logo

དགོན་ལུང་དགོན་པ་དང་མན་ཇུ་གོང་མའི་འབྲེལ་བ།(དང་པོ)

རྩོམ་པ་པོ།:རྐང་ཚ་རྟ་མགྲིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-08-03 ཀློག་གྲངས།:

   

    དང་པོ།  དགོན་ལུང་དགོན་པའི་དར་རྒུད།

    ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་བྱང་ཤར་མཚམས་ཀྱི་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཁོངས་སུ་ཆགས་ཡོད་དེ།  རྒྱལ་བ་བསོད་ནམས་རྒྱ་མཚོ་མདོ་སྨད་སོག་ཐུ་མེད་ཀྱི་ཡུལ་དུ་ཕེབས་སྐབས།  མདོ་སྨད་ཀྱི་གནས་ཆེན་ཁག་ཏུ་ཆོས་སྤྱོད་ཀྱི་མཛད་པ་རྒྱ་ཆེ་བ་བསྐྱངས་ཤིང་ས་དེ་དག་གི་མི་རིགས་དང་ཡུལ་གྲུའི་ཆགས་ལུགས་སོགས་ལ་དཔྱད་གཟིགས་ཞིབ་རྒྱས་མཛད་མཐར།  ཙོང་ཆུ་སྔོན་མོའི་བྱང་རྒྱུད་ཀྱི་ད་ལྟའི་དགོན་ལུང་དགོན་པ་ཆགས་ས་འདིར་དགོན་པ་ཞིག་བཏབ་ན་ཞྭ་སེར་བསྟན་པ་སྤེལ་བར་ཕན་པ་བླ་ན་མེད་པའི་ལུང་བསྟན་བཞིན།  རྒྱལ་དབང་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་རྣམ་གཉིས་ཀྱི་ཞལ་བཀོད་ལྟར་རྒྱལ་སྲས་རིན་པོ་ཆེ་དོན་ཡོད་ཆོས་ཀྱི་རྒྱ་མཚོས་སྤྱི་ལོ༡༦༠༤ལོར་ཕྱག་བཏབ་པ་ཡིན།  དགོན་པ་འདི་འདེབས་དུས་ནི་རྒྱལ་བ་བསོད་ནམས་རྒྱ་མཚོ་དང་ཨལ་ཐན་རྒྱལ་པོམཆོད་ཡིན་ཉི་ཟླ་ཟུང་གཅིག་གིས་དམ་པ་ཆོས་ཀྱི་ལམ་བཏོད།  ཁྲག་མཚོ་འོ་མར་བསྒྱུར།  སྔར་སོག་པོ་ཤི་བའི་རྗེས་སུ།  དྲག་ཞན་གྱི་རྣམ་དབྱེ་རང་གི་ཆུང་མ་བྲན་གཡོག་རྟ་ནོར་སོགས་ཀྱི་སྲོག་གཅོད་པ་ཡིན་ནའང་།  ད་ཕྱིན་ཆད་སྲོག་གཅོད་ཀྱི་ཡུལ་དུ་གྱུར་པའི་རྟ་ནོར་སོགས་ཀྱི་སྟེང་དུ་ཇི་ཙམ་བློས་འཚམ་པར་བཅད་ནས།  དགེ་འདུན་དང་བླ་མར་ཕུལ།  བསྔོ་བ་སྨོན་ལམ་ཞུས།  གཤིན་པོའི་རྗེས་སུ་དམིགས་པའི་སྲོག་གཅོད་གཏན་མ་བྱེད།  གལ་ཏེ་སྔར་བཞིན་མི་བསད་པ་བྱུང་ན་ཁྲིམས་ཀྱིས་ལུས་སྲོག་འབྲལ་བ་ཡིན།  རྟ་ཕྱུགས་བསད་པ་བྱུང་ན་ཁྲིམས་ཀྱིས་ནོར་ཐམས་ཅད་འཕྲོག  བླ་མ་དང་དགེ་འདུན་གྱི་ཆ་ལུགས་ཅན་ལ་བརྡུང་བཙོག་སོགས་ལག་བཞག་པ་བྱུང་ན།  ལག་འཇོག་མཁན་གྱི་གཞི་མ་ཐམས་ཅད་ཀྱི་གཟུགས་བྱས་པ་ལ་མིང་བཏགས་པའི་ཟླ་བ་བྱུང་རེས་ཀྱི་ཉ་སྟོང་བརྒྱས་གསུམ་ལ་རྟ་ཕྱུགས་བསད་པའི་ཁྲག་གིས་མཆོད་པ་དང་།  ལོ་དུས་ཀྱི་མཆོད་པ་ལ་དྲག་ཞན་གྱི་དབྱེ་བ་མང་ཉུང་མཐའ་ཡས་པ་ཤིག་གསོད་པ་རྣམས།  དེང་ཕྱིན་ཆད་ནས་བཟུང་རྟེན་དེ་རྣམས་མེ་ལ་བསྲེགས་ནས།  