འབྲས་ལྗོངས་རུམ་བཏེག་དགོན།
ཆོས་འཁོར་གླིང་ངམ་རུམ་བཏེག་དགོན་ནི་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པས་ཕྱི་ལོ་ ༡༩༦༠ ལོ་རབས་ཀྱི་ནང་དུ་ཕྱག་བཏབ་ཅིང༌། འདི་ནི་བོད་དུ་བཞུགས་པའི་མཚུར་ཕུ་དགོན་ཕུད་རྒྱལ་དབང་ཀརྨ་པའི་གདན་ས་གཙོ་བོ་གཉིས་པ་ཡིན། དགོན་གནས་ནི་འབྲས་ལྗོངས་ཤར་ཕྱོགས་སུ་ཡོད་ཅིང་རྒྱལ་ས་སྒང་ཏོག་ལས་ཀི་ལོ་མི་ཊར་ ༢༤ སར་ཆགས་ཡོད།
རུམ་བཏེག་དགོན་གྱི་གྲུབ་ཆ་ནི།
རུམ་བཏེག་དགོན། སྒྱུ་རྩལ་ཀྱི་བཟོ་བཀོད་ཡིད་དུ་འོང་བའི་འདུ་ཁང་གི་མཐའ་བསྐོར་དུ་དགོན་པའི་གྲྭ་ཤག་ཆགས་ཡོད་ཅིང༌། དེར་དགེ་འདུན་པ་དང་སྤྲུལ་སྐུ་རྣམས་ལ་བླ་མ་གོང་མའི་ཕྱག་སྲོལ་བཞིན་གསང་སྔགས་ཀྱི་ཆོ་ག་ཕྱག་ལེན་དང་སྒོམ་སྒྲུབ་ཉམས་ལེན་བཅས་སློབ་འཁྲིད་གནང་བཞིན་ཡོད།
སྒྲུབ་གྲྭ་ཡིད་འོང་བསམ་གཏན་གླིང༌། ཕྱི་ལོ་༡༩༧༠ལོ་རབས་ནང་གསར་བཞེངས་མཛད་པའི་ལོ་གསུམ་ཕྱོགས་གསུམ་གྱི་སྐུ་མཚམས་བཞུགས་ས།
ཀརྨ་ཤྲི་ན་ལན་ད་ཆོས་ཚོགས། ཝཱརཱཎསིའ་སམ་སྐྲིཏའི་མཐོ་སློབ་ཀྱི་ཁོངས་སུ་གཏོགས་པའི་བཤད་གྲྭ་ཞིག་ཡིན་པ་དང༌། དེར་བློ་གསལ་གྲ་གཞོན་དང་སྤྲུལ་སྐུ་རྣམས་ནང་པའི་སྲོལ་རྒྱུན་གྱི་ལྟ་གྲུབ་རྣམས་དེང་དུས་ཤེས་ཡོན་གྱི་སྒྲོམ་གཞིའི་ཐོག་ནས་བསླབ་པ་སློབ་གཉེར་གནང་བཞིན་ཡོད།
ཀརྨ་བདེ་ཆེན་ཆོས་འཁོར། བཙུན་དགོན་འདི་ཉིད་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པས་ཕྱག་བཏབ་ཅིང༌། དེར་བཙུན་མ་རྣམས་ལ་གསང་སྔགས་ཀྱི་ཆོ་ག་ཕྱག་ལེན་དང་སྒོམ་སྒྲུབ་ཉམས་ལེན་གྱི་སློབ་འཁྲིད་ཆ་ཚང་འཐོབ་བཞིན་ཡོད།