའི་སྟེང་གློ་བའི་གཅོང་ནད་ཀྱིས་གཟིར་ཏེ་ལོ་གཉིས་ཙམ་ལ་མལ་སར་ལྷུང་ནས་ཆུང་མ་དང་བུ་ཕྲུག་ལྔ་བོས་ཀྱང་ཞོར་དུ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱངས། གནས་ཚུལ་དེ་གོ་དུས་ཁོ་རང་ཡང་སྐྱོ་གདུང་ཆེན་པོ་སྐྱེས་ཤིང་སེམས་ཤུགས་ཆེན་པོས་གཞུང་དང་སྒེར་གཉིས་ཀར་གནས་ཚུལ་ཇི་བཞིན་ཏུ་ཡར་ཞུ་བྱས་ཤིང་འབྲེལ་བ་གང་མང་བརྒྱུད་མཐར་རྫོང་ཨུ་ཡོན་དང་རྫོང་གི་ལས་བྱེད་པ། ད་དུང་གངས་ལྷ་མེ་ཏོག་ཐེབས་རྩ་ཚོགས་པ་སོགས་ཀྱིས་བྱང་སེམས་ཀྱི་གཤོག་པ་བརྐྱངས་ནས་མ་དངུལ་སྒོར་ཁྲི40ལྷག་གི་ཞལ་འདེབས་གནང་ནས་རྒྱ་སྟིག་ཁོ་རང་ཁྲིན་ཏུའུ་རུ་ཟླ་གསུམ་བཞི་ཞིག་གི་རིང་ནད་བཅོས་བྱས་མཐར་ནད་གཞིའི་སྡུག་བསྔལ་ལས་ཡོངས་སུ་གྲོལ། དེ་མིན་རྒྱ་སྟིག་ཚང་ལ་མགོ་རུ་ཁང་པ་དང་སྒོ་རུ་ཕྱུགས་ཟོག་སོགས་སྒྲིག་རོགས་བྱས་པ་མ་ཟད་བུ་ཕྲུག་ལྔ་བོའང་སློབ་གྲྭར་བསྐྱལ། དེར་མ་ཟད་གངས་ལྷ་མེ་ཏོག་ཐེབས་རྩ་ཚོགས་པ་དང་སྤྱི་ཚོགས་ཀྱི་རིགས་སོ་སོའི་བྱམས་སྙིང་རྗེ་ཅན་གྱི་མི་སྣའི་རོགས་སྐྱོར་འོག་སྒལ་ཚིགས་གསེག་པའི་ནད་པ་སྐྱིད་འཚོ་ལ་སྒོར་ཁྲི15ལྷག་གི་ཞབས་འདེབས་གནང་ནས་གཤག་བཅོས་ཐུབ་པ་སོགས་གཞི་རིམ་འགོ་ཁྲིད་ཅིག་གིས་བསྒྲུབ་དགོས་པ་ཐམས་ཅད་ཕྲག་ཏུ་བླངས་ཏེ་མང་ཚོགས་ཀྱི་མིག་ནང་གི་འགོ་ཁྲིད་བཟང་པོ་ཞིག་ཏུ་ཆགས་ཡོད།


འབྲེལ་ཡོད་འོས་སྦྱོར།