ལོ་ཟླའི་དུས་ཀྱི་མཆོད་པར་སྲོག་གཅོད་པ་གཏན་ནས་མ་བྱེད།  གལ་ཏེ་བྱས་པ་བྱུང་ན་ཁྲིམས་ཀྱི་ཆད་པ་རྟ་ནོར་གང་བསད་ཀྱང་།  དེའི་བཅུ་འགྱུར་འཕྲོག  ཨོང་བཀོད་མེ་ལ་མ་བསྲེགས་ན་ཁྱིམ་གཏོར།  ཨོང་བཀོད་ཀྱི་ཚབ་ཏུ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྐུ་རེ་འཛིན་པ་དང་།  དེ་ལ་ཡང་དཀར་གསུམ་གྱི་མཆོད་པ་མ་གཏོགས་ཤ་ཁྲག་གིས་མཆོད་པ་གཏན་ནས་མ་བྱེད།  གཞན་ཡང་ཐམས་ཅད་ཀྱིས་དགེ་བ་འབད་ལ།  ཉ་སྟོང་བརྒྱད་གསུམ་ལ་བསྙེན་གནས་སྲུངས།  རྒྱ་བོད་ཧོར་ཀུན་ལ་དགོས་མེད་ཀྱི་འཕྲོག་བཅོམ་མ་བྱེད།  མདོར་ན་བོད་དབུས་གཙང་དུ་ཇི་ལྟར་བྱ་བ་ལྟར།  ཡུལ་ཕྱོགས་འདིར་ཡང་བྱ་དགོས་ཞེས་ཁྲིམས་མང་དུ་བསྒྲགས་པསོགས་ཀྱི་དབང་གིས་སྟོད་སྨད་ཕྱི་ནང་གི་སོག་པོའི་སྡེ་ཚོ་སོ་སོས་ས་མན་ཆོས་ལུགས་དོར་ནས་སྤྱིར་ནང་བའི་བསྟན་པ་དང་སྒོས་སུ་དགེ་ལུགས་པའི་གྲུབ་མཐའ་དང་དུ་བླངས་དང་ལེན་བཞིན་པའི་སྐབས་ཡིན།  དགོན་པ་བཏབ་རྗེས་རྒྱལ་སྲས་རིན་པོ་ཆེ་ནས་ལོ་དྲུག་ལ་ཐུགས་སྐྱོང་གནང་།  དེ་ནས་སུམ་པ་སྐུ་ཕྲེང་དང་པོ་དམ་ཆོས་རྒྱ་མཚོ་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་ཁྲི་རབས་དང་པོར་བསྐོས་ནས་ཁོང་ཕྱིར་དབུས་སུ་ཕེབས།  རྗེས་སུ་ཁྲི་རབས་རིམ་བྱོན་རྣམས་ཀྱི་ཐུགས་ཁུར་དང་སྦྱིན་བདག་སྟོབས་ཆེན་དག་གི་རྒྱབ་སྐྱོར་ལ་བརྟེན་ནས་དགོན་པ་རྒྱ་བསྐྱེད་དེ།  ཆིང་རྒྱལ་རབས་ཀྱི་གོང་མ་ཧྲིང་ཊི་དང་ཁང་ཞིའི་སྐབས་ལ་དར་བའི་རྩེ་མོར་སོན།  སྐབས་དེར་འདུ་ཁང་ཆེ་ཆུང་དང་།  ནང་ཆེན།  གྲྭ་ཤག་སོགས་ཉིས་སྟོང་ལྷག་ལ་སླེབས་ཤིང་།  མཚན་ཉིད་གྲྭ་ཚང་དང་།  སྨན་པ་གྲྭ་ཚང་།  རྒྱུད་པ་གྲྭ་ཚང་།  དུས་འཁོར་གྲྭ་ཚང་བཅས་གྲྭ་ཚང་བཞི་དང་གྲྭ་བཙུན་སྟོང་བདུན་ལྷག་བཞུགས་ཤིང་འཆད་ཉན་རྒྱ་ཆེར་འཕེལ།  དགོན་པའི་བླ་མ་རྣམས་ཀྱིས་མདོ་སྨད་ཙོང་ཆུའི་བྱང་རྒྱུད་དང་།  ཞིན་ཅང་།  ནང་སོག  པེ་ཅིང་།  ཧུའུ་པེ།  ལེའོ་ཉིན་སོགས་ཡུལ་གྲུ་མང་པོར་འགྲོ་དོན་དུ་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་གནང་ཞིང་།  བསྟན་པའི་གཞི་མ་དགོན་སྡེ་དང་གཙུག་ལག་ཁང་ཤིན་ཏུ་མང་པོ་གསར་དུ་བཙུགས་ཏེ།  དགེ་ལྡན་བསྟན་པ་བྱང་ཕྱོགས་ཀྱི་ས་ཆེན་པོར་རྒྱས་སུ་བཅུག

    སྤྱི་ལོ༡༧༢༤ལོར་སོག་པོ་བློ་བཟང་བསྟན་འཛིན་གྱི་དུས་ཟིང་ཁྲོད་དུ་དགོན་ལུང་གྲྭ་པས་ཆིང་སྲིད་གཞུང་ལ་ངོ་རྒོལ་བྱས་


འབྲེལ་ཡོད་འོས་སྦྱོར།