གཅན་ཚའི་རྨ་མགུར་རྣམ་རྒྱལ་གླིང་།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-12-14
ཀློག་གྲངས།:
དགོན་པ་ཕྱག་འདེབས་མཛད་པའི་ལོ་རྒྱུས། ལཱ་མོ་ཚ་ཀན་ཧུ་ཐོག་ཐུ་བླ་རབས་ཀྱི་གདན་ས་རྨ་མགུར་རྣམ་རྒྱལ་གླིང་ནི། ད་ལྟའི་གཅན་ཚ་རྫོང་མཁར་ནས་བྱང་ཕྱོགས་སུ་ཁེ་ལོ་མི་ཏྲེར་༥་མཚམས་སུ་ཡོད་ལ། དགོན་པའི་ས་ངོས་རྒྱ་ཁྱོན་ནི་མི་ཏྲེར་གྲུ་བཞི་མ་སུམ་སྟོང་ཡོད། དགོན་འདིའི་མཆོད་གཞིས་གཙོ་བོ་མགུར་སྡེ་བ་དང་། མར་ཁུ་ཐང་། འབར་རྩ། གླེ་ཆེན། ལོ་ཁོགཡོ་བོ་ཆེ། ཡང་ཆུང་སོགས་གླེ་གསུམ་ཡིན། ལཱ་མོ་སྐུ་ཕྲེང་དང་པོ་ཚོགས་གཉིས་རྒྱ་མཚོ་ནི། འཁྲུངས་ཡུལ་བོད་དབུས་ཀྱི་ལཱ་མོར་འཁྲུངས། ཚེར་གསེབ་ཏུ་རབ་ཏུ་བྱུང་། འབྲས་སྤུངས་སྒོ་མང་ཆོས་གྲྭར་མཚན་ཉིད་དང་རྒྱུད་སྨད་དུ་སྔགས་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། ལཱ་མོ་སྐུ་ཕྲེང་གཉིས་པ་བློ་གྲོས་རྒྱ་མཚོ(སྤྱི་ལོ༡༦༡༠-༡༦༥༩)དགུང་གྲངས་སོ་གཅིག་བཞེས་པ་རབ་བྱུང་བཅུ་གཅིག་པའི་མེ་ཁྱི(སྤྱི་ལོ༡༦༤༦)ལོར་རྨ་ཆུ་འཁྱིལ་ལུགས་ནོར་བུ་དགའ་འཁྱིལ་གྱི་ཚུལ་དུ་ཡོད་པའི་ཁུགས་སོ་གཉིས་པའི་མཚམས་ཀྱི་རྨ་ཆུའི་འགྲམ་རྒྱུད་དུ་འདན་མ་ཆོས་རྗེ་འོད་ཟེར་བཀྲ་ཤིས་ཀྱི་རམ་འདེགས་ལ་བརྟེན་ནས་གུར་སྒར་བཏབ་ནས་དགོན་པ་ཆགས་པས་གུར་དགོན་ཐོགས་པ་དང་ཕྱིས་སུ་བརྗོད་བདེའི་དབང་གིས་མགུར་དགོན་དུ་ཟུར་ཆགས་པས་མགུར་དགོན་པའམ་རྨ་མགུར་རྣམ་རྒྱལ་གླིང་ཞེས་སུ་གྲགས་པ་དང་བཤད་གྲྭ་བཙུགས་ཤིང་རིམ་གྱིས་འདན་མ་ཆོས་རྗེ་དང་། ད་ལི་ཆོས་རྗེ། ཀ་རིང་དཔལ་ལྡན་ཆོས་གྲགས། མང་ར་བློ་བཟང་བསྟན་སྐྱོང་། སྒོ་མེ་དཔལ་ལྡན་རྒྱ་མཚོ། བ་ཡན་བློ་གྲོས་ནོར་བུ། ཁ་ཐི་དོན་གྲུབ་བཀྲ་ཤིས། ཁམས་ར་བློ་བཟང་རབ་བརྟན་བཅས་ཀྱིས་འཆད་ཉན་བསྐྱངས། རྨ་མགུར་དགོན་པ་ཆགས་སའི་གནས་འདིར་སྔོན་གྱི་དུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་མངའ་བདག་ཁྲི་རལ་བ་ཅན་གྱི་རིང་ལ་བོད་དམག་གི་གུར་སྒར་བཏབ་ནས་གཞི་ཆགས་