རྡོ་སྦིས་མཆོད་རྟེན་རང་བྱོན་དང་དེའི་ལོ་རྒྱུས་མདོ་ཙམ་གླེང་བ།
མདོ་སྨད་ས་ཡི་ཐིག་ལེ་རྡོ་སྦིས་གསེར་སྨུག་ལྗོངས་ཞེས་བྱ་བའི་ཡུལ། ཤར་ཕྱོགས་སུ་སྟོང་རི་གཏེར་གྱི་བདག་པོ(积石山)ལྷོ་ཕྱོགས་སུ་དར་རྒྱས་སྤུན་གསུམ(大里加山)ནུབ་ཏུ་གུང་ཡེ་ཆེན་མོ། (羹尧山)བྱང་ན་དན་ཏིག་ཤེལ་གྱི་ཕྲེང་བའི་རི་རྒྱུད་སོགས་མཐོང་ལ། དེའི་ཞབས་སུ་རྨ་ཀླུང་རིང་མོ་གཡས་སུ་འབབ་པའི་གནས་ཁྱད་པར་ཅན་གྱི་བསྣོལ་མཚམས་སུ། ཟུར་བཞི་ཅན་གྱི་བློས་བསླངས་མཆོད་རྟེནངོ་མཚར་བ་ཞིག་བརྗིད་ཉམས་དང་ལྡན་པའི་ངང་འགྱིང་ངེས་ལངས་ཡོད་པ་ནམ་ཡང་སྐྱེ་འགྲོ་ཀུན་གྱི་མིག་ལམ་དུ་རྒྱུ་བཞིན་པ་དེ་ནི་རྡོ་སྦིས་མཆོད་རྟེན་རང་བྱོན་ཞེས་པ་དེ་ཡིན་ཞིང་། དེ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་ཧ་ལམ་སྤྱི་ལེ༡༨༠ཙམ་ཡོད་པའི་རྡོ་སྦིས་འདན་མ་སྡེ་བའི་གཡོན་ཟུར་གྱི་ས་སྟེགས་ཆེན་པོ་ཞིག་གི་སྟེང་དུ་བཞེངས་ཤིང་། སྔུན་ན་དྭངས་ཤིང་གཙང་བའི་གཞུང་ཆུ་སྔོན་མོ་ཐུར་དུ་འབབ་པ་དང་། འདབས་སུ་མ་གལ་གྱི་སྡོང་བོ་ནགས་ལྟར་སྐྱེས་པ། མཐའ་རུ་བང་རིམ་བཞིན་བརྩེགས་པའི་ཞིང་ས་མང་པོས་བསྐོར་ཡོད་པ་རེད། མཆོད་རྟེན་དེ་ནི་ཟུར་བཞི་དང་ལྡན་པའི་བློས་བསླངས་མཆོད་རྟེན་ཞིག་སྟེ། མཐོ་ཚད་ལ་ཧ་ལམ་རྨི༢༢ཡོད་པ་དང་། ཞབས་ཀྱི་མཐའ་གཅིག་གི་རིང་ཚད་ལ་རྨི༢༥ཙམ་ཡོད། རྒྱུ་ས་(རྩིག་རྨང་དུ་རྡོ་སོགས་ཀྱང་ཡོད་པར་བཤད)ལས་གྲུབ་ཅིང་། ངོས་བཞིའི་སྟེང་རྩྭ་རིགས་མི་འདྲ་བ་མང་བོ་སྐྱེས་ཡོད་པ་རེད། ཡང་གཅིག་བཤད་ན། བློས་བསླངས་མཆོད་རྟེན་དེ་ནི་བོད་བརྒྱུད་ནང་བསྟན་མཆོད་རྟེན་དང་མི་འདྲ་བར་དབྱིབས་ཀྱི་སྟེང་ནས་གནའ་བོའི་ཨི་ཇིབ(埃及)རྒྱལ་ཁབ་ཀྱི་མཆོད་རྟེན་ཞིག་ཨེ་ཡིན་སྙམ་པའི་སྣང་པ་སྟེར། ངག་རྒྱུན་ལྟར་ན། དེ་ནི་གནའ་སྔ་མོ་ཞིག་ལ་དགྲ་བཅོམ་པ་ལྔ་བརྒྱས་ཞག་གཅིག་གི་རིང་ལ་བཞེངས་པར་གྲགས་ཤིང་། སངས་རྒྱས་འོད་སྲུང་གི་འཕེལ་གདུང་སློང་བཟེད་གང་གཟུངས་གཞུག་ཏུ་ཡོད་ཚུལ་བཤད་མོད། འདིར་ང་ཚོས་ལོ་རྒྱུས་ཡིག་ཆ་འགའ་ལ་ཁུངས་གཏུགས་ནས་ཅུང་ཙམ་ཞུ་ན། 《མདོ་སྨད་ཆོས་འབྱུང》ལས། མཆོད་རྟེན་དེ་ནི“སྔ་དུས་གྲུབ་ཆེན་བརྒྱད་ཅུས་བཞེངས་ཤིང་། སངས་རྒྱས་འོད་སྲུང་གི་འཕེལ་གདུང་སློང་བཟེད་གང་ནང་བཞུགས་སུ་ཡོད་འི་མཆོད་རྟེན་དངོས་གཏེར་དུ་སྦས་པར་གྲགས་ཤིང”ཞེས་གསུངས་ཡོད་པ་དང་། 