དར་ལག་རྫོང་གིས་ཐུམ་འབུའི་ནད་བྱུང་ཡོད་པའི་དཀའ་ཁག་ཅན་གྱི་ནད་པར་རོགས་སྐྱོར་ཞལ་འདེབས་ཀྱི་བྱ་འགུལ་སྤེལ།
ཞལ་འདེབས་འབུལ་བ།
ཞལ་འདེབས་འབུལ་བ།
ཞལ་འདེབས་འབུལ་བཞིན་པ།
ཞལ་འདེབས་འབུལ་བཞིན་པའི་ཡུལ་དངོས།
སྤྱི་ཟླ8པའི་ཚེས8ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་རྒྱ་གྲམ་དམར་པོ་ཚོགས་པ་དང་དར་ལག་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུའུ་གཉིས་ཀྱིས་དར་ལག་རྫོང་འབྲུག་མོ་ཐང་ཆེན་ནས་གསང་རི་མ་ཞང་དར་དམར་སྡེ་བའི་རུ་ཆུང་གསུམ་པའི་ཐུམ་འབུའི་ནད་བྱུང་ནས་ཁྱིམ་ཚང་ལ་དཀའ་ཁག་ཆེ་ཞིང་ངལ་རྩོལ་གྱི་ནུས་པ་མེད་ལ། སྨན་བཅོས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པའི་སྡེ་མི་སྤུ་མོ་ཁྱིམ་ཚང་གང་བོར་རོགས་རམ་བྱེད་པའི་ཞལ་འདེབས་བྱ་འགུལ་སྤེལ།
སྤུ་མོ་ཚང་ལ་མཚོན་ན་བཟའ་མི10ཡོད་ཅིང་། 2012ལོར་སྤུ་མོ་རང་ཉིད་དང་བཟའ་ཟླ་བསོད་རྒྱམ། བུ་ཆེ་བ་སངས་སྐྱབས། བུ་མོ་ཆེ་བ་སངས་མཚོ། བུ་མོ་འབྲིང་བ་ཆུང་ལས་རྣམས་ལ་ཐུམ་འབུ་དང་གློ་བའི་རིམ་ནད་བྱུང་ནས་སྔ་རྗེས་སུ་བཟའ་ཟླ་བསོད་རྒྱམ་དང་བུ་ཆེ་བ་སངས་སྐྱབས། བུ་མོ་འབྲིང་བ་ཆུང་ལས་གསུམ་གྱི་ནད་གཞི་ཇེ་སྡུག་ཏུ་སོང་ནས་ཚེ་ལས་འདས། ད་ལྟ་ཡང་སྤུ་མོའི་ཐུམ་འབུའི་ནད་གཞི་ཚབས་ཆེན་དུ་གྱུར་ཡོད་པ་དང་། བྱིས་པ་གཞན་གཉིས་ལའང་ཐུམ་འབུའི་ནད་བྱུང་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། དེང་སྐབས་དར་ལག་རྫོང་ཡོངས་ལ་མཚོན་ན་ཐུམ་འབུའི་ནད་བྱུང་ཚད་བརྒྱ་ཆའི12.70ལྷག་ཡིན་པ་དང་། འདི་ནི་ཕྱུགས་ལས་ས་ཁུལ་ཏུ་བྱུང་ཚད་མཐོ་ཞིང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ལ་རྒོལ་བའི་ནད་གཞི་ཞིག་ཡིན་པ་རེད།
དགེ་ཕན་གྱི་ལས་ལ་སྤྲོ་བ་དང་དབུལ་སྐྱོར་གྱི་དོན་ལ་འཇུག་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་ལ། ཕན་ཚུན་རོགས་རམ་དང་དཀའ་ངལ་ལ་འཕྲད་ཚེ་རོགས་འདེགས་བྱེད་པ་ནི་དུས་རབས་གསར་བའི་སྤྱི་ཚོགས་ཀྱི་འབོད་སྐུལ་ཞིག་རེད། དེ་རིང་གི་ཞལ་འདེབས་འབུལ་བའི་བྱ་འགུལ་འདི་ལས་དར་ལག་རྫོང་གི་ལས་ཁུངས་སོ་སོ་དང་ས་དེའི་མང་ཚོགས་ཀྱིས་སྙིང་རྗེའི་བརྩེ་བ་ལང་ལོང་གིས་སྤུ་མོ་ཚང་ལ་ནད་བཅོས་བྱེད་པར་མ་དངུལ་སྒོར55487ཕུལ།