བོད་ཀྱི་དགོན་སྡེ་ཆེས་ཆེ་བ---དཔལ་འབྲས་སྤུངས་དགོན་པ།
དཔལ་འབྲས་སྤུངས་དགོན་པ་ནི་ལྷ་སའི་ནུབ་མཐའི་ཀུན་འཕེལ་དབུ་རྩེའི་རིར་ཆགས་ཡོད་ལ། སྤྱི་ལོ་༡༤༡༦ལོར་རྗེ་བཙུན་ཁ་བ་ཆེན་མོའི་ཐུགས་སྲས་འཇམ་དབྱངས་ཆོས་རྗེས་ཕྱག་འདེབས་མཛད། དགོན་སྡེ་འདིའི་སྤྱིའི་རྒྱ་ཁྱོན་ལ་ཕལ་ཆེར་རྨིད་རྒྱ་དཔངས་གྲུབ་བཞི་མ་ཉིས་འབུམ་ལྔ་ཁྲི་ལྷག་ཡོད་པ་དང༌། འདི་ནི་དགེ་ལུགས་པའི་དགོན་ཆེན་དྲུག་ལས་ཆེས་ཆེ་བ་ཡིན་ལ། དབུས་གཙང་ཕྱོགས་ཀྱི་དགོན་པའང་ཆེས་ཆེ་བ་ཡིན་ཞིང༌། འདིར་སྔོན་ཆད་གྲྭ་བ་ཁྲི་ཚོ་གཅིག་ལྷག་ཡོད་ཟེར། (གཏན་ལ་འཁེལ་བའི་གྲྭ་བའི་ཁ་གྲངས་བདུན་སྟོང་བདུན་བརྒྱ་ཡིན།)
དགོན་པ་འདིའི་བཟོ་སྐྲུན་གྱི་བཀོད་པ་རྒྱ་ཆེ་ལ། ཁྱད་ཆོས་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན། དགོན་པའི་ནང་རོལ་དུ་སྲང་ལམ་རིང་ཐུང་ཅི་རིགས་ཡོད་པ་དང༌།འདུ་ཁང་གི་རྩེར་བུད་ནས་མར་བལྟས་ཚེས་སྐྱིད་ཆུའི་གཞུང་གི་ཡུལ་ལྗོངས་ཐམས་ཅད་མིག་གི་གཟིགས་མོར་བསྟར་ཡོད། རྩེ་པོ་ཏ་ལ་རྒྱས་སྐྲུན་མ་བྱས་ཡར་སྔོན་དུ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ཚང་མ་དཔལ་འབྲས་སྤུངས་དགོན་དུ་བཞུགས་པ་ཡིན། སྤྱི་ལོ་༡༦༤༢ལོར། རྒྱལ་དབང་སྐུ་ཕྲེང་ལྔ་བས་དགོན་པའི་དགའ་ལྡན་ཕོ་བྲང་དུ་ས་གནས་སྲིད་དབང་བཙུགས་པ་དེ་ནས་བཟུང༌། ཆོས་ལུགས་གྱིས་ཆབ་སྲིད་ལ་ཐེ་ཇུས་བྱེད་མགོ་བརྩམས་པ་རེད། ཏཱ་ལེ་བླ་མ་ཕོ་བྲང་ཏ་ལར་སྤོས་རྗེས་ཀྱང༌། དགོན་སྡེ་འདི་ལྷ་སའི་དགོན་ཆེན་གསུམ་ལས་གཞི་ཁྱོན་ཆེས་ཆེ་བ་དང་སྟོབས་ཤུགས་ཆེས་འཛོམས་པོ་ཡིན། དགོན་ཆེན་འདིའི་ཚོགས་ཆེན་འདུ་ཁང་ནང་གི་རྟེན་གཙོ་བོར་རྗེ་ཙོང་ཁ་བ་ཆེན་མོས་དགའ་ལྡན་འབྲོག་རི་བོ་ཆེ་ནས་བླངས་པའི་ཆོས་དུང་དཀར་པོ་དང་བྱམས་པ་མཐོང་གྲོལ་མའི་གསེར་སྐུ་ཡོད། སྔགས་པ་གྲྭ་ཚང་གི་འདུ་ཁང་ཆེན་མོའི་ནང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་(གཟུངས་བཞུགས་ཏུ་རྭ་ལོ་རྡོ་རྗེ་བྲག་གི་གདུང་རུས་བཞུགས)སོགས་ཡོད། ༡༩༦༢ལོར། དཔལ་འབྲས་དཀར་སྤུངས་པའི་དགོན་འདི་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་གནད་སའི་སྲིད་སྐྱོང་སྡེ་ཁག་ཏུ་བདམས་པ་དང༌། ༡༩༨༢ལོ་ནས་བཟུང་རྒྱལ་ཡོངས་ཀྱི་གནད་སའི་རིག་དངོས་སྲུང་སྐྱོང་སྡེ་ཁག་ཏུ་བཀོད་དོ། །