ཨ་མདོའི་མཆོད་རྟེན་རིང་མོ།
རེབ་གོང་རུས་མཛོད་ལྟར་ན། ཨ་མདོ་མཆོད་རྟེན་རིང་མོ་སྟེ་གྱང་སྐྱའི་མཆོད་རྟེན་མཐོང་གྲོལ་ཆེན་མོའི་བཞེངས་ཚུལ་ཅུང་ཙམ་བརྗོད་ན། ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་སྔོ་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱི་དུས་སུ། ས་རྒྱ་གྲམ་འདྲ་བའི་བཞི་མདོའམ་མར་རྟིང་གསེར་གྱི་གཞོངས་བ་འདྲ་བའི་འགབ་ཏུ། མཆོད་རྟེན་མཐོང་གྲོལ་ཆེན་མོ་འདི་བཞེངས། ནང་རྟེན་ལ་སངས་རྒྱས་འོད་སྲུངས་ཀྱི་འཕེལ་གདུང༌། སངས་རྒྱས་ཤཱཀྱ་ཐུབ་པའི་དབུ་ལོ་དང་འཕེལ་གདུང༌། ཤཱ་རིའི་བུའི་ཤངས་ཕྲག སློབ་དཔོན་པདྨ་འབྱུང་གནས་ཀྱི་རྟེན་ཕུར་གསུང་བྱོན་མ། མཁན་ཆེན་ཞི་བ་མཚོའི་དབུ་ལོ་དང་ཆོས་གོས་རྣལ་འབྱོར་སོགས་དང། རྒྱ་གར་ཕ་དམ་པའི་ཕྱག་རྟེན༌། མི་ལའི་སྒོམ་ཐག རས་ཆུང་བའི་དོམ་ར་དང་ཕྱག་རྟེན། ས་ཆེན་ཀུན་དགའ་སྙིང་བོའི་ཊ་མ་རུ་དང་མི་རྐང་གི་གླིང་བུ། ཆ་ལང་སོགས་དང༌། བ་རི་ལོ་ཙཱ་བའི་དབུ་ཞྭ། རོང་བོ་བླ་མ་བསམ་གཏན་རིན་ཆེན་དང༌། ཏཱ་ཀོ་ཤྲཱི་བློ་གྲོས་སེང་གེ་རྣམ་གཉིས་ཀྱི་གོ་ཁྲབ་དང་མོག སངས་རྒྱས་སྟོང་གི་མཚན་གྱི་ས་བོན་ཕྱོགས་བསྡུས། མན་ངག་གསང་བ་སོགས་མང་དུ་བཞུགས་སོ། །
ཕྱིས་སུ་རབ་བྱུང་བཅུ་གཉིས་པའི་སྟོད་ཙམ་དུ། མཁན་ཆེན་དགེ་འདུན་རྒྱ་མཚོའི་སྐུ་དུས་སུ་སླར་ཡང་གསར་བཞེངས་མཛད་པར་གསུངས། གསར་བཞེངས་ཀྱི་ནང་རྟེན་ལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དབུ་ལོ་དང་ཁྲིམས་ལྕག ཇོ་བོ་རྗེའི་ཕྱག་རྟེན་དང་ཆོས་གོས་ཀྱི་གཏུར་བུ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ན་བཟའ་ཆ་ཚང༌། ཡབ་རྗེ་བླ་མའི་ཚེམས་དང་དབུ་ལོ། ན་བཟའ་ཆ་ཚང༌། ཏཱ་ཀོ་ཤྲཱི་བློ་གྲོས་སེང་གེའི་རྒྱ་གར་ནས་གདན་དྲངས་པའི་ཐུབ་པའི་ལི་སྐུ་གསུང་བྱོན་མ། རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའི་སྐུ་ཉིད་ཀྱི་ཤངས་ཁྲག་ལས་བཞེངས་པའི་ཕུར་བ་ཁོང་གི་སྐུ་ཚད་དང་མཉམ་པ། གྲུབ་ཆེན་དུང་སྣ་བའི་དབུ་སྐྲ་དང་གདུང་རུས་སོགས་མང་དུ་བཞུགས་སོ། །
ངག་རྒྱུན་ལས་གསུངས་ཚུལ།
