ཕོ་བྲང་མ་རུ།
མཐའ་བཞི་གངས་རིས་བསྐོར་བའི་གངས་ལྗོངས་ཆོས་ལྡན་ཞིང་ཞེས་ཡོངས་སུ་གྲགས་པའི་བོད་ཡུལ་ཀྱི་གནས་མཆོག་ལྷ་ལྡན་གྲོང་ཁྱེར་བྱང་ཕྱོགས་དེང་སྐབས་ཉང་བྲན་གྲོང་ཚོའི་བྱང་ངོས་རི་ལྡེབས་སུ་བྲག་རྡོ་ཆེན་པོ་ཞིག་གི་སྟེང་དུ་དགོན་པ་ཞིག་ཆགས་ཡོད་པ་དེ་ནི་རང་ཅག་གིས་མེས་པོ་ཚོས་གཏམ་རྒྱུད་དང༌། སྒྲུང༌། དེ་མིན་དངོས་བྱུང་ལོ་རྒྱུས་ཀྱི་དེབ་ཐེར་སོགས་གང་ས་ཅི་ཐད་ནས་རང་ཅག་ཕྱི་རབས་པ་ཚོར་ངོ་སྤྲོད་བྱེད་པའི་བོད་རྒྱལ་སོ་གསུམ་པ་བཙན་པོ་སྲོང་བཙན་སྒམ་པོས་བཏབ་པའི་ཕོ་བྲང་མ་རུ་འམ་ཕ་བོང་ཁ་ཞེས་པ་དེ་རེད། ཐུན་མོང་མ་ཡིན་པའི་དམ་པའི་ཆོས་ཀྱི་གནས་བཤད་ཐོག་ནས་ཕོ་བྲང་དང་གནས་འདི་ལ་བཤད་སྲོལ་དུ་མ་ཞིག་ཡོད་ཀྱང༌། ཐུན་མོང་བ་རང་ཅག་རྣམས་ཀྱིས་སྣང་ཚོད་དུ་གྱུར་བའི་སྔོན་བྱུང་གི་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་པར་གཞིགས་ན་ཕོ་བྲང་འདི་ནི་ཐོན་མི་སམ་བྷོ་ཊས་རྒྱ་གར་དུ་ཡི་གེ་སློབ་པར་ཕྱིན་ནས་བོད་དུ་ཕྱིར་མ་ཕེབས་གོང་བཙན་པོས་བློན་པོའི་ཆེད་དུ་བཞེངས་པའི་སྐོར་ཞིག་དང་ཡང་ར་ས་གཙུག་ལག་ཁང་བཞེངས་པ་ལ་ས་པྲ་ངན་པ་བྱང་གི་རུས་སྦལ་རྒྱ་བོ་འདྲ་བའི་ཕ་བོང་སྟེང་དུ་རྒྱལ་པོའི་སྐུ་མཁར་བཞེངས་ན་ས་པྲ་ངན་པ་དེ་ཟློག་ཚུལ་དང༌། དེ་མིན་བགེགས་སྣ་ཚོགས་བཟློག་པའི་ཕྱིར་དུ་རྒྱལ་པོ་ཡབ་ཡུམ་སྐུ་མཚམས་མཛད་ཡུལ་སོགས་ཀྱི་བཤད་སྲོལ་དུ་མ་ཞིག་མཆིས་ཀྱང་གང་ལྟར་ར་ས་གཙུག་ལག་ཁང་མ་བཞེངས་གོང་ནས་ཕོ་བྲང་འདི་ཉིད་བཞེངས་ཡོད་པ་ནི་ལོ་རྒྱུས་ཡོངས་མཐུན་སྣང་དུ་འགྲུབ། ཐོན་མིས་རྒྱ་གར་དུ་ཡི་གེ་བསླབ་ནས་བོད་དུ་ཕེབས་རྗེས་ཀྱང་རྒྱལ་པོས་རྒྱ་གར་ཡི་གེ་རང་འཇགས་བོད་དུ་བསླབ་མ་བཅུག་པར་བོད་རང་གི་ཡི་གེ་བཟོ་དགོས་པའི་བཀའ་ཕབ་པ་ལྟར་ཐོན་མིས་རྒྱ་གར་ནས་བསླབ་པའི་ལན་ཙ་དང་ཝ་ཏུ་སོགས་དང་དེ་སྔོན་བོད་ནང་དུ་སྤྱོད་པའི་ཞང་ཞུང་དམར་ཡིག་དང་དམར་ཆུང་ཟུང་དུ་འབྲེལ་ནས་ད་ལྟ་ངེད་ཚོས་སྤྱོད་བཞིན་པའི་བོད་ཡིག་འདི་ཉིད་གསར་དུ་བཟོས་པར་ལོ་རྒྱུས་སྨྲ་བ་ཀུན་མཐུན་པར་བཞེད། གང་ལྟར་ཕོ་བྲང་འདི་ཉིད་ཐོག་བརྩེགས་དགུ་ཐོག་ཅན་ཕྱོགས་བཞིར་ལྕགས