logo

༄༅། །བྱང་གི་དགོན་ཆེན་བཞི།

རྩོམ་པ་པོ།:སེང་གཤོང རྡོ་རྗེ་གཅོད་པ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། དུས་ཚོད།:2009-11-22 ཀློག་གྲངས།:

   འདིར་བྱང་གི་དགོན་ཆེན་བཞི་འདྲེན་སྐབས་ཀྱི་བྱང་ནི་བོད་ཡུལ་མདོ་དབུས་ཁམས་གསུམ་དུ་དབྱེ་བའི་མདོ་ཁམས་སྨད་ཀྱི་ཡུལ་གྲུ། རྨ་ཆུ་བགྲོད་ཚུལ་གྱི་དབང་དུ་བྱས་ན་ལྷོ་རྒྱུད་དང་བྱང་རྒྱུད་གཉིས་ཡོད་པས་བྱང་རྒྱུད་དུ་གོ་ཟེར་བ་དང༌། གཞན་ངེས་དོན་ཆོས་ཀྱི་ཉི་མས། ཙོང་ཆུའི་ཉིན་སྲིབ་དང་ཙོང་ལ་རིང་མོ་ལྷོ་བྱང་གི་སའི་ཆ་སྟེ་ཁམས་ཀྱི་གཡེར་མོ་ཐང་ངམ་ཤར་མདོ་སྨད་ཙོང་ཁ་ཡང་རྨ་ཆུའི་བྱང་རྒྱུད་ན་ཡོད་པས་བྱང་ཞེས་ངོས་འཛིན་ཟེར།

 བྱང་གི་དགོན་ཆེན་བཞི་ནི་ངག་རྒྱུན་ལྟར་ན། བྱ་ཁྱུང༌། དགོན་ལུང༌། ཆུ་བཟང༌། གསེར་ཁོག་བཅས་ཡིན་ཟེར་སྲོལ་ཡོད་ལ། དེང་དུས་ཀྱི་ཆུ་བཟང་དགོན་པའི་གྲྭ་རྣམས་ཀྱིས་ཀྱང་བྱང་གི་དགོན་ཆེན་བཞི་ལ་གཏོགས་ཚུལ་སོགས་ལོ་རྒྱུས་མང་པོ་བཤད་རྒྱུན་ཡོད་ཀྱང༌། མཁན་པོ་ངག་དབང་རྒྱ་མཚོའི《བསྟན་པའི་བྱུང་རབས》དང༌། མཁས་དབང་ཚེ་ཏན་ཞབས་དྲུང《བོད་གངས་ཅན་གྱི་སྒྲ་རིག་པའི་བསྟན་བཅོས》གཉིས་ན་བྱ་ཁྱུང་དང༌། སྐུ་འབུམ། དགོན་ལུང༌། གསེར་ཁོག་ནི་བྱང་གི་དགོན་ཆེན་བཞིའོ་ཞེས་གསུངས་ཡོད།

