བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དགེ་ལྡན་བསྟན་པའི་མ་དགོན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང།
ཆོས་སྡེ་ཆེན་པོ་འདི་ཉིད་ནི་མཚོ་སྔོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་ནས་ནུབ་ཕྱོགས་སྤྱི་ལེ་ཉེར་དྲུག་གི་གནས་སུ་ཆགས་ཡོད་ཅིང་། དེ་ཡང་ཡན་ལག་བརྒྱད་དང་ལྡན་པའི་ཀླུང་ཆེན་རྨ་ཆུ་དང་། ཙོང་ཆུ་གཉིས་གཉེན་དུ་སྡེབ་པའི་འདྲེས་མདོ་ནས་བཟུང་ནུབ་ཕྱོགས་ཉིན་ལམ་མང་པོས་ཆོད་པའི་རི་རྒྱུད་ཆེན་པོ་རྨ་ཆེན་གངས་རི་ལ་ཐུག་གི་བར་ཙོང་ལ་རིང་མོ་ཞེས་གྲགས་པ་ལ་ཉིན་སྲིབ་ཀྱི་ཆ་གཉིས་ལས་གཡོན་ངོས་ཉིན་གྱི་ཆར་མཉམ་མེད་ཙོང་ཁ་པ་ཆེན་པོ་འཁྲུངས་པའི་གནས་ཆེན་སྐུ་འབུམ་བྱམས་པ་གླིང་ཆགས་ཤིང་། གཡས་ངོས་སྲིབ་ཀྱི་ཆར་རྗེ་ཐམས་ཅད་མཁྱེན་པ་དེ་ཉིད་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བའི་གནས་བྲག་བྱ་ཁྱུང་ཞེས་མདོ་སྨད་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་ཞྭ་སེར་བསྟན་པའི་འབྱུང་ཁུངས་འདི་ཉིད་གནས་ཡོད།
དགོན་འདི་ནི་རྗེ་ཙོང་ཁ་པའི་འགྲན་གྱི་དོ་མེད་དུ་གྱུར་བའི་ཡོངས་འཛིན་ཤར་ཕྱོགས་རིག་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་དཔལ་བཟང་པོ(སྤྱི་ལོ1309—139)ཡིས་རབ་བྱུང་ལྔ་པའི་ས་གླང་སྤྱི་ལོ1349ལོར་ཐོག་མར་ཕྱག་བཏབ་པ་ཡིན། ཐོག་མར་ཕྱག་འདེབས་སྐབས་མགོན་ཁང་ཆེན་མོ་དང་། ལྷ་ཁང་ཆེན་མོའི་རྟེན་དང་བརྟེན་པ་དང་། སྣང་རའི་གསེར་ཁང་སོགས་བཞེངས་ཤིང་རབ་ཏུ་གནས་པས་བྱིན་རླབས་ཀྱི་གཏེར་དུ་བསྒྲུབས།
ཆོས་སྡེ་ཆེན་པོ་དེའི་རྟེན་གཙོར་རྟེན་གཞན་དང་མཉམ་ཟླ་མེད་པའི་ཁྱད་ཆོས་ཅན་དུས་བཟང་རྣམས་སུ་ལོ་རེ་བཞིན་རྒྱུན་མི་ཆད་དུ་གླིང་ལ་ཁྱབ་པའི་དྲི་ཞིམ་གྱི་བདུད་རྩིའི་ཟིལ་པ་ཁྲོམ་མེར་འབབ་པའི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་གདུང་ཡིད་བཞིན་དབང་གི་རྒྱལ་པོ་དངོས་བཞུགས་ཀྱི་གསེར་གདུང་ཆེན་མོ་དང་། རྗེ་ཙོང་ཁ་པའི་གཟིམ་སྤྱིལ། ཨ་ར་པ་ཙའི་སྒྲུབ་ཁང་། ཆོས་རྗེ་ཉིད་ཀྱི་བཞེངས་པའི་ལྷ་ཁང་ཆེན་མོ་རྟེན་དང་བརྟེན་པ། དགོན་པའི་གཡས་གཡོན་དུ་ཉི་ཟླའི་རྣ་ཆ་ལྟ་བུར་བྱིན་ཆགས་པའི་གསང་ཆེན་རྒྱུད་པ་གྲྭ་ཚང་དང་། དུས་འཁོར་གྲྭ་ཚང་གི་འདུ་ཁང་གཉིས་དང་། རྒྱལ་བའི་གསུང་རབ་འཕྲུལ་པར་དུ་འདེབས་པའི་པར་ཁང་ཆེན་མོ། དམ་པའི་སྐྱེ་རྒྱུད་མུ་ཏིག་གི་ཕྲེང་བས་བྱིན་གྱིས་བརླབས་པའི་སྒར་ཆེན་བཞི་སོགས་སྐུ་གསུང་ཐུགས་རྟེན་མཛེས་ཤིང་བྱིན་སྤར་བ་བགྲང་གིས་མི་ལངས་པ་དང་། གཙུག་ལག་ཁང་སོ་སོའི་ཐོག་ཁར་འཛམ་བུའི་ཆུ་གསེར་ལ་འགྲན་བཟོད་པའི་རྒྱ་ཕིབས་ཆེ་ཆུང་། གཉྫིར། རི་དྭགས་ཆོས་འཁོར་སོགས་མིག་གི་གཟི་མདངས་འཕྲོག་པའི་མཛེས་བྱེད་ལྷང་ངེར་གསལ་བས་མཐོ་རིས་ཁང་བཟང་ལ་ཅོ་འདྲི་བ་ལྟ་བུར་ཡོད་དོ།།
དེ་ལྟ་བུའི་ཆོས་སྡེ་ཆེན་པོ་དེར་གཅན་རོང་ཚོ་བཅོ་བརྒྱད་ནས་ཐོན་པའི་གྲྭ་རྒྱུན་སྟོང་ཕྲག་ཏུ་ལོངས་པ་ལས་ཆོས་རྗེ་དོན་རིན་པ་ནས་བཟུང་མཁན་རབས་རྣམས་ནས་གཙོས་ཆོས་རར་འགྲིམ་མཁན་རྣམས་ནི་ཞི་དུལ་བག་ཡོད་ཀྱི་བརྟུལ་ཞུགས་ལྷུར་བླངས་ཤིང་དཀའ་ཐུབ་ཆོག་ཤེས་ཀྱི་རྒྱན་ཕྲེང་ངོམ་བཞིན་དཔེ་ཁྲིད་རྩོད། རྒྱུགས་བརྩི་བཞག འཛིན་སྐྱོར་སྦྱངས་སོགས་ཀྱི་སྒོས་མདོ་ཕྱོགས་ཀྱིས་བསྡུས་པའི་བཀའ་པོད། སྔགས་ཕྱོགས་ཀྱིས་བསྡུས་པའི་རྒྱུད་སྡེ། རིག་གནས་ཀྱིས་བསྡུས་པའི་སྒྲ་དང་བཟོ་རིག་ཚུན་ཆད་ཕྱོགས་རིས་ཡ་བྲལ་དུ་མ་སོང་བར་མཁས་པ་སྔོན་བྱོན་རྣམས་ཀྱི་སྦྱངས་སྲོལ་གྲ་མ་ཉམས་གྲུ་མ་ཆག་པར་སྦྱོང་ཅི་ཐུབ་ལ་བརྩོན་པ་དང་། ཐུགས་མཐུན་ཁྲིམས་གཙང་སོགས་ཀྱི་ཉམས་ལེན་གནས་ལ་ལྷག་བསམ་དག་པོས་གཞོལ་བ་དང་། ལྷག་དོན་རབ་བྱུང་བཅུ་པའི་ཆུ་ཕག་སྤྱི་ལོ་༡༦༢༣ལོར་ཆོས་རྗེ་བསྟན་པ་རིན་ཆེན་གྱིས་མཚན་ཉིད་བཙུགས་པ་ནས་བཟུང་བཀའ་པོད་ལྔའི་འཆད་ཉན་དང་བརྒལ་བརྟག་གི་འཕྲིན་ལས་འཕེལ་བར་བརྟེན་འཆད་རྩོད་རྩོམ་གསུམ་ལ་དབང་བསྒྱུར་བའི་མཁས་དབང་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུ་བྱོན་པ་ལས་བྱ་ཁྱུང་མངའ་ཞབས་ནས་འཁྲུངས་ཤིང་ཐོག་མར་ཆོས་སྡེ་འདིའི་ཆོས་སྒོར་ཞུགས་པའི་གྲས་ནས་རྒྱལ་བ་པཎ་ཆེན་སྐུ་ཕྲེང་གི་ཡོངས་འཛིན་མཛད་པར་མ་ཟད། དགའ་ལྡན་གསེར་ཁྲིའི་གོ་གནས་སུ་བྱོན་པ་ཡང་ཁྲི་ཆེན་ངག་དབང་མཆོག་ལྡན་དཔལ་བཟང་པོ་དང་། ཁྲི་ཆེན་ངག་དབང་ཆོས་གྲགས། ཁྲི་ཆེན་ངག་དབང་སྙན་གྲགས་ཏེ་རྣམ་པ་གསུམ་དང་། གཞན་བྱ་ཁྱུང་གི་མངའ་ཞབས་ཤིས་བཞིན་ནས་འཁྲུངས་པའི་དགའ་ལྡན་གསེར་ཁྲི་ཨང་ཞེ་དྲུག་པ་བསམ་བློ་སྦྱིན་པ་རྒྱ་མཚོ་སོགས་གཅིག་ལས་གཅིག་ཆེའི་ཚུལ་དུ་བྱོན་པའི་བསྟན་འཛིན་གྱི་སྐྱེས་བུ་དཔེ་ཟླ་དང་བྲལ་བ་མང་པོ་བྱོན་ཡོད།
མདོར་ན་ཆོས་རྗེ་དོན་རིན་པའི་གདན་ས་དམ་པ། མཉམ་མེད་ཙོང་ཁ་པ་ཆེ་པོས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་བསླབ་པ་བཞེས་པའི་བྱིན་རླབས་ཀྱི་གནས་ཆེན། ལུང་རིགས་སྨྲ་བའི་སེང་ཆེན་སྲབ་མེད་དུ་འཕྱོ་བའི་ཆོས་ཀྱི་དོ་ར། འདོད་ཆུང་ཆོག་ཤེས་ཀྱི་རྒྱན་དང་ལྡན་པའི་འདུལ་འཛིན་གསེར་རིའི་ཕྲེང་བ་རིམ་བྱོན་གྱི་བསྟི་གནས། དགེ་ལྡན་བསྟན་པའི་མ་མགོན་དང་། དགེ་ལྡན་བསྟན་པའི་ཆུ་མགོ་ཞེས་གཟུར་གནས་མཁས་པ་ཡོངས་ཀྱིས་མགྲིན་གཅིག་ཏུ་བསྔགས་པར་མཛད་པའི་གནས་ཆེན་འདི་ཉིད་ནི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རྣམས་དང་དད་ལྡན་མང་ཚོགས་རྣམས་ཀྱིས་གནས་མཇལ་ཞུ་ཡུལ་མཆོག་ཏུ་གྱུར་པ་ཞིག་ཡིན་ནོ།།