མཚོ་སྔོན་མཚོ་ལྷོ་ས་ཁུལ་གྱི་བོན་དགོན་ཁག
དུང་དཀར་གཤེན་བསྟན་དར་རྒྱས་གླིང་།
དང་པོ་སྣང་ཞིག་ཀུན་བཟང་རིན་པོ་ཆེ་མཚོ་སྔོན་པོའི་ཕྱོགས་སུ་གདུལ་བྱར་ཕེབས་སྐབས། དགོན་གནས་འདི་བརྒྱུད་དུས་རྡོ་བ་གྲུ་བཞི་ཞིག་ཡོད་པའི་སྟེང་ནས་ཐལ་སྐད་བཏང་སྟེ་མཚན་ཉིད་རྩོད་པའི་ཐུགས་བསྐྱེད་གནང་། དུས་རབས་སྔོན་མའི་ལོ་རབས་ཉི་ཤུ་བར་(ཤར་རྫའི་དངོས་སློབ)སྟོང་སྐོར་ཚུལ་ཁྲིམས་བསྟན་འཛིན་དང་དགེ་སློང་དཔའ་མཆོག རྒྱལ་བ། ཚ་ཁོ་དགེ་སློང་རྣམ་གཉིས་བཅས་ཀྱིས་ཐོག་མར(༡༩༢༤ལོར་ཚུལ་ཁྲིམས་བསྟན་འཛིན་གྱིས)གྲྭ་ཤག་ཅིག་ཕུབ་པ་དེ་འདུ་ཁང་ལྟ་བུ་བྱས་ནས་གཞི་བཟུང་། ༡༩༤༣ལོར་སྣང་ཞིག་ཀུན་བཟང་གི་སྤྲུལ་སྐུ་ཨ་ལགས་བསྟན་འཛིན་ཚང་དགོན་པ་འདིའི་གསེར་ཁྲིར་བཀོད་ནས་དགོན་བདག་གི་འགན་བཞེས། ༡༩༥༢ལོར་འདུ་ཁང་བཞེངས། འདུས་གྲྭ་སུམ་ཅུ་ཙམ་དུ་འཕེལ། ཞབས་དྲུང་བསོད་ནམས་གཡུང་དྲུང་དབང་རྒྱལ་རིན་པོ་ཆེས་དགོན་པའི་མཚན་ལ་སྨིན་གྲོལ་དུང་དཀར་དགོན་ཞེས་གསོལ། ༡༩༥༨ལོར་དགོན་པའི་རྟེན་དང་བརྟེན་པ་ཐམས་ཅད་འཇིག ༡༩༧༩ལོར་འདུ་ཁང་ཁང་ལེབ་ཅན་དེ་བསྐྱར་དུ་བཞེངས། ༡༩༩༠ལོར་གཉའ་ཚུལ་ཁྲིམས་ཉི་མ་རིན་པོ་ཆེས་ད་ལྟའི་འདུ་ཁང་རྟེན་དང་བརྟེན་པ་བཅས་པ་འདི་བསྐྱར་བཞེངས་མཛད་དོ།།
རྐ་སར་གསང་སྔགས་བདུད་འདུལ་གླིང་།
བསྒྲུབ་སྡེ་འདི་ནི་མཚོ་སྔོན་ཆབ་ཆ་གྲོང་རྡལ་གྱི་བྱང་ངོས་སུ་ཡོད་ལ། ཐོག་མར་བསྒྲུབ་སྡེ་འཛུགས་མཁན་ནི་རྩེ་ཞིག་སྟོང་ཉིད་བྱ་འཕུར་གྱི་སྤྲུལ་སྐུ་ཡིན་པར་བཤད་དེ། ཁོང་གིས༡༨༦༩ལོར་གསས་ཁང་འདི་བཞེངས་ནས་བསྒྲུབ་རྒྱུད་ཀྱི་བསྟན་པ་རིན་པོ་ཆེ་དར་བར་མཛད། ༡༩༤༡ལོར་ཞབས་དྲུང་བསོད་ནམས་གཡུང་དྲུང་དབང་རྒྱལ་རིན་པོ་ཆེས་གཙོ་འགན་བཞེས་ནས་བསྐྱར་བཞེངས་མཛད་དུས་གཞན་སྡེས་ཕྲག་དོག་བྱས་ཏེ་བཞེང་དུ་མ་བཅུག་ནས་བར་ཆོད་བཟོས་པས། ཞབས་དྲུང་སྐུ་གོང་མའི་སྲིང་མོའི་བུ་སྟེ། ཟི་ལིང་ཡ་མིན་དུ་ཕྱག་ལས་གནང་བའི་དོན་སྐུ་ཞབས་ཀྱིས་ཡི་གེ་བྱིན་པ་སོགས་རམ་འདེགས་མཛད། བོན་གཤེན་ཁྲོ་རྒྱལ་དང་པདྨ་ཚེ་རིང་། ཡུལ་ལྷ། རིག་འཛིན་སོགས་ཀྱིས་བླ་མའི་ཐུགས་བཀོད་དང་དུ་བླངས་ནས་གསས་ཁང་གི་རྒྱ་བསྐྱེད་ནས་བསྐྱར་བཞེངས་གྲུབ། ས་ཁྱི་སྟེ༡༩༥༨ལོའི་ཆོས་ལུགས་བཅོས་བསྒྱུར་གྱི་དུས་ཟིང་ཁྲོད་དུ་དགོན་སྡེ་འཇིག ༡༩༨༠ནས་ཡང་བསྐྱར་སྒོ་ཕྱེད་པའི་འགོ་ཚུགས་ཤིང་༡༩༨༡ལོར་བསྐྱར་བྱས་ནས་ད་ལྟའི་རྒྱ་ཁྱོན་འདི་དང་རྟེན་བཞེངས་ལེགས་པར་གྲུབ་ཅིང་གོང་མའི་ཕྱག་སྲོལ་མ་ཉམས་པར་སྐྱོང་བཞིན་པའོ།།
