ཆབ་ཆ་དགོན་གསར་བཀྲ་ཤིས་ཐེག་ཆེན་གླིང་མཚམས་སྦྱོར་མདོར་བསྡུས།
ཆབ་ཆ་དགོན་གསར་བཀྲ་ཤིས་ཐེག་ཆེན་གླིང་།
ཆབ་ཆ་དགོན་གསར་བཀྲ་ཤིས་ཐེག་ཆེན་གླིང་ནི་སོར་རྒྱག་སྡེ་བ་དང་ཁད་ཉེ་བའི་བྱང་གི་ཕྱོགས་སུ་གནས་ཡོད་དེ་རི་བོ་དགེ་ལྡན་པའི་ཆོས་སྡེ་ཞིག་ཡིན། དགོན་དེའི་རྟེན་གཞི་ཐོག་མ་ནི་དེང་སང་གི་རྒྱལ་ར་སྡེ་བའི་གོང་ཕྱོགས་སུ་ཡོད་ལ། སྔོན་དུས་སོག་རྒྱལ་ཨལ་ཐན་ཧན་གྱིས་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་མཚོ་སྔོན་པོའི་ཕྱོགས་སུ་སྤྱན་འདྲེན་པའི་ཆེད་དུ་བཞེངས་པའི་གཙུག་ལག་ཁང་སྟེ། རྒྱལ་དབང་ཁོང་ཉིད་དང་སོག་རྒྱལ་ཨལ་ཐན་ཧན་མཆོད་ཡོན་མཇལ་འཛོམས་གནང་སའི་ཆབ་ཆ་ཐེག་ཆེན་ཆོས་འཁོར་གླིང་ཟེར་བ་དེ་ཡིན་ཞིང་། སྤྱི་ལོ1902ལོར། སེ་རའི་མཁན་ཆེན་སྐུ་ཕྲེང་གཉིས་པ་དགེ་འདུན་ཆོས་འབྱོར་རྒྱ་མཚོས། སྔོན་གྱི་དགོན་རྙིང་དེ་སོར་རྒྱག་སྡེ་བའི་བྱང་ཕྱོགས་ཀྱི་ཐེམ་ཐོག་དེ་ལ་སྤར་ནས་གསར་དུ་ཕྱག་འདེབས་གནང་སྟེ། མཚན་ཧྲིལ་བོར་ཆབ་ཆ་དགོན་གསར་བཀྲ་ཤིས་ཐེག་ཆེན་གླིང་གསོལ་ཞིང་། ཡོངས་སུ་གྲགས་པའི་བསྡུས་མིང་ལ་དགོན་པ་སོ་མ་ཟེར།