སེ་ར་བབས་པ་ལྟ་བུའི་མཁས་པའི་གདན་ས་སྟེ་སེ་ར་ཐེག་ཆེན་གླིང་།
སེ་ར་བབས་པ་ལྟ་བུའི་མཁས་པའི་གདན་ས།
---སེ་ར་ཐེག་ཆེན་གླིང་།
སེ་ར་ཐེག་ཆེན་གླིང་དེ་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་རྒྱབ་རི་རྒྱལ་མཚན་གྱི་དབྱིབས་འདྲ་བའི་རི་གཤམ་དུ་གནས་ཡོད་ཅིང་། དེ་ཡང་རི་བོ་དགེ་ལུགས་པའི་དགོན་པ་ཆེ་བ་སེ་འབྲས་དགེ་གསུམ་གྱི་ཡ་གྱལ་ཡིན་པ་སྟེ། 1419ལོར་རྗེ་ཙོང་ཁ་བ་ཆེན་མོའི་ཕུལ་དུ་བྱུང་བའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་གིས་ཕྱག་བཏབ།
དགོན་པའི་ཉེ་འདབས་སུ་སེ་བའི་ཤིང་མང་བོ་ཡོད་པས་སེ་ར་ཞེས་འབོད། སེ་ར་དགོན་པ་མ་བཞེངས་གོང་རྗེ་ཙོང་ཁ་བ་ཆེན་པོ་སེ་ར་ཆོས་སྡིངས་གླིང་དུ་ཆོས་ཀྱི་འཁོར་ལོ་སྐོར་ཞིང་བཞུགས་སྐབས་གཟིགས་སྣང་ལ་ཤེར་ཕྱིན་གྱི་སྟོང་ཉིད་ཉི་ཤུའི་དོན་གསེར་ཡིག་གཟུགས་སུ་ནམ་མཁའ་གང་བ་གཟིགས་པ་དེ་དག་རིམ་གྱིས་ཨ་ཡིག་རང་སྒྲ་སྒྲོག་པ་བཅུ་གསུམ་དུ་གྱུར་ནས་སེ་རའི་ཕ་བོང་ཞིག་ལ་ཐིམ་པའི་རང་བྱོན་དེ་སེ་ར་བྱེས་ཀྱི་ཆོས་རའི་ནང་ཨ་ཡིག་འབུར་དོད་དུ་ཡོད།
སེ་ར་ཐེག་ཆེན་གླིང་འདི་རྗེ་བདག་ཉིད་ཆེན་པོའི་བཀའ་བཞིན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ལ། སྣེའུ་རྫོང་དཔོན་ནམ་མཁའ་བཟང་བོས་སྦྱིན་བདག་ཞུས་ཏེ་ཕྱག་བཏབ། ཐོག་མར་གཞི་རྒྱ་ད་ལྟ་ལྟ་བུ་མེད་ཀྱང་རིམ་བཞིན་ཚོགས་ཆེན་དང་། རྒྱ་གྲྭ་ཚང་དང་། འབྲོམ་སྟེང་གྲྭ་ཚང་། སྟོད་པ་གྲྭ་ཚང་། སྨད་པ་གྲྭ་ཚང་བཅས་གྲྭ་ཚང་བཞི་ཚང་བ་དང་ཁང་ཚན་སོ་གསུམ་བྱུང་། རྗེས་སུ་བོད་རབ་བྱུང་བཅུ་གཉིས་པའི་ནང་རྒྱལ་བོ་ལྷ་བཟང་ཁང་གི་སྐབས་ཚོགས་ཆེན་འདུ་ཁང་གསར་བཞེངས་དང་། དེ་ནས་བྱེས་གྲྭ་ཚང་དང་སྔགས་པ་གྲྭ་ཚང་སོགས་གསར་འཛུགས་མཛད། ཕྱིས་སེ་ར་ཐེག་ཆེན་གླིང་གི་དགོན་དུ་བྱེས་སྨད་སྔགས་གྲྭ་ཚང་གསུམ་དུ་འདུས།
བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་བོད་རབ་བྱུང་དྲུག་པའི་སྤྱི་ལོ1354ལོར་འཁྲུངས། རྗེ་ཙོང་ཁ་བ་ཆེན་པོ་རྩ་བའི་བླ་མར་བསྟེན་ནས་བཀའ་ཆོས་མང་བོ་གསན། རྗེ་ཙོང་ཁ་བ་ཆེན་པོའི་གྲགས་པ་ས་གསུམ་ཀུན་ཏུ་ཁྱབ་པས། བོད་རབ་བྱུང་བདུན་པའི་ས་བྱི་སྤྱི་ལོ1408ལོར་མིང་རྒྱལ་རབས་ཀྱི་ཏཱ་མིང་གོང་མས་མི་སྣ་གསེར་ཡིག་པ་མངགས་ཏེ་རྗེ་ཙོང་ཁ་བ་ཆེན་པོ་གདན་འདྲེན་ཐེངས་གཉིས་ཙམ་ཞུས་ཀྱང་རྗེ་ཙོང་ཁ་བ་ཉིད་མི་ཚོགས་མང་བོའི་དཀྱིལ་དུ་ཕེབས་ཚེ་དབུ་སྙུང་བའི་རྐྱེན་གྱིས་ཕེབས་མི་ཐུབ་པའི་རྒྱུ་མཚན་ཞུས་ནས་གོང་མ་མཆོག་ཐུགས་རྒྱ་མཚོ་ལྟར་ཟབ་པས་དགོངས་བཞེས་ཡོད་པའི་ཞུ་ལན་མཛད། སྐུ་ཉིད་ཀྱི་ཚབ་ཏུ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས1414ལོ་དང་། སྤྱི་ལོ1429ལོར་ཐེངས་གཉིས་ནན་ཅིང་དང་པེ་ཅིང་ལ་ཕེབས། རི་བོ་རྩེ་ལྔར་ལྷ་ཁང་དྲུག་བཞེངས། པེ་ཅིང་དུ་ཧྥ་ཡོན་སི(法源寺)བྱ་བའི་ཆོས་སྡེ་བཏབ་སྟེ་ཡུན་རིང་བཞུགས། སྔ་རྗེས་ལོ་བཅུ་གཉིས་ཙམ་བཞུགས་ཏེ་ཞྭ་སེར་གྱི་བསྟན་པ་རྒྱ་ཆེར་སྤེལ། གོང་མ་ཡུང་ལོ་ཉིད་ཀྱིས་ཀྱང་དབང་ཞུས་གནང་ནས་བཀའ་ཆོས་མང་བོ་གསན་རྗེས་རྗེ་ཙོང་ཁ་བ་ཆེན་པོའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཉིད་ལ་འདི་ལྟ་བུའི་སྐུ་ཡོན་ཡོད་པ་ན་རྗེ་ཙོང་ཁ་བ་ཆེན་པོ་ལ་སྨོས་ཅི་དགོས་ཞེས་བསྔགས་པ་བརྗོད། གོང་མའི་དབུ་བླ་མཛད་དེ་ཞྭ་སེར་གྱི་བསྟན་པ་རྒྱ་ནག་དང་སོག་པོ་སོགས་ལ་ཐོག་མར་རྒྱ་ཆེར་སྤེལ་བ་མ་ཟད་རྒྱ་བོད་གཉིས་ཀྱི་ལམ་བར་དུ་གནས་པའི་དགོན་སྡེ་ཁག་དང་། དད་ལྡན་སྐྱེ་བོ་མཐའ་དག་ལ་རང་རང་གི་རེ་བ་དང་འཚམ་པའི་བཀའ་ཆོས་དང་བཀའ་ལུང་རྒྱ་ཆེ་མཛད་ནས། སྐྱེ་བོ་ཐམས་ཅད་ཀྱི་ཡིད་ལ་བདུད་རྩིའི་ཡོན་ཏན་སྟེར་བ་དང་སྦྲགས་དད་པའི་སྤུ་ལོང་གཡོ་བའི་ངོ་མཚར་རྨད་དུ་བྱུང་ངོ་། །
གོང་མ་ཡུང་ལོ་མཆོག་ནས་ཐམས་ཅད་མཁྱེན་པ་བློ་གྲོས་ཆེན་པོ། ཀུན་གྱི་སྐྱོབ་པ་བྱམས་པ་ཆེན་པོ། ཡངས་པའི་རྒྱལ་ཁམས་ཐམས་ཅད་བདེ་བར་སྦྱོར་བ། ཀུན་གྱི་གཙུག་ཏུ་དབང་བསྐུར་བ། ནུབ་ཕྱོགས་ཀྱི་རྒྱལ་བའི་སྲས་བོ། སྐྱིད་པའི་རྒྱལ་སྲིད་མི་འགྱུར་བརྟན་པའི་བླ་མ་ཆེན་པོ། ཏཱ་ཀོའུ་གོ་ཤི་བྱམས་ཆེན་ཆོས་རྗེ་ཞེས་མཚན་བསྟོད་དང་སྦྲགས་དབུ་ཞྭ་ནག་པོ་དེ་རྒྱ་ནག་གི་བླ་ཆེན་ཏའོ་ཧྲེ་ཞེས་པའི་དབུ་ཞྭར་དཔེ་བླངས་ནས་འཇའ་ས་དང་ནང་རྟེན་སོགས་མང་བོ་ཕུལ་ནས་བསྟན་འཛིན་མཐའ་དག་གི་གཙུག་རྒྱན་དུ་མངའ་གསོལ། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་སྐུ་ཚེ་ཧྲིལ་བོར་འགྲོ་དོན་མཛད་པ་མ་ཟད། རྒྱ་བོད་མི་རིགས་དབར་ཆོས་དང་། རིག་གཞུང་། ཆབ་སྲིད་བཅས་ཀྱི་ཐད་མཛའ་མཐུན་གྱི་འབྲེལ་ལམ་ཟབ་མོ་འཛུགས་པ་གནང་ནས་བླ་ན་མེད་པའི་མཛད་རྗེས་བཞག