་ཐག་གིས་བཏགས་ཏེ་བརྟན་པར་བྱས་པ། རྩིག་པའི་ནང་དུ་ཡང་ཁྲོ་ཆུ་ཁོལ་མ་བླུགས་པ་སོགས་ཀྱི་བོད་ཀྱི་ཨར་པོའི་ཐུན་མོང་མིན་པའི་ལག་རྩལ་ལ་བརྟེན་ནས་ཕོ་བྲང་འདི་ཉིད་བལྟས་ན་བརྗིད་ལ་བཙན་པ་བཀོད་པ་མཚར་དུ་མངར་བ་ཞིག་བཞེངས། འདིར་ཐོན་མི་སམ་བྷོ་ཊས་དུས་ཡུན་ཟླ་བ་གསུམ་ལྷག་ཙམ་རིང་སྐུ་མཚམས་སུ་བཞུགས་ཏེ་བོད་ཡིག་འདི་དང་འདི་དང་འབྲེལ་བའི་སྒྲའི་བསྟན་བཅོས་བརྒྱད་སོགས་མཛད་པར་གསུངས་ལ་ད་ལྟ་ང་ཚོའི་སྤྱོད་ཡུལ་དུ་སུམ་ཅུ་པ་དང་རྟགས་འཇུག་པ་མ་གཏོགས་རྒྱལ་པོ་ཨུ་དུམ་བཙན་པོས་བསྟན་པ་བསྣུབ་དུས་མཉམ་དུ་བསྣུབས་པར་གྲགས། གནས་དེར་ཐོན་མིས་བོད་ཡིག་གསར་དུ་བཟོས་པས་མི་ཚད་རྒྱལ་པོ་སོགས་བོད་འབངས་ཀུན་ལ་བོད་ཡིག་སློབ་པའི་སློབ་དཔོན་ཡང་མཛད། ཐོན་མིས་ཡི་གེ་གསར་དུ་བཟོས་རྗེས་དབྱངས་བཞི་ཚང་བའི་མ་ནི་ཡིག་དྲུག་འདི་ཉིད་རྒྱལ་པོར་ཡིག་ཕུད་དུ་ཕུལ་བར་མཛད་ལ་ཡི་གེ་གསར་པ་དེ་ལ་བརྟེན་ནས་བོད་ནང་དུ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ཡིག་ཐོག་མ་འདི་ནས་མཛད་པ་ཡིན། གནས་འདི་ནི་བོད་ཀྱི་རྒྱལ་བློན་རྣམས་ནས་ཆོས་སྲིད་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་གལ་ཆེའི་ཕོ་བྲང་ཞིག་ཡིན་ཀྱང་བོད་རྗེ་ཨུ་དུམ་བཙན་པོ་ལྷ་ལུང་དཔལ་རྡོར་ནས་བཀྲོངས་རྗེས་ཕོ་བྲང་འདི་ཉིད་རྩ་བའི་ཆ་ནས་ཉམས་ལ་ཕྱིས་སུ་བཀའ་གདམས་དགེ་བཤེས་བྲག་དཀར་བས་གནས་འདིར་བཀའ་གདམས་དགོན་པ་ཞིག་ཕྱག་བཏབ། དེ་ནས་ད་ལྟ་བར་ཕོ་བྲང་འདི་ཉིད་དགོན་པའི་རྣམ་པའི་ཐོག་ནས་གནས་ཡོད། ངེད་ཚོའི་བཙན་པོ་གོང་མ་ཚོའི་ཕོ་བྲང་རྣམས་ཤུལ་མེད་དུ་ཕྱིན་པ་ཕུད་དེ་མིན་རྣམས་ད་ལྟ་དགོན་པའི་རྣམ་པའི་ཐོག་ནས་གནས་ཡོད་པ་ནི་ལོ་རྒྱུས་སམ་དུས་རབས་འཕེལ་ཕྱོགས་དབང་གིས་མིན་ནམ་སྙམ། དེང་སང་ང་ཚོའི་མིག་ལམ་དུ་མཇལ་དུ་ཡོད་པའི་བཙན་པོའི་ཕོ་བྲང་མང་ཆེ་བ་རྣམས་ལྷ་ཁང་གྱི་རྣམ་པར་གནས་འདུག ། ངོ་སྤྲོད་འདི་ཉིད་ནི་ཁོ་བོས་ཟིན་བྲིས་ཐོག་རིག་གནས་གླིང་ག་དང་པོ་ཞེས་པ་ཞིག་སྤེལ་རྐྱེན་གྲོགས་པོ་ཞིག་ནས་དེ་ཕོ་བྲང་འདི་ཉིད་ཡིན་པར་སྙམ་འདུག་པས་དེ་ལ་གསལ་བཤད་ཚུལ་དུ་བྲིས་པ་ཡིན་ལགས།