གྱང་སྐྱའི་མཆོད་རྟེན་འདིར་ཨ་མདོ་མཆོད་རྟེན་རིང་མོ་ཞེས་བྱིན་རླབས་དང་སྙན་པ་ཧ་ཅང་ཆེ། ཐོག་མའི་མཆོད་རྟེན་གྱི་རྨང་བཞེངས་པ་པོ་ནི་རྗེ་མ་ཎི་བ་ཤེས་རབ་བཀྲ་ཤིས་ཡིན། མཆོད་རྟེན་ནི་བདེ་གཤེགས་མཆོད་རྟེན་བརྒྱད་ལས་ལྷ་བབས་མཆོད་རྟེན་ཡིན། སྐབས་དེར་རོང་བོ་འཕྲང་གི་ངོས་ཐམས་ཅད་ནགས་ཚལ་ཡིན་པས་མཆོད་རྟེན་གྱི་རྟེན་ཤིང་སོགས་ཀྱང་དེ་ནས་བླངས་པར་བཤད། རྗེ་འཇིགས་མེད་ཐེག་མཆོག་གིས་གསུངས་པའི་གྱང་སྐྱའི་མཆོད་རྟེན་གྱི་ཐོ་ལས་ཀྱང(གྱང་སྐྱའི་མཆོད་རྟེན་གསར་བཞེངས་ཀྱི་ནང་རྟེན་ཐོ་འགོད་བྱ་སྟེ་འདི་སྔ་མ་ནི་ཡབ་རྗེ་སྐལ་ལྡན་རས་པའི་ནང་ཐུགས་ཀྱི་སྲས་གཅིག་མཁས་གྲུབ་ཆེན་པོ་རྟིས་ཚང་མ་ཎི་བ་ཤེས་རབ་བཀྲ་ཤིས་ཀྱི་ཐུགས་སྨོན་ལས་གྲུབ་པ་ཞིག་སྟེ། མི་སྡེ་འདི་དང་རྫོང་དཀར་བཀྲ་ཤིས་དར་རྒྱས་གླིང་གཉིས་ཆར་ནས་ཇི་ལྟར་བཞེངས་པའི་ཚུལ་རྣམས་གཞན་དུ་ཅུང་ཟད་གསལ་བ་ལྟར་རོ)ཞེས་གསུངས་པ་དང༌། ཕྱིས་སུ་རབ་བྱུང་བཅུ་གཉིས་པའི་སྟོད་ཙམ་ལ་མཁན་ཆེན་དགེ་འདུན་རྒྱ་མཚོའི་སྐུ་དུས་སུ་སླར་ཡང་བསྐྱར་བཞེངས་གནང་བ་སྟེ། རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ། སྤྱི་ལོ༡༧༡༢ ལོར་བླ་མ་མཁན་ཆེན་དང་ཨ་ལགས་རྒྱལ་བོ་གཉིས་དབུས་གཙང་དུ་ཕེབས་དུས་མཆོད་རྟེན་ལ་ཉི་ཟླ་བསྟོད་པ་དང་འཕྲད་དེ། ཉི་ཟླ་ཁོང་གཉིས་ཀྱི་ཕྱོགས་སུ་འཁོར་ན་རྟེན་འབྲེལ་བཟང་བར་གདམས་པས། ཉི་ཟླ་ཁོང་གཉིས་ཀྱི་ཕྱོགས་སུ་ལྷོ་ཕྱོགས་སུ་འཁོར་ནས་བསྟད་པ་དང༌། སྒོ་རྒྱན་ཤར་ཕྱོགས་སུ་འཁོར་ཡོད་པའི་རྐྱེན་གྱིས། རྗེས་སོར་ཁོང་གཉིས་མ་མཐུན་པ་ཡིན་ཞེས་ཀྱང་ཟེར་རོ།། མཆོད་རྟེན་འདི་གཞི་ཁྱོན་ཆེ་ཞིང་དབྱིབས་ལེགས་ལ། སྐྱེ་འགྲོའི་སྡིག་སྦྱངས་ལ་དམིགས་ནས་འོག་ཏུ་རྒྱུ་ལམ་ཡོད་པའི་མཆོད་རྟེན་མིག་ཀ་མ་ཞེས་ཀྱང་ཟེར་རོ།། ༡༩༣༨ལོར་མཱ་ཇག་གིས་འཕྲང་ཡར་ནང་ལ་མི་གསོད་ཁྲག་སྦྱོར་བྱེད་སྐབས་མཆོད་རྟེན་ཀྱང་མེར་བསྲེགས། དེ་ནས་ཡང་བསྐྱར་བཞེངས་པ་རིག་གནས་གསར་བརྗེའི་སྐབས་སུ་གཏོར་ཞིག་བཏང༌། ༡༩༨༥ལོར་སྡེ་དམངས་ཀྱིས་རྫོང་ཆུང་མཁས་བཙུན་ལུང་རིགས་རྒྱ་མཚོར་ཞུས། ཁོང་གིས་ཨ་མདོ་མཆོད་རྟེན་རིང་མོ་བྱིན་རླབས་ཆེ་ཚུལ་དང་ཐུགས་བཀོད་གནང་བ་ལྟར་གནས་གཞི་གོང་ཏུ་སྤར་ཏེ། པཎ་ཆེན་སྐུ་ཕྲེང་བཅུ་བའི་བཞུགས་ཁྲི་ནང་རྟེན་བྱས་ནས་མཆོད་རྟེན་གསར་བཞེངས་མཛད། ༢༠༠༠ལོར་ནང་རྟེན་ཇེ་རྒྱས་སུ་བཏང་ཏེ་ཕྱི་རྫ་དཀར་གྱིས་སྤྲས་པ་དང༌། ཆོས་འཁོར་སོགས་བསྐྱར་བཞེངས་བྱས། ༢༠༠༥ལོར་ཕྱི་ཡི་རྫ་དཀར་དང་ཤིང་ཆ་རྣམས་ཞིག་རུལ་ཏུ་གྱུར་བས། ཡང་བསྐྱར་རྒྱུ་འབྱོར་མང་པོ་བཏང་ནས་རྣོ་ལྕགས་དང་ཨར་འདམ་གྱིས་ཞིག་གསོ་བྱས་ཏེ་ད་ལྟའི་བྱང་ཆུབ་མཆོད་རྟེན་འདི་ལེགས་འགྲུབ་བྱུང་བ་ཡིན་ནོ། །
འདིར་འབད་ལེགས་བྱས་འོ་མའི་ཆུ་རྒྱུན་གྱིས།།
བྱང་ཆེན་རྒྱ་མཚོ་འཕེལ་བའི་ག