ཤིང་རྨ་ཆུར་བརྒལ་བའི་རབ་ཁ་ཞིག་ཡོད་ལ། བོད་རྒྱ་སོག་གསུམ་གྱི་མི་ཆེན་དག་རྨ་ཆུའི་ཕར་ཚུར་བགྲོད་སྐབས་གནས་དེར་བཞུགས་འཇགས་གནང་མྱོང་བ་ལོ་རྒྱུས་དེབ་ཐེར་དུ་གསལ་ཞིང་། ས་སྐྱ་པཎ་ཆེན་རབ་བྱུང་བཞི་བའི་ཆུ་ཡོས(སྤྱི་ལོ༡༢༤༣)ལོར་གོ་དན་གྱིས་གདན་དྲངས་པ་ལྟར་ཕེབས་པའི་ལམ་བར་དུ་རྨ་འགྲམ་རྡོ་རྗེ་བྲག་ཏུ་སངས་རྒྱས་གླང་བོའི་རིང་བསྲེལ་ཕོར་བ་གང་ནང་བཞུགས་ཀྱི་འབུམ་ཁང་འཇའ་འོད་མ་བཞེངས་ཤིང་། དེ་ནས་རྨ་མགུར་དུ་ཕེབས་ཏེ་གནས་འདིར་ཇོ་སྐུ་བྱིན་ཅན་ཞིག་བཞེངས་ལ་འདི་ནི་ས་པཎ་གྱིས་ཇོ་སྐུ་བརྒྱ་རྩ་བརྒྱད་བཞེངས་པར་གྲགས་པའི་གྲས་ཀྱི་གཅིག་ཡིན་པས་ན། མགུར་དང་གཤོང་ཤན། ཁྲི་ཀའི་ཇོ་བོ་རྣམ་གསུམ་ཞེས་མདོ་སྨད་ཡུལ་འདིར་མིང་གྲགས་ཆེ་བར་ཟེར་སྐད། མགུར་ནི་ལ་མོ་བདེ་ཆེན་ཆོས་འཁོར་གླིང་གི་མ་དགོན་ཡིན། པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན་གྱིས་དགོན་པ་འདིར་གནང་བའི་དཔལ་ལྡན་ལྷ་མོའི་ཞལ་ཐང་དེ་ལཱ་མོ་བདེ་ཆེན་དགོན་པར་གདན་དྲངས་ཡོད་ནའང་དེར་མ་བཞུགས་པར་སླར་མགུར་དགོན་པར་འཕུར་ནས་ཕེབས་པས་དགོན་པའི་འདུ་ཁང་གི་ནང་ངོས་སུ་བརྟན་པར་བཞུགས་སུ་གསོལ་ཏེ་སྲུང་མའི་གཙོ་བོར་གྱུར་པ་དང་དེ་ནི་མགུར་གྱི་ཆོས་སྐྱོང་སྲུང་མ་ཞེས་སུ་གྲགས་ཤིང་འཕྲིན་ལས་མྱུར་བར་ཀུན་ལ་མཐུན་སྣང་དུ་གྲུབ་ཡོད། སྐབས་དེར་དགོན་པ་འདིར་གྲྭ་གྲངས་སུམ་བརྒྱར་ཉེ་བ་དང་དགོན་པའི་ནང་རྟེན་གྱི་གཙོ་བོར་མཁས་གྲུབ་ཁྱུང་བོ་རྣལ་འབྱོར་གྱི་དབུ་ཐོད་དང་། གུ་ཤྲི་བསྟན་འཛིན་ཆོས་རྒྱལ་དང་ཧོང་ཐའི་ཇིའི་སྐུ་གདུང་མཆོད་རྟེན་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་བཏབ་ཅིང་དེའི་སྒོ་རྒྱན་ནི་གསེར་དངུལ་ལས་གྲུབ་པ་ཞིག་གི་མཐོ་ཚད་ཁྲི་ལྔ་ཙམ་རེ་ཡོད་པ་ལ་སོགས་པའི་རྟེན་བྱིན་ཅན་མང་བོ་བཞུགས། དགོས་དབང་གིས་ཆོག་ཐུ་རྒྱལ་བོའི་གཟུགས་བརྙན་དངུལ་གྱིས་བཟོས་པ་ཞིག་ཡོད་པ་དཀོར་བདག་ཏུ་བཀུར། སྤྱི་ལོ༡༦༨༢ལོར་སྐུ་ཕྲེང་གསུམ་པ་ངག་དབང་བསྟན་པའི་རྒྱལ་མཚན་མཆོག་གིས་དའི་ཆིང་ནང་སོས་གཏོང་ཐེབས་ཁུར་ལེན་ལ་བརྟེན་ནས་ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་ཕྱག་འདེབས་མཛད། ཕྱིས་སུ་ཁོང་དང་ལཱ་མོ་གྲགས་རྒན་ཚང་རྣམ་གཉིས་ཀྱིས་དགོན་པ་འདིའི་རྩོད་གྲྭ་ལཱ་མོ་བདེ་ཆེན་དུ་སྤར་ཏེ་མགུར་དུ་བདེ་གསང་འཇིགས་གསུམ་སོགས་བཙུགས་ཏེ་སྒྲུབ་གྲྭར་བསྒྱུར། ལཱ་མོ་སྐུ་ཕྲེང་བཞི་བ་བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན(སྤྱི་ལོ༡༧༢༩༡༧༩༦)ནི་རྒྱལ་བ་འཇམ་དཔལ་རྒྱ་མཚོས་བསྙེན་རྫོགས་བཞེས་དུས་ཀྱི་ལྷུང་བཟེད་འགྲིམ་པ་པོ་ཡིན་ཞིང་ཁོང་གིས་སྔོན་གྱི་ཇོ་སྐུ་ལ་གཞི་བྱས་ནས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་་རིན་པོ་ཆེ་ཛྷཀྵེམ་ལས་གྲུབ་ཅིང་ནང་རྟེན་ལ་བྱིན་རླབས་རྩ་འགངས་ཆེ་བས་ཕྱུར་བུར་གཏམས་པས་གཟི་འོད་འབར་ཞིང་བདུད་རྩིའི་བཞུར་རྒྱུན་ཕྲོམ་མེར་འབབ་པ་མི་ཚད་གཉིས་ལྷག་ཡོད་པ་ཞིག་བཞེངས་ཤིང་། དེ་ལ་རྣམ་པར་རྒྱལ་བའི་ཁང་བཟང་གིས་བརྒྱན་ཅིང་ཐོག་བརྩེགས་བཞི་བའི་རྩེ་ལ་གསེར་ཟངས་ཀྱི་རྒྱ་ཕིབས་དང་ལྡན་པས་གཟི་འོད་འབར་བ་དང་། མདའ་ཡབ་འོག་མ་གསུམ་ནི་གཡུ་རྩིས་བྱུགས་པ་ལྟ་བུའི་སོ་ཕག་གི་རྒྱན་དང་ལྡན་པས་ལྟ་བས་ཆོག་མི་ཤེས་པའི་རྟེན་དང་བརྟེན་པའི་གཙུག་ལག་ཁང་ཞིག་བསྟན་འགྲོའི་ཉེར་འཚོར་བསྐྲུན་ཡོད། དཔལ་ལྡན་བཀྲ་ཤིས་འཁྱིལ་བའི་ཕྱག་བཞེས་བཞིན་དུ་རྨ་མགུར་རྣམ་རྒྱལ་གླིང་དུ་དུས་འཁོར་གྱི་སྒྲུབ་མཆོད་བཙུགས་ནས་རྒྱུད་སྡེ་བཞིའི་ཆོ་ག་ལག་ལེན་དང་བཅས་པ་ལྡན་ནོ། ། དགོན་འདིར་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དང་། ཀུན་མཁྱེན་རིན་པོ་ཆེ། ལཱ་མོ་སྐུ་ཕྲེང་རིམ་བྱོན། གྲུབ་དབང་འཇིགས་མེད་བསམ་གཏན། ཁ་ཀྱཱ་འཇམ་དབྱངས་དཔལ་ལྡན། དྲུང་ཆེན་གྲགས་པ་དར་རྒྱས། སྐྱབས་རྗེ་ཞཱ་དམར་རྡོ་རྗེ། སྐུ་ཕྱོགས་ཨ་རོལ་རིན་པོ་ཆེ། ར་རྒྱའི་ཤིང་བཟའ་རིན་པོ་ཆེ་སོགས་སྐྱེས་བུ་དམ་པ་མང་པོ་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏོ། ། ལ་མོ་སྐུ་ཕྲེང་བདུན་པ་རྗེ་བཙུན་བློ་བཟང་དགེ་འདུན་བསྟན་འཛིན་ནོར་བུ་དཔལ་བཟང་བོ་དགུང་གྲངས་སུམ་ཅུར་བཞེས་པ་རབ་བྱུང་བཅོ་ལྔ་བའི་ཆུ་སྟག(སྤྱི་ལོ༡༩༠༢)ལོར་དགོན་པ་འདི་རྨ་ཆུའི་ཁར་ཤིན་ཏུ་ཉེ་བས་ཆུ་དགྲ་ཅུང་ཆེ་བ་ལ་ར་ཆེན་གཉིས་པར་གྲགས་པ་གྲུབ་དབང་འཇིགས་མེད་བསམ་གཏན་རིན་པོ་ཆེར་ཆུ་ཟློག་འཁོར་ལོ་ཞུས་པ་བཞིན་ཁོང་ཉིད་ཀྱིས་འཁོར་ལོ་བཞག་ཀྱང་ལོ་ཤས་ལ་ཕར་ཅུང་ཟད་ལོག་ཙམ་ལས་ཕན་སྐྱེད་ཆེར་མ་བྱུང་བར་གཟིམ་ཁང་གི་ར་སྐོར་འོག་མ་ཕལ་ཆེར་ཟགས་ནས་སོང་བའི་ཚོད་ཡིན་པས། འགྲོ་མགོན་ཞྭ་དམར་རིན་པོ་ཆེར་བརྟག་ཞུ་བགྱིས་པར་ཁྱུང་ཁྲ་དུང་ཕྱུར་གཅིག་བཏོན་ནས་དགོན་གནས་སྤོས་ན་ལེགས་ཚུལ་དང་དེ་མཐུན་ཁྲི་ཀའི་སྒོ་མང་རིན་པོ་ཆེར་ཞུས་པ་ལ་ཡང་གནས་གཞི་སྤོས་ན་ལེགས་ཚུལ་བབས་པར། ད་ལྟའི་གཞི་འདི་ལ་བརྟག་པ་མཐུན་པར་བྱུང་བས་རྗེ་ཉིད་ཀྱིས་བཀའ་གནང་བ་བཞིན་རི་ཁྲོད་དབང་བོ་ཁ་ཀྱཱ་འཇམ་དབྱངས་དཔལ་ལྡན་གྱིས་དགོན་གནས་དང་ཇོ་ཁང་། འདུ་ཁང་། གཟིམ་སྤྱིལ་སོགས་ཀྱི་གཞི་བརྟག་པ་མཛད་དེ་དགོན་གནས་སྤོ་རྒྱུའི་སྟ་གོན་གནང་སྟེ་རྗེ་ཉིད་མགུར་དུ་ཕེབས་ཏེ་དགོན་པ་གསར་སྐྲུན་ལ་ལྗགས་བཀོད་དང་ཐུགས་བརྩོན་ཆེར་མཛད་དེ། ཐོག་མར་གཟིམ་སྤྱིལ་དང་ཇོ་ཁང་གི་རྒྱ་ཕིབས་མདའ་ཡབ་སོགས་ལ་ཆག་གྲུམ་མི་འབྱུང་བའི་ཆེད་ཚེགས་འཛིན་དང་གཟིགས་རྟོག་གང་དྲག་མཛད། ཇོ་སྐུ་དགོན་གནས་གསར་བར་སྤོ་སྐབས་བདུད་རྩི་བབས་པར་གླེང་། ཐུགས་བརྩོན་ཕན་གྲོགས་རྒྱ་ཆེར་མཛད་པས་འདུ་ཁང་གསུམ་དང་ཇོ་ཁང་གཟིམ་སྤྱིལ་གྲྭ་ཤག་རྣམས་དང་བཅས་པ་ཤིང་སྦྲུལ་ལོའི(སྤྱི་ལོ༡༩༠༥)བར་ལོ་བཞིའི་རིང་ལ་ཚོན་རིས་མ་གཏོགས་ཕལ་ཆེར་རྫོགས་པར་གྲུབ། ཇོ་ཁང་དང་གཟིམ་སྤྱིལ་གྱི་འགྲོ་སྒོ་མཐའ་དག་སྐུ་ཉིད་ཀྱི་ཕྱག་རྫས་གཅིག་བུས་བསྒྲུབས། མགོན་ཆོས་དང་ལྷ་མོ། ཞལ་རྣམ་སྲས་སོགས་ཀྱི་དུས་གཏོར་ཚུགས་ཤིང་མཆོད་སྦྱིན་ཐེབས་ཀྱང་སྦྱོར་འཇགས་མཛད། ཇོ་ཁང་ཚོམས་ཆེན་སོགས་ཀྱི་རྒྱུན་མཆོད་ཐེབས་སུ་མར་རྒྱ་མ་སུམ་སྟོང་ཉིས་བརྒྱ་འཇོག་པ་གནང་། རྗེ་རིན་པོ་ཆེའི་སྟོང་མཆོད་ཅིག་ཀྱང་གསར་འཛུགས་གནང་། སྤྱི་ལོ༡༩༠༨ལོར་ཇོ་ཁང་གི་ཚོན་རིས་སོགས་གཞི་ནས་ལེགས་པར་གྲུབ་ཟིན་པས། བཞི་བའི་བཅུ་གསུམ་ནས་ཉིན་གསུམ་གྱི་རིང་ལ་རབ་གནས་ཆེན་མོའི་ཆོག་ཐོག་གསར་འཛུགས་དང་དཀྱུས་གཅིག་པར་རྟེན་དང་བརྟེན་པ་བཅས་པ་ཐམས་ཅད་ལ་རྗེ་ཉིད་ནས་རྡོ་རྗེ་སློབ་དཔོན་མཛད་དེ་དགེ་ལེགས་ཆར་འབེབས་ཀྱི་སྒོ་ནས་སྤྱན་དབྱེའི་ཆོ་ག་ཞི་རྒྱས་ཀྱི་སྦྱིན་སྲེག་དང་བཅས་པས་བྱིན་རླབས་ཀྱི་གཏེར་ཆེན་པོར་བསྒྲུབས་ཤིང་འདི་ནས་ལོ་ཤས་ལ་རབ་གནས་ཀྱི་རྡོ་རྗེ་སློབ་དཔོན་རྗེ་ཉིད་ནས་མཛད། སྔར་རྒྱ་ནང་ནས་གསར་དུ་བསྒྲུབས་པའི་མཆོད་རྫས་རྣམས་ཀྱང་སྦྱོར་འཇགས་མཛད་པ་དང་། འདུ་ཁང་ཆེན་མོའི་སྟེང་དུ་གསེར་གྱི་རྒྱལ་མཚན་དང་། ཇོ་བོ་རིན་པོ་ཆེར་དངུལ་ལས་གྲུབ་པའི་ཐུགས་རྒྱན་བཟོ་བཀོད་དང་ཕྲ་རྒྱན་ཕུན་སུམ་ཚོགས་པས་མཛེས་པར་བྱས། གཞན་ཡང་གོས་ཆེན་སྣ་ཚོགས་ཀྱི་རྟེན་ཁེབས་ཉེར་ལྔ་རེ་དང་། རྒྱན་གོས་སྣ་མང་ལས་གྲུབ་པའི་ཡོལ་གུར་དང་གསེར་ཏོགནོར་བུ་འབར་བ། གསེར་གྱི་ཡིག་ཐུར། མིག་སྨན་གྱི་སྣོད། དུང་ཆོས་གཟུངས་རྡོར་ལ་སོགས་གང་དགོས་ཀྱི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་གསར་དུ་བསྒྲུབས་ཏེ་སྦྱོར་འཇགས་མཛད། ས་སྤྲེལ་ལོ་དེར་མགུར་དུ་འདུ་ཁང་གསར་སྐྲུན་ནང་དུ་སྐྱབས་འགྲོའི་ཚོགས་ཞིང་གི་གྱན་ཐང་ཁྱད་འཕགས་ཤིག་དང་གྱན་ཐང་གཞན་རྣམས་ཀྱང་གྲྭ་ཤག་སོ་སོ་ནས་བཞེངས་དགོས་པའི་བཀའ་ཕབ་ཅིང་། ཕྱི་ནང་དུ་ཚོན་རྩི་གང་དགོས་ལ་གསེར་ཚོན་གྱིས་བསྒྲུབས་ཤིང་ཀུན་དགའ་མཐོང་སྨོན་དུ་གྲགས་པའི་ལྷ་ཁང་དང་གཟིམ་སྤྱིལ་དུའང་ཀུན་དགའ་ར་བ་ཐམས་ཅད་ལ་ཤེལ་སྒོ་དང་། གསེར་འགྱུར་ཚོན་རྩི་ལེགས་པར་སྤྲས་པའི་ནང་དུ་སྔར་གྱི་རྟེན་རྙིང་རྣམས་དང་གསར་དུ་བཞག་པའི་རྒྱ་གར་གྱི་ལི་མ་སུམ་བརྒྱ་ལྷག་ཙམ་བཞུགས་པ་སོགས་ཁྱད་མཚར་ཤིན་ཏུ་ཆེ། བྱམས་སྐུ་ཆེན་མོ་གཙོ་བོར་བཞུགས་པའི་ཚོམས་ཆེན་སྟེང་དུ་མགོན་ཁང་དང་བཙན་ཁང་བཅས་ཡོད་པའི་གཟིམ་སྤྱིལ་བཤད་སྒྲུབ་པད་མོ་བཞད་པའི་དགའ་ཚལ་དུ་གསེར་ཟངས་ལས་གྲུབ་པའི་ཇོ་སྐུ་མི་ཚད་སོགས་གསར་སྐྲུན་མཛད། སྤྱི་ལོ༡༩༥༨ལོའི་སྔོན་དུ་མགུར་དགོན་འདིར་ལྷ་ཁང་དང་འདུ་ཁང་ཆེ་ཆུང་བདུན། ནང་ཆེན་གསུམ། གྲྭ་ཤག་ཞེ་གསུམ་དང་གྲྭ་བ་བརྒྱ་དང་བདུན་ཅུ། སྤྲུལ་སྐུ་གཅིག་བཅས་བཞུགས། དེའང་སྤྱི་ལོ༡༩༥༨ལོའི་རྗེས་སུ་མགུར་དགོན་པའི་འདུ་ཁང་དང་ཇོ་ཁང་གཉིས་ནི་མགུར་སྡེ་བའི་མང་ཚོགས་ཀྱིས་འབྲུ་མཛོད་ཁང་དུ་བྱས་ཏེ་ད་ལྟའི་བར་དུ་ལྷག་ལུས་སུ་གྱུར་བ་དང་གཞན་དགོན་པའི་རྟེན་དང་བརྟེན་པའི་བཀོད་པ་མཐའ་ཡས་པ་དག་རྩ་གཏོར་དང་བཅོམ་བརླག་ཏུ་བཏང་སྟེ་ལྷག་མ་མེད་པར་གྱུར་པའོ། ། རྒྱལ་ཁབ་ཀྱི་གུ་ཡངས་སྲིད་ཇུས་སླར་གསོ་བྱུང་བ་དང་བསྟུན་ནས་རྨ་མགུར་རྣམ་རྒྱལ་གླིང་གི་ཆོས་སྡེ་འདི་ཡང་ལཱ་མོ་སྐུ་ཕྲེང་བརྒྱད་པ་རྗེ་བཙུན་བློ་བཟང་ལུང་རིགས་བསྟན་པའི་རྒྱ་མཚོའི་བཀའ་བཀོད་ལྟར་མགུར་སྡེ་བའི་དད་ལྡན་མང་ཚོགས་ཀྱིས་ཇོ་ཁང་ཆེན་མོ་དང་འདུ་ཁང་གཉིས་བསྐྱར་བཅོས་དང་ཉམས་གསོ་མཛད་ཅིང་། ཀུན་གཟིགས་སྣང་བ་མཐའ་ཡས་པན་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་རྨ་ལྷོ་ཁུལ་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་སུ་མགུར་དགོན་འདིར་ཁོང་གི་ཡབ་ཡུམ་གཉིས་དང་ཡོངས་འཛིན་རིན་པོ་ཆེ་ལ་སོགས་སྐུ་འཁོར་དང་བཅས་པ་ཆེད་དུ་ཕེབས་ཏེ་ཆོས་ཀྱི་ཁྲི་འཕང་མཐོན་པོར་ཞབས་སོར་བཀོད་པ་དང་སེར་སྐྱ་དད་ལྡན་བགྲང་གིས་མི་ལངས་པ་ལ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་དགོས་པའི་ཟབ་ཆོས་ཀྱི་བཀའ་སློབ་ནན་ཏན་གནང་། སྤྱི་ལོ༡༩༨༠ལོར་མགུར་དགོན་འདིར་གཅན་ཚ་རྫོང་གི་དགོན་སྡེ་ཁག་གི་སྐུ་ཚབ་དང་དད་ལྡན་མང་ཚོགས་རྣམས་མཉམ་འཛོམས་གནང་ནས་ཡང་བསྐྱར་ཆོས་སྒོ་ལེགས་པར་ཕྱེས་ཏེ་དགོན་པའི་ཇོ་ཁང་ཆེན་མོ་དང་འདུ་ཁང་། སྒེར་གཞུང་སོགས་ཀྱི་རྟེན་དང་བརྟེན་པའི་གཟི་བྱིན་གྱི་དྲི་བསུང་ཕྱོགས་བཅུར་རྒྱས་པས་རྣམ་པར་མཛེས་པའོ། །
འབྲེལ་ཡོད་འོས་སྦྱོར།