ལྷོ་བྲག་སྲས་མཁར་དགུ་ཐོག་མཚམས་སྦྱོར་མདོར་བསྡུས།
སྲས་མཁར་དགུ་ཐོག་ནི་ལྷོ་ཁ་ས་ཁུལ་ལྷོ་བྲག་རྫོང་ཁོངས་ཀྱི་སྲས་བྱ་བའི་ཡུལ་ཚོར་མངའ་ཞིང་། དེ་ནི་སྤྱི་ལོ1080ཡས་མས་སུ་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད་མཁན་མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་ཐུགས་སྲས་རྗེ་བཙུན་མི་ལ་རས་པས་བཞེངས་པའི་ཁྱད་དུ་འཕགས་པའི་མཁར་རྙིང་ཞིག་ཡིན།
མི་ལ་རས་པའི་ཡབ་མི་ལ་ཤེས་རབ་རྒྱལ་མཚན་སྐུ་གཤེགས་རྗེས་ཁོང་གི་ཨ་ཁུ་དང་ཨ་ནེ་གཉིས་ཀྱིས་ཕ་ཤུལ་གྱི་ནོར་གཞིས་རྣམས་ཕྲོགས་པར་མ་ཟད། “དབྱར་ཞིང་ལས་བྱེད་དུས་ཨ་ཁུའི་གཡོག དགུན་བལ་ལས་བྱེད་དུས་ཨ་ནེའི་གཡོག”བྱས་ནས་ལྟོ་ཁྱི་ཡི་ལྟོ་དང་ལས་བོང་བུའི་ལས་ཞེས་པ་ལྟར་ཁོང་མ་བུ་གསུམ་ལ་དཀའ་སྡུག་བཟོད་དུ་མེད་པ་མྱངས་དུ་བཅུག དེ་བས་རྗེ་བཙུན་མི་ལ་རས་པ་དབུས་སུ་བྱོན་ནས་མཐུ་སེར་བསླབས་ཏེ་དགྲ་ལ་འཁོན་ལན་གླན་པར་མི་མང་པོ་བསད་པས་ཁོང་དང་ཡུལ་མི་ཚོའི་བར་དུ་འགལ་བ་ཆེན་པོ་བྱུང་། ཕྱིས་སུ་ཐུགས་འགྱོད་ཚད་མེད་སྐྱེས་ནས་སྡིག་སྒྲུབ་སྦྱངས་པའི་ཆེད་དུ་ཆོས་བྱེད་པར་ལྷོ་བྲག་ཏུ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་མཇལ། ཡིན་ན་ཡང་། བླ་མ་མར་པས་ཆོས་གསུང་རྒྱུ་ཞལ་གྱིས་མ་བཞེས་པར་སྒྲིབ་སྦྱོང་གི་ཆེད་དུ་ལོ་དྲུག་དང་ཟླ་དྲུག་རིང་དུ་སྲས་དར་མ་མདོ་སྡེའི་སྐུ་མཁར་བརྩིགས་པ་སོགས་ཀྱི་ལས་ཀ་མང་པོ་བྱེད་དུ་བཅུག་ཀྱང་། མི་ལ་རས་པས་སྒྲུབ་པར་དཀའ་བའི་མཁར་ལས་རྣམས་གྲུབ་པ་དང་བཟོད་པར་དཀའ་བའི་ཉམས་སད་རྣམས་ཐེག་པར་བྱས་མཐར་མཆོག་གི་དངོས་གྲུབ་ཐོབ།
སྲས་མཁར་དགུ་ཐོག་ནི་རྒྱབ་བྲག་རི་ལ་བརྟེན་ནས་གནའ་མཁར་གྱི་རྣམ་པ་ལྟར་བཞེངས་འདུག་ལ། ཆོས་སྡེ་འདི་ཐོག་མ་བཀའ་བརྒྱུད་པར་གཏོགས་ཤིང་། ཕྱིས་སུ་དགེ་ལུགས་པའི་གྲུབ་མཐར་བསྒྱུར་བ་ཡིན། དུས་རབས16བའི་དུས་འགོར་དཔའ་བོ་གཙུག་ལག་ཕྲེང་བས་གསེར་ཟངས་ཀྱི་རྒྱ་ཕིབས་བསྒྲོན་པ་དང་མཉམ་དུ་དགེ་འདུན་གྱི་སྡེ་ཆེན་པོ་བཙུགས་ཤིང་། བཤད་སྲོལ་ལྟར་ན་འདུ་ཁང་གི་ལྡེབས་རིས་ནི་དཔའ་བོ་གཙུག་ལག་ཕྲེང་བས་བྲིས་པ་ཡིན། རྗེས་སོར་རྒྱལ་དབང་སྐུ་ཕྲེང་ལྔ་བ་བློ་བཟང་རྒྱ་མཚོས་སྲིད་སྐྱོང་བའི་དུས་སུ་བཀའ་ཤག་སྲིད་གཞུང་གིས་ཆོས་སྡེ་འདིར་ལོ་རེར་ཐེངས་གཅིག་ལ་ཞིག་གསོ་བྱེད་རྒྱུའི་ཐག་བཅད་པ་དང་། སྤྱི་ལོ1944ལ་བསམ་འགྲུབ་དགོན་གྱི་དགོན་བདག་བླ་མས་ཞིག་གསོ་བྱས་ནས་རྒྱ་བསྐྱེད་པ་རེད།
སྲས་མཁར་དགུ་ཐོག་གི་གཅིག་ཐོག་དང་ཉིས་ཐོག་གཉིས་མཛོད་ཁང་དུ་བྱས་པ་དང་། དེ་ལས་གཞན་ཐོག་ཁང་སོ་སོའི་ནང་དུ་རྒྱལ་བ་རྡོ་རྗེ་འཆང་དང་། ཏཻ་ལོ་བ། ནཱ་རོ་བ། མར་པ་ལོ་ཙཱ་བ་སོགས་ཀྱི་སྐུ་བརྙན་བཞེངས་འདུག་ཅིང་། ཆོས་སྡེ་འདི་རུ་མར་པ་ལོ་ཙཱ་བས་ཤངས་ཁྲག་གིས་བྲིས་པའི་ལྷ་མོ་དུད་སོལ་མའི་སྐུ་བརྙན་དང་། དཔའ་བོ་གཙུག་ལག་ཕྲེང་བའི་རྒྱ་བསྐྱེད་གནང་བའི་འདུ་ཁང་། མགོན་ཁང་རྙིང་མ། སྔོན་མའི་ལྡེབས་རིས་རྙིང་མ། མི་ལའི་རྒྱབ་རྡོ་སོགས་རྟེན་བྱིན་རླབས་ཅན་མང་པོ་བཞུགས་ཡོད་པ་རེད།