མཚོ་ཁའི་བོན་པོ་གདོང་གི་གྲུབ་གནས།
གྲུབ་གནས་འདི་ནི་གུང་ཧོ་རྫོང་རྟ་ནག་མ་ཤང་གི་མངའ་ཁོངས་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ་དུ་ཡོད་ལ། འཛམ་གླིང་མཁས་པ་རྒྱན་དྲུག་གི་ཡ་གྱལ་ཕྲོམ་མཁས་པ་གསེར་ཐོག་ལྕེ་འབྱམས་ཀྱི་སྒྲུབ་གནས་ཁྱད་པར་ཅན་ཡིན། བཀའ་རྟགས་ལ་ཕྱག་ཞབས་ཀྱི་རྗེས་དང་ཨ་ཡིག་རང་བྱོན་གཡུང་དྲུང་གི་རིས་བཅས་བཞུགས་ཤིང་། ༢༠༠༣ལོའི་གངས་ལྗོངས་མཚོ་བསྐོར་ཆེན་མོར་ལ་ལས་གནས་མིང་བསྒྱུར་ཏེ་མགོན་པོ་གདོང་ཟེར་བའང་ཡོད།
མཚོ་སྙིང་སྟག་ལའི་སྒྲུབ་གནས།
སྒྲུབ་གནས་འདི་ནི་མཚོ་སྙིང་མ་ཧ་དེ་བའི་ངོས་སུ་ཁ་བྱང་ལྟ་རུ་གནས་ཤིང་། བོན་གྱི་གྲུབ་ཐོབ་བརྒྱད་ཅུས་ཐུགས་དམ་བྱིན་རླབས་ཀྱི་དམུ་ཡད་འཇོ་བར་མཛད། ཁྱད་པར་དུ་དབལ་བོན་སྟག་ལའི་གསང་ཕུར་སྒྲུབ་སའི་གནས་མཚན་ལྡན་དུ་ལགས་ཕྱིར། རྟོགས་པས་བདག་རྒྱུད་གྲོལ་ཅིང་གྲུབ་པས་གཞན་རྒྱུད་འཁྲོལ་བའི་སྒྲུབ་གནས་རྨད་དུ་བྱུང་བ་ཞིག་ཡིན་ནོ། །
སེ་བརྒྱ་གསང་སྔགས་ཐེག་ཆེན་གཡུང་དྲུང་གླིང་།
བསྒྲུབ་སྡེ་འདི་ནི་མཚོ་སྔོན་ཁྲི་ཀ་རྫོང་ཤར་ལུང་གྲོང་རྡལ་གྱི་ཤར་ཕྱོགས་སུ་ཡོད་ལ། ཐོག་མར་སེ་ཁུང་ཞེས་པའི་མཁར་ནང་དུ་གཞི་ཆགས་ཤིང་སེ་ཁུང་ལྷ་ཟེར་བའི་རིག་འཛིན་འདུ་གནས་དེ་བཞེངས་ནས་བསྒྲུབ་རྒྱུད་ཀྱི་བསྟན་པ་རབ་ཏུ་རྒྱས། དེ་ནས་ལོ་རྒྱུས་ཀྱི་འཕེལ་འགྲིབ་དབང་གིས་ལྷ་ཁང་སྔོན་མ་འཇིག་ཅིང་སླར་ཡང་གསས་མཁར་བཀྲ་ཤིས་འོད་འབར་ཞེས་པ་བཞེངས། བརྒྱུད་འཛིན་དུ་ར་ངོ་ཡོན་བོན་པོ་དབོ་ལུགས་དང་སྔགས་འཆང་སྟག་ལ། བོན་པོ་ཀུན་བཟང་སོགས་རིག་སྔགས་འཛིན་པ་མང་དུ་བྱུང་ནས་བསྟན་རྒྱུན་བསྐྱངས། རབ་བྱུང་བཅུ་གསུམ་པའི་ནང་ལ་རིམ་གཉིས་སྔགས་ཀྱི་རྣལ་འབྱོར་གཏེར་སྟོན་པ་སེར་བརྒྱའི་ནམ་མཁའ་དབང་ལྡན་བྱོན་ནས་བསྟན་འགྲོའི་དོན་ཆེན་མཛད། དེ་རྗེས་བོན་བརྒྱ་བླ་རབས་དང་སྦ་སར་སྐུ་ཕྲེང་། མཁར་ནག་སྐུ་ཕྲེང་སོགས་ཀྱིས་བསྟན་པ་ཉམས་གསོ་དང་དབང་ལུང་ཁྲིད་གསུམ་གྱི་རྒྱུན་བསྐྱངས། རབ་བྱུང་བཅོ་ལྔའི་ནང་སེར་བརྒྱ་ཚུལ་ཁྲིམས་བསྟན་འཕེལ་རབ་རྒྱས་འཁྲུངས་ནས་འདུ་ཁང་ཀ་རིང་གཉིས་ཅན་དང་སངས་རྒྱས་སྟོང་སྐུ་བཞེངས། ཚེ་དབང་བོད་ཡུལ་མ་དང་ཞི་ཁྲོ་དམ་པ་རིགས་བརྒྱ་སྦྲག་བསྒྲུབ་ཀྱི་སྲོལ་བཙུགས་ནས་བཅའ་ཡིག་ཀྱང་བརྩམས། ༡༩༨༠ནས་དད་མོས་རང་དབང་གི་སྲིད་ཇུས་བསྒྲགས་ནས་བཟུང་གསས་ཁང་དང་རྟེན་གསུམ་སླར་བཞེངས་ལ་རེམ་པས་ད་ལྟའི་གཞི་ཁྱོན་འདི་བསྐྲུན་ཅིང་བསྒྲུབ་པ་ཉམས་ལེན་སོགས་སྔོན་མའི་སྲོལ་བཞིན་སྐྱོང་བའོ།།
རྨེའུ་ཚང་གོང་མ་རིག་འཛིན་འགྲོ་འདུལ་གླིང་།
གསས་ཁང་འདི་ནི་ཁྲི་ཀ་རྫོང་ནས་སྤྱི་ལེ་ཉེར་གསུམ་ཙམ་ན་གནས་ཤིང་། མཁས་པ་རྨེའུ་ཡི་གདུང་རྒྱུད་ལས་གྱེས་པའི་རྒྱུད་འཛིན་དུ་བཤད་སྲོལ་ཡོད། དུས་རབས་བཅོ་བརྒྱད་པའི་ནང་ར་ངོ་ཡོན་བོན་པོ་དབོ་ལུགས་ཀྱིས་བཞེངས་པའི་གསས་ཁང་བྱིན་རླབས་འདོད་འཇོ་ད་ལྟའང་བཞུགས་ཤིང་། རྒྱུད་འཛིན་ལ་བོན་གཤེན་བཅུ་ཕྲག་ལྷག་གིས་རིག་འཛིན་གོང་མའི་ཕྱག་ལེན་མ་ནོར་བར་སྤྱོད་བཞིན་ཡོད་དོ། །
མེ་ལོང་བྲག་དཀར།
གྲུབ་པའི་གནས་མཆོག་འདི་ནི་མཚོ་སྔོན་ཁྲི་ཀ་རྫོང་ཁོངས་ཀྱི་སྲིན་པོ་རྫ་རྐེད་དུ་ཡོད། བོན་གྱི་ལོ་རྒྱུས་རྣམས་སུ་མུ་ཟི་གསལ་བཟང་བསྟན་པའི་ས་བོན་དུ་མདོ་སྨད་རྨ་རི་དེལ་གསུམ་གྱི་བྲག་ལ་འགོག་པར་བཞུགས་གསུངས་པའི་གནས་དེ་འདི་ཡིན་ལ། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་སྤྱི་ལོ(༨༨༨)ས་སྤྲེལ་ལ་མུ་ཟི་གསལ་བཟང་འགོག་པ་ལས་བཞེངས་གསུངས་པས། སོག་པོའི་ཡུལ་ནས་གནས་དབྱུང་བཏང་བས་ཕྱོགས་འདིར་འོངས་པའི་རྟ་རྫི་སྤྲེལ་སླག་ཅན་དེ། རྨ་རི་དེལ་གསུམ་གྱི་རྩེར་རྟ་འཚོར་ཕྱིན་ནས་བྲག་ཕུག་ཅིག་ཏུ་སྒོམ་ཆེན་པ་ཞིག་བཞུགས་པར་དད་པ་སྐྱེས། ཉིན་བཞིན་དགོངས་པ་གློད་པར་གསོལ་བ་བཏབ་པས་སྒོམ་ཆེན་པ་དེ་ཏིང་ངེ་འཛིན་ལས་བསླངས། བླ་མས་སོག་པོ་སྤྲེལ་སླག་ཅན་སྣོད་རུང་དུ་གཟིགས་ནས་དྲང་སྲོང་ཆིག་རྫོགས་ཀྱི་སྡོམ་པ་གནང་སྟེ་མཚན་ལ་ཁྲི་འབར་ཚུལ་ཁྲིམས་གསོལ་ཞིང་བསླབ་པ་ཚུལ་ཁྲིམས་ཀྱི་བསྟན་པའི་ཆུ་མགོ་མདོ་སྨད་ནས་རྡོལ་བའི་དབུ་ཚུགས་ས་དེའོ།།