《དགེ་བཤེས་ཤེས་རབ་རྒྱ་མཚོ་དང་རྡོ་སྦིས་གྲྭ་ཚང》ཞེས་པའི་ནང“ཡང་ལོ་ཉིས་སྟོང་ཉིས་བརྒྱའི་སྔ་རོལ་དུ་བཞེངས་པའི་རྡོ་སྦིས་མཆོད་རྟེན་རང་བྱོན་གྱི་ལོ་རྒྱུས་ཅུང་ཟད་ཞུ་ན”ཞེས་པ་དང་། ཡང“སངས་རྒྱས་འོད་སྲུང་གི་འཕེལ་གདུང་སློང་བཟེད་གང་གཟུངས་གཞུག་ཏུ་ཡོད་པའི་མཆོད་རྟེན” “རྟེན་གྱི་ཁ་རྟེན་ཁ་ལུང(ད་ལྟ་གཏེར་ཁ་ལུང་ཞེས་འབོད་ཅིང་དེ་ནི་མཆོད་རྟེན་རང་བྱིན་གྱི་ཁ་སྤྲོད་དུ་ཡོད་པའི་ཤར་ཕྱོགས་ཀྱི་སྡེ་ལུང་ཞིག་གི་མིང་ཡིན)ལ་འཁོར་ཡོད་པ” “རྒྱལ་བོ་མྱ་ངན་མེད་ཀྱིས་འཛམ་བུ་གླིང་དུ་མཆོད་རྟེན་བྱེ་བ་གཅིག་བཞེངས་པ་དང་རྡོ་སྦིས་མཆོད་རྟེན་རང་བྱིན་དེའི་ནང་གི་ཡ་གྱལ་གཅིག་ཡིན”ཞེས་པ་དང་ཡིག་ཚང་ལ་ལར་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་ཞེས་པ་སོགས་གང་ལྟར་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་རིང་ལ་མཆོད་རྟེན་མང་པོ་ཞིག་བཞེངས་པར་མངོན། དེ་ལྟར་བྱས་ན་རྡོ་སྦིས་མཆོད་རྟེན་རང་བྱིན་གྱི་ལོ་རྒྱུས་ཤིན་ཏུ་རིང་ཞིང་དེ་བཞེངས་པའི་དུས་དང་བཞེངས་མཁན་པའི་དགོས་པ་སོགས་ཀྱང་རང་བཞིན་དུ་རྟོགས་ནུས་ཏེ། ལོ་རྒྱུས་སྨྲ་བ་ཁག་ཅིག་གིས་བདག་ཅག་གི་སྟོན་པ(སྤྱི་ལོ་སྔོན་གྱི་ལོ༦༢༤--༥༤༤བར)མྱ་ངན་མེད་འདས་ནས་ལོ་བརྒྱ་དང་བཅུ་ན་རུང་མིན་གཞི་བཅུ་བསལ་བའི་ཕྱིར་ཡུལ་ཡངས་པ་ཅན་དུ་ཆོས་རྒྱལ་མྱ་ངན་མེད(阿育王)སྤྱིན་བདག་བྱས་ནས་དགྲ་བཅོམ་པ་བདུན་བརྒྱས་བཀའ་བསྡུ་ཐེངས་གཉིས་པ་མཛད་པར་བཞེས་པ་དང་། ཡང་ཁག་ཅིག་གིས་ཆོས་རྒྱལ་མྱ་ངན་མེད་(ཁྲིར་བཞུགས་པ་ནི་ཧ་ལམ་སྤྱི་ལོ་སྔོན་གྱི་ལོ༢༧༣--༢༣༢བར་ཡིན)ནི་བཀའ་བསྡུ་ཐེངས་གསུམ་པའི་སྤྱིན་བདག་སྟེ་སངས་རྒྱས་འདས་ནས་ལོ་སུམ་བརྒྱ་དང་བཅུ་བར་འདོད་ཅིང་། དེ་དུས་སུ་འཛམ་བུ་གླིང་དུ་སངས་རྒྱས་ཀྱི་རིང་བསྲེལ་མཆོད་རྟེན་ཤིན་ཏུ་མང་པོ་བཞེངས་པ་ཤར་རྒྱ་ནག་དང་ནུབ་སྟག་གཟིག(大食)ནས་ཨི་ཇིབ(埃及)རྒྱལ་ཁབ་སོགས་སུ་ཁྱབ་ཡོད་པར་བཤད། འོན་ཀྱང་འདིར་ཕྱི་མ་དེ་ཅུང་རྒྱུན་ལྡན་དུ་འཁུམས་པས་དེར་གཞི་བཟུང་ནས་བརྩིས་ན། རྡོ་སྦིས་མཆོད་རྟེན་རང་བྱོན་ནི་བཀའ་བསྡུ་ཐེངས་གསུམ་པའི་སྐབས་