བྱ་ཁྱུང་དགོན་ཐེག་ཆེན་དར་རྒྱས་གླིང༌།

 བྱ་ཁྱུང་དགོན་པ་ནི་མཚོ་སྔོན་ཞིང་ཆེན་ཧྭ་ལོང་ཧོས་རིགས་རང་སྐྱོང་རྫོང་གི་ཁོངས་སུ་ཡོད་ལ། དེ་ནི་ཤར་ཕྱོགས་པ་རིག་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་སྤྱི་ལོ༡༣༤༩ལོར་བཏབ། ཆོས་རྗེ་དོན་རིན་པོ་ཆེ་ནི་དགེ་ལུགས་བསྟན་པའི་སྲོལ་འབྱེད་མཁན་རྗེ་ཙོང་ཁ་པ་ཆེན་མོའི་ཡོངས་འཛིན་ཡིན་ལ། སྤྱི་ལོ༡༣༠༩ལོར་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ནང་ཚན་བསེ་དོན་རིན་ཉིན་ཞེས་པའི་སྡེ་རུ་སྐུ་འཁྲུངས། བསེ་གསང་བ་ལྷུན་གྲུབ་རྒྱ་མཚོའི་གམ་ནས་ཡི་གེ་འབྲི་ཀློག་ལ་སྦྱངས། དབུས་སུ་ཕེབས་ནས་གྲུབ་མཐའ་རིས་མེད་དུ་མདོ་སྔགས་རིག་གནས་ཀུན་ལ་སྦྱངས། ཞྭ་ལུར་བྱོན་ནས་ཆོས་ཀྱི་བགྲོ་གླེང་མཛད་དེ་ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཞེས་མཚན་སྙན་ཀུན་ལ་ཁྱབ། བླ་མ་མཆིམས་བློ་བཟང་གྲགས་པའི་ལུང་བསྟན་བཞིན་ཨ་མདོར་ཕེབས། ཐོག་མར་གནས་ཤ་སྦྲང་དུ་ཕེབས་ནས་དགོན་པ་འདེབས་གྲབས་ཡོད་པ་ལ་རྟེན་འབྲེལ་མ་འཛོམས་པས་མར་ཆུ་མ་སྡེ་བར་ཕེབས་ནས། ཉི་མ་ཤར་མ་ཐག་པང་དུ་བླངས་པ་དང་འདྲ་བའི་དགོན་པ་སྟེ་སྟེང་གི་གཞི་མ་དགོན་པ་འདི་བཏབ། རྗེས་སུ་ཤར་པང་དང་ཤ་སྦྲང་གཉིས་ནོར་ནས་བཞེད་ཚུལ་འདྲ་མིན་སྣ་ཚོགས་བྱུང༌།  སྟེང་གི་གཞི་མ་ནི་བྱ་ཁྱུང་གི་མ་དགོན་ཡིན་པའི་ཆ་ནས་བྱ་ཁྱུང་ན་ཚོགས་གྲལ་ངེས་བཏགས་ཡོད་ཟེར། དེ་ནས་ཡུལ་སྣང་ར་བརྒྱུད་དེ་བྱ་ཁྱུང་དུ་ཕེབས། དགོན་པ་བཏབ་སྟེ་བསྟན་པ་རྒྱ་ཆེར་སྤེལ། རྗེས་སུ་དད་ལྡན་རྣམས་ཀྱིས་ཇེ་རྒྱས་སུ་བཏང་སྟེ་ད་ལྟའི་དགོན་པ་འདི་ཆགས། ལོ་རྒྱུས་ཞིབ་མོ་ནི་གདན་རབས་ན་གསལ་བས་དེར་གཟིགས་པར་ཞུ།

གསེར་ཁོག་དགོན་པ།

 གསེར་ཁོག་དགོན་པ་སྟེ་བཙན་པོ་དགོན་ནི་མཚོ་སྔོན་ཏ་ཐུང་རྫོང་གི་བྱང་ཕྱོགས་ལུང་བ་ཞིག་ན་ཡོད་ལ། ས་དེའི་མིང་ལ་རྒྱའི་སྐད་དུ་ཏོང་ཞཱ་ཞང་ཟེར་བ་དང༌། ཏ་ཐུང་ནས་དགོན་པ་བར་དུ་སྤྱི་ལེ༡༨ཡོད། དགོན་པ་འདི་ནི་བཙན་པོ་དོན་གྲུབ་རྒྱ་མཚོས་སྤྱི་ལོ༡༦༥༠ལོར་བཏབ་པ་ཞིག་ཡིན། བཙན་པོ་དོན་གྲུབ་རྒྱ་མཚོ་ནི་བོད་ལྗོངས་དགའ་བ་གདོང་གི་མི་ཡིན་ལ། ཆུང་དུས་ནས་འབྲས་སྤུངས་དགོན་པར་ཞུགས་ནས་གཞུང་ཆེན་རྣམས་ལ་ལེགས་པར་སྦྱངས། རྗེས་སུ་མཚོ་སྔོན་དུ་ཕེབས་ཏེ་སྐུ་འབུམ་དང་དགོན་ལུང་སོགས་ནས་ཁྲི་མཛད་དེ་དགོན་པ་བསྐྱངས། ཁོང་གིས་དགོན་པ་འདི་ཉིད་ཀྱི་བཏབ་རྗེས་ཀྱི ༡༦༥༣ ལོར་རྒྱལ་དབང་ལྔ་བ་ཆེན་མོ་ངག་དབང་བློ་བཟང་རྒྱ་མཚོ་རྒྱལ་སར་སྐྱོད་དེ་ཕྱིར་དབུས་གཙང་དུ་ཕེབས་པའི་ལམ་བར་དུ་འདི་ག་དགོན་པར་ཕེབས་ནས་སེར་སྐྱ་མང་ཚོགས་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་གནངས་པས་དགོན་པའི་མཚན་སྙན་ཕྱོགས་བཞིར་རྒྱས་ཏེ། བར་སྐབས་ཤིག་ལ་གྲྭ་བ་བདུན་བརྒྱ་དང་གྲྭ་ཤག་དྲུག་བརྒྱར་བུད་མྱོང་བའི་ལོ་རྒྱུས་ཡོད། ད་ལྟ་སྲིད་གཞུང་གིས་མ་དངུལ་བཏང་སྟེ་དགོན་པ་བསྐྱར་བཞེངས་བྱེད་བཞིན་པའི་སྒང་ཡིན་ལ། གྲྭ་བ་ཉི་ཤུ་ལྷག་གནས་དེ་རུ་གཏན་སྡོད་བྱས་ཡོད།

སྐུ་འབུམ་བྱམས་གླིང༌།

 སྐུ་འབུམ་བྱམས་པ་གླིང་ནི་ཟི་ལིང་མཁར་ཧོང་ཀྲུང་རྫོང་གི་ཁོངས་སུ་ཡོད་ལ། ཟི་ལིང་ནས་སྐུ་འབུམ་བར་སྤྱི་ལེ༢༥ཡོད། དེར་སྐུ་འབུམ་ཟེར་དོན་ནི་རྗེ་ཙོང་ཁ་བའི་ལྟེ་ཁྲག་འཕོས་ས་ནས་ཤིང་ཚན་དན་གྱི་ལྗོན་པ་ཞིག་སྐྱེས་བར་བཤད་ལ། ལྗོན་པ་དེའི་ལོ་མ་རེ་རེའི་སྟེང་ན་རྒྱལ་བ་སེང་གེ་ང་རོའི་སྐུ་རེ་ཡོད་པས་སྐུ་འབུམ་ཞེས་མིང་དུ་ཐོགས་པ་རེད། དགོན་པ་འདི་ནི་སྤྱི་ལོ༡༥༦༠ལོར་བཏབ་པར་ཀུན་ལ་གྲགས་ཀྱང༌། ཐོག་མར་ཅི་ལྟར་དབུ་བཙུགས་པའི་ལོ་རྒྱུས་གླེང་ན། རྗེ་ཙོང་ཁ་བ་དབུས་སུ་ཕེབས་ནས་ཡུན་རིང་འགོར་བའི་སྐབས་ཤིག་ན། ཡུམ་གྱིས་རྒས་ཚུལ་དང་མདོ་སྨད་དུ་འབྱོན་དགོས་ཀྱི་ཞུ་ཡིག་སྐྲའི་ལན་བུ་དཀར་པོ་དང་བཅས་བསྐུར་བར། མདོ་སྨད་དུ་ཕེབས་པ་དགོས་པ་ཆུང་བར་གཟིགས་ནས་མི་ཕེབས་པར་ཐག་བཅད་དེ་ཡུམ་དང་ཨ་ཅེ་གཉིས་ལ་ཁོ་རང་གི་སྐུ་ཐང་རེ་དང༌། རྒྱལ་བ་སེང་གེ་ང་རོའི་སྐུ་དཔར་གཅིག བདེ་མཆོག་གི་བུམ་སྐུ་བ


འབྲེལ་ཡོད་འོས་སྦྱོར།