logo

ནང་སོག་གི་འོད་དཔག་མེད་གཙུག་ལག་ཁང་དགོན་པ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-23 ཀློག་གྲངས།:


ནང་སོག་གི་གཙུག་ལག་ཁང་དགོན་པ།

          མང་རྒྱལ་རབས་ཀྱི་སྐབས་ཏེ་རབ་བྱུང་བཅུ་བའི་ལྕགས་ལུག་སྤྱི་ལོ1571ལོར། སོག་རྒྱལ་ཨན་ཐལ་ཧན་གྱིས་གདན་ཞུ་ཞུས་པ་ལྟར་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མདོ་སྨད་མཚོ་སྔོན་ཕྱོགས་སུ་ཕེབས་ནས་དེང་གི་མཚོ་ལྷོ་ཁུལ་ཆབ་ཆ་ཡུལ་དུ་མཆོད་ཡོན་ཞལ་འཛོམས་ཐོག་དེར་ཕོ་བྲང་དང་ལྷ་ཁང་གཅིག་ལྕོགས་ཀྱི་ཐེག་ཆེན་ཆོས་འཁོར་གླིང་ཞེས་པ་བཏབ་ཅིང་།  གནས་ཡུལ་འདི་མཁས་པ་ལ་ལས་ཕྱིས་ཀྱི་ཆབ་ཆའི་ཆུ་མཛོད་བཅོས་ཤུལ་ནས་རྟེན་རྟགས་ཐོན་ཞེས་གསུངས་པས་མཚོན་དེ་ཕྱོགས་ཡིན་པར་མངོན།  སྔར་སོག་པོའི་ཡུལ་སྲོལ་ལ་མི་ཤི་བའི་རྗེས་སུ་དེར་དམིགས་ནས་ཨོང་བཀོད་ཅེས་གྲགས་པ་གཤིན་པོ་ཐམས་ཅད་ཀྱི་གཟུགས་བྱས་ཏེ་ཕྱུགས་ཟོག་གི་སྲོག་བཅད་དེ་ཁྲག་མཆོད་བྱེད་པ་སོགས་ཀྱི་ལུགས་ངན་མཐའ་དག་བཅོས་ཏེ་ཁྲིམས་བཅས་ཐོག   རྒྱལ་བློན་སྡེ་འབངས་དང་བཅས་པ་དགེ་བཅུའི་གནས་ལ་དགོད་པར་མཛད་པས་མཚོན་སྡིག་སྤོང་དགེ་སྒྲུབ་ཀྱི་སྒོ་ནས་བསྟན་པ་རིན་པོ་ཆེ་སྤེལ་པར་མཛད། དེར་ཨན་ཐལ་ཧན་གྱིས་རྒྱལ་བ་མཆོག་ལ“ཏཱ་ལའི་བླ་མ་བཛྲ་དྷ་ར”ཞེས་པ་སྟེ་ཁྱབ་བདག་རྡོ་རྗེ་འཆང་ངམ་རྒྱ་མཚོའི་བླ་མ་རྡོ་རྗེ་འཆང་ཞེས་པའི་ལས་ཐམ་ཕུལ་ཞིང་དེ་ནས་བཟུང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་ཏཱ་ལའི་བླ་མ་ཞེས་པའི་མཚན་འདི་ཆགས་པ་ཡིན་ནོ།།


མཆོད་རྟེན།

          དེའི་རྗེས་རྒྱལ་བ་མདོ་སྟོད་ཕྱོགས་སུ་ཕེབས་ཏེ་དགོན་སྡེ་ཕྱག་འདེབས་སོགས་བསྟན་པ་རྒྱ་ཆེར་སྤེལ་བཞིན་པའི་ཚེ་སོག་རྒྱལ་ཨན་ཐལ་ཧན་བགྲོངས་པ་དང་སྲས་རྣམས་ཀྱིས་བསྔོ་ཞུ་ཕེབས་རྒྱུ་ནན་ཞུས་བྱས་པ་བཞིན་རབ་བྱུང་བཅུ་བའི་ལྕགས་སྦྲུལ་སྤྱི་ལོ1581ལ་མདོ་སྨད་བརྒྱུད་སོག་ཡུལ་མཐིལ་མཁར་སྔོན་པོར་ཕེབས་ཏེ་རྒྱལ་པོའི་འདས་མཆོད་དང་བསྟུན་ཡུལ་དེར་གཙུག་ལག་ཁང་རྟེན་བརྟེན་པ་བཞེངས་ཏེ་སོག་ཡུལ་དུ་བསྟན་པ་རྒྱ་ཆེར་སྤེལ།  
          1640ལོར་ཆིན་རྒྱལ་པོ་ཧོང་ཐེ་ཅིའི་བཀའ་ལྟར་བསྐྱར་བསྐྲུན་གནང་སྟེ་འོད་དཔག་མེད་དགོན་པ་ཞེས་མཚན་བཏགས་པར་བརྟེན་ད་ལྟའི་བར་མིང་འདི་རྒྱུན་འབྱམས་སུ་ཕྱིན། དགོན་པ་འདིའི་སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི3ཡོད་ཅིང་།  རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་གལ་ཆེན་གྱི་གྲས་སུ་ཚུད།


འབྲེལ་ཡོད་འོས་སྦྱོར།