logo

བྲག་ལྷ་མོ།

རྩོམ་པ་པོ།:ཨོ་རྒྱན། ཡོང་ཁུངས།:《ཁམས་པའི་འཛུམ་རིས》ལས་བཏུས། དུས་ཚོད།:2015-01-18 ཀློག་གྲངས།:

 བྲག་ལྷ་མོ།
བྲག་ལྷ་མོ།

  སྤྱི་ལོ640ལོར་ཐང་རྒྱལ་རབས་ཀྱི་རྒྱ་བཟའ་ཀོང་ཇོ་བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་ཕེབས་ཏེ་མཚོ་སྔོན་ཡུལ་ཤུལ་ལ་འབྱོར་སྐབས། ས་དེ་གའི་སྣོད་བཅུད་ཀྱི་མཛེས་སྡུག་གིས་ཀོང་ཇོའི་ཡིད་སེམས་རབ་ཏུ་དྲངས་པས་དེ་གར་ཟླ་བ་གཉིས་ཙམ་ངལ་གསོས་པ་རེད། དེའི་རིང་ལ་ཀོང་ཇོ་ཡུལ་ཤུལ་གྱི་མཐའ་འཁོར་དུ་ཕེབས་པ་མ་ཚད། ཁམས་ཁུལ་འདན་ཁོག་གི་ཕྱོགས་བཞིའི་བྲག་ལ་ལྷ་སྐུ་བཞི་བཞེངས་པ་སྟེ།  ཤར་ཕྱོགས་ལ་དེ་བཞིན་གཤེགས་པ་དང་། ལྷོ་ཕྱོགས་སྒྲོལ་མ་ལྷ་ཁང་གི་ཁ་གཏད་ཀྱི་བྲག་ངོས་སུ་སྒྲོལ་མ་ཉེར་གཅིག་གི་སྐུ་དང་། ནུབ་པདྨ་རི་འདབས་སུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། བྱང་ཕྱོགས་གླང་རོང་ཕུག་གི་ལམ་འགྲམ་གྱི་བྲག་ངོས་ཀྱི་དཀྱིལ་དུ་ཚེ་དཔག་མེད་དང་། གཡས་སུ་སྤྱན་རས་གཟིགས་། གཡོན་དུ་ཕྱག་ན་རྡོ་རྗེ་བཅས་བརྐོས་ཡོད་པས་མི་ཚང་མས་དེ་ལ་བྲག་ལྷ་མོ་ཞེས་འབོད། ལྷ་སྐུའི་ཕྱོགས་བཞིར་བོད་ཀྱི་བརྡ་རྙིང་ཡི་གེ་བརྐོས་འདུག་ལ། བཤད་སྲོལ་དུ་དེ་ནི་རྒྱ་བཟའ་ཀོང་ཇོས་མོ་དང་མཉམ་དུ་ཕེབས་པའི་རྒྱ་ནག་གི་རྡོ་བཟོ་ལ་བརྐོས་བཅུག་པ་གྲགས། སྐབས་དེ་དུས་མི་རྣམས་ཀྱི་སྣང་ངོར་ཀོང་ཇོ་ནི་ལྷ་ལས་མཛེས་པས་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་བྲག་ལྷ་མོ་ཞེས་འབོད། བྲག་བརྐོས་འདི་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་རིང་ལ་ཉི་ཤར་ཆར་འབབ་ཀྱིས་གཏོར་བཤིག་ཅུང་ཟད་ཐེབས་མོད། ལྷ་སྐུའི་རི་མོ་ད་དུང་མངོན་གསལ་དོད་པ་དང་། རི་མོ་འབྲི་སྟངས་དང་ལྷ་སྐུའི་གོས་རྒྱན་གྱིས་དེ་ནི་ཐང་རྒྱལ་རབས་དུས་ཀྱི་བརྐོས་རིས་ཡིན་པར་ར་སྤྲོད་བྱེད་ཐུབ། 

 
བྲག་ངོས་སུ་བརྐོས་པའི་ལྷ་སྐུ།


འབྲེལ་ཡོད་འོས་སྦྱོར།