དགུང་ལོ་གྱ་གཉིས་ལ་པེ་ཅིང་ནས་བོད་ལ་ཕེབས་པའི་ལམ་བར་སྟེ1435ལོར་མཛོ་མོ་མཁར་དུ་སྐུ་གཤེགས། དེ་ནས་བཟུང་བོད་ཟླ10པའི་ཚེས24དྲན་གསོའི་མཆོད་སྤྲིན་ཕུལ་ནས་བཞི་མཆོད་ཕུལ་བའི་སྲོལ་དར།
དགོན་པ་འདིར་ཏཱ་མིང་གོང་མས་ནན་ཅིང་དུ་བརྐོས་ནས་ཕུལ་བའི་བོད་ཡིག་བཀའ་འགྱུར་མཚལ་དཔར་དཔར་ཕུད་དང་། བྱམས་ཆེན་ཆོས་རྗེར་སྐུ་ཡོན་དུ་གནང་བའི་ཐུབ་དབང་གི་ཞལ་ཐང་མཁའ་འགྲོ་བཀྲས་བཏགས་ཐོག་ཚད་མ། བརྒྱད་སྟོང་གསེར་བྲིས་མ། གོང་མ་ཡུང་ལོས་ཕུལ་བའི་བརྙན་དཀར་ལས་བཞེངས་པའི་གནས་བརྟན་བཅུ་དྲུག དགེ་སློང་མ་དཔལ་མོའི་ཐུགས་དམ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྐུ་བརྙན། རྟེན་རྫས་དང་། སྐུ་གསུང་ཐུགས་རྟེན། རིག་གནས་དངོས་རྫས་བརྗོད་ཀྱིས་མི་ལང་།
1705ལོ་ནས་བཟུང་རྒྱལ་བོ་ལྷ་བཟང་ཁང་གིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཀྲོངས་ཏེ་དེའི་སྡིག་བཤགས་སུ་སེ་ར་ཚོགས་ཆེན་གྱི་འདུ་ཁང་གསར་རྒྱག་དང་། གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་ཐོག་སོ་གཉིས་ལྡན་མ་བཞེངས། སྐུ་བརྙན་དེ་དེང་སང་མཇལ་རྒྱུ་ཡོད་ལ་སྐུ་ལུས་ལ་སོག་པོ་ཅིན་གར་དམག་དཔུང་གི་མེ་མདའ་ཕོག་ཤུལ་ཡང་ཡོད། སེར་སྨད་གྲྭ་ཚང་གི་རྟེན་གཙོ་བོ་བསམ་ཡས་དགེ་རྒྱས་བྱེ་མའི་གླིང་ནས་གདན་དྲངས་པའི་ཐུབ་དབང་གྲོང་ཁྱེར་མ། སེར་བྱེས་གྲྭ་ཚང་གི་རྟེན་གཙོ་རྟ་མགྲིན་དང་ཕུར་བ་སོགས་བྱིན་ཅན་མང་།
སེ་ར་ལྔ་སྟོང་ལྔ་བརྒྱ་ཞེས་དགེ་འདུན་གྱི་འབོར་གྲངས་ཚད་གཞི་ཡོད་རུང་། དོན་དངོས་དེ་ལས་བརྒལ་ཡོད། སེ་ར་རི་ཁྲོད་ཀྱིས་བསྐོར་ཞེས་ཉང་བྲན་ཕུ་ཡི་འཇོག་པོ་རི་ཁྲོད་ནས་ཤར་སྒར་བ་རི་ཁྲོད་བར་རི་ཁྲོད་ཆེ་ཆུང་བཅུ་གྲངས་ཙམ་ཡོད། བཤད་ཚུལ་འབྲས་སྤུངས་འབྲས་དཀར་སྤུངས་པ་ལྟ་བུ་དང་སེ་ར་སེ་ར་བབས་པ་ལྟ་བུ་ཞིག་བཤད་སྲོལ་ཡོད། འོན་ཀྱང་སེ་རའི་གོང་གི་ཕ་བོང་སེ་ར་བབས་ལྟ་བུ་དག་ལས་ཀྱང་མང་བའི་མཁས་པ་མང་བོ་བྱོན་པ་ནི་བྱམས་ཆེན་ཆོས་རྗེ་རྒྱ་གོང་མའི་དབུ་བླ་བྱས་པ་ལས་ཀྱང་རླབས་ཆེ་བ་རེད།