དགའ་ལྡན་བསམ་འཕེལ་ནོར་བུ་གླིང་།
དགའ་ལྡན་བསམ་འཕེལ་ནོར་བུ་གླིང་གི་ཕྱིའི་བཀོད་པ།
དགའ་ལྡན་བསམ་འཕེལ་ནོར་བུ་གླིང་ནི་མདོ་སྟོད་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་ཁོངས་སུ་ཆགས་ཤིང་། ཆིན་རྒྱལ་རབས་ཁཱང་ཞིའི་སྐབས་ཏེ་སྤྱི་ལོ1669ལོར་བཞེངས་འགོ་བརྩམས། འདི་ལ་ལོ་རྒྱུས་ཀྱི་བྱུང་བ་རིང་མོ་ལྡན་ལ། ཁམས་ཕྱོགས་སུ་མངའ་བའི་གཞི་ཁྱོན་ཆེ་ཞིང་བཟོ་བཀོད་ཤིན་ཏུ་ལེགས་པའི་ཆོས་སྡེ་ཆེན་མོ་ཞིག་ཡིན་པ་རེད། བསམ་འཕེལ་གླིང་གི་ཚོགས་ཆེན་འདུ་ཁང་ཆེན་མོའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2001དང་རིམ་པ6ཡོད་ལ། འོག་རིམ་དུ་ཀ་བ280ཡིས་བཏེགས་ཤིང་མི5000ལྷག་ཤོང་བས། ཁམས་ཕྱོགས་ཀྱི་ཆོས་སྡེ་དང་པོ་ཞེས་པའི་མཚན་སྙན་གསོལ་འདུག
བསམ་འཕེལ་གླིང་ནི་ཁམས་པའི་དམངས་ཁྲོད་སྒྱུ་རྩལ་གྱི་བང་མཛོད་ལྟ་བུར་ཟངས་བརྐོས་དང་། འཇིམ་བརྐོས། ཤིང་བརྐོས་བཅས་སྣ་གསུམ་དུ་འདུས་པའི་ལྷ་སྐུ་བརྐོས་མའི་སྒྱུ་རྩལ་འཛོམས་པོ་ཡོད་ཅིང་། རྒྱ་གར་དང་། བལ་བོ། རྒྱལ་ནང་གི་བོད་ཁམས་ཀྱི་ལྷ་སྐུ་བརྐོས་མའི་སྒྱུ་རྩལ་གྱི་ཁྱད་ཆོས་དོད་པོ་ལྡན་པར་མ་ཟད། ཡུལ་གྲུ་དེ་གའི་ཁྱད་ཆོས་ཀྱང་མ་ཉམས་པར་གཟེངས་སུ་ཐོན་ཡོད་པ་རེད།
དགའ་ལྡན་བསམ་འཕེལ་ནོར་བུ་གླིང་འདུ་ཁང་དུ་བཞུགས་པའི་རྗེ་ཙོང་ཁ་བའི་ཟངས་སྐུ་ཆེན་མོ།
བསམ་འཕེལ་གླིང་དུ་ལྷ་སྐུ་བརྐོས་མའི་རིགས་གང་མང་འཛོམས་པའི་ཁར། བརྟན་གཡོ་སྣོད་བཅུད་མཛེས་པར་བྱེད་པའི་མཛེས་རིས་ཀྱི་བརྩམས་ཆོས་ཀྱང་གྱ་ནོམ་པ་ཡོད་དེ། བཀྲ་ཤིས་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན། ཚེ་རིང་རྣམ་དྲུག འདོད་ཡོན་ལྔ། མཐུན་པ་རྣམ་བཞི་སོགས་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་བཀྲ་ཤིས་པའི་རི་མོ་ཅི་རིགས་ཀྱིས་བརྒྱན་པར་བྱས།
བསམ་འཕེལ་གླིང་གི་སྲོལ་རྒྱུན་གྱི་ཆོས་ལུགས་རོལ་མོ་སྣ་དགུ་ཡོད་པའི་ཁྲོད་སོག་པོ་ཞེས་བྱ་བ་ཞིག་ཡོད་ཀྱང་། ལོ་རྒྱུས་དེབ་ཐེར་དུ་བཀོད་པ་ལྟར་ན་དེ་ནི་བསམ་འཕེལ་གླིང་གསར་བཞེངས་བྱེད་པའི་དུས་སུ་རྒྱལ་དབང་ལྔ་བས་སོག་པོའི་དམག་དཔོན་སྐྱབས་བུ་མཁའ་འགྲོ་བྱ་བ་ཞིག་ཡུལ་དེར་ཆོས་ལུགས་ལེགས་བཅོས་བྱེད་པར་མངགས་ཤིང་། ཁོང་སླེབས་རྗེས་སུ་ཡུལ་ལུང་དེར་མངའ་བའི་དགོན་སྡེ་ཆེ་འབྲིང་ཆུང་གསུམ108ཡོད་པ་བསམ་འཕེལ་གླིང་གི་ཁོངས་སུ་བསྡུས་ནས་དགེ་ལུགས་པའི་ཆོས་སྡེ་རུ་བསྒྱུར། དེའི་ཕྱིས་སུ་བསམ་འཕེལ་གླིང་གིས་སོག་པོའི་དམག་དཔོན་དེར་རྗེས་དྲན་བྱ་ཆེད་ལོ་རེའི་འཆམ་འཁྲབ་པའི་དུས་སུ་གདོང་ལ་དམག་དཔོན་དེའི་ཞལ་འབག་གྱོན་ནས་གར་འཆམ་འཁྲབ་པའི་སྲོལ་དེ་མ་ཉམས་པར་རྒྱུན་འཛིན་བྱས་པ་ལས་བྱུང་བ་ཡིན་ནོ། །