logo

༄༅། །རྒྱུད་སྟོད་གྲྭ་ཚང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-03-24 ཀློག་གྲངས།:
རྗེ་ཀུན་དགའ་དོན་གྲུབ་ཀྱིས་རབ་བྱུང་བརྒྱད་པའི་ཤིང་རྟ་སྤྱི་ལོ་༡༤༧༤ལོར་རྒྱུད་ཀྱི་བཤད་སྒྲ་བཙུགས་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ཟེར། རྒྱུད་སྒྲ་སྟོད་སྨད་ཀྱི་གོ་དོན་ནི་གདན་ས་གཞན་དང་མི་འདྲ་བར་མདོ་སྔགས་ཟུང་དུ་འབྲེལ་བའི་རྒྱལ་བསྟན་འཛིན་པའི་གོ་དོན་ནོ། རྗེ་ཀུན་དགའ་དོན་གྲུབ་ཀྱིས་ཐོག་མར་དབུས་སྟོད་བྱམས་པ་གླིང་དང་ཆུམས་མདའ་སོགས་སུ་རྒྱུད་གྲྭ་བཙུགས་ནས་བཞུགས། འདུས་ཚོགས་ཀྱང་ཇེ་འཕེལ་དུ་སོང་། དེ་ནས་རྗེ་ཉིད་ཀྱི་སྐུ་སྨད་ཙམ་ལ་ལྷ་སའི་སྐྱིད་ཆུ་རབ་ཏུ་རྒྱས་ནས་ཆུ་ལོག་གི་ཉེན་ཁ་ཆེན་པོ་བྱུང་རྐྱེན། སྡེ་པ་སྐྱིད་ཤོད་པས་རྗེ་ཀུན་དགའ་དོན་གྲུབ་ཀྱིས་གཙོས་དགེ་འདུན་ཡོངས་རྫོགས་ཆུ་ལོག་ཟློག་པའི་སྐུ་རིམ་དུ་གདན་ཞུས་མཛད་ནས་དཔལ་རྡོ་རྗེ་འཇིགས་བྱེད་དང་ཁྲོ་བ་བཅུའི་སྲུང་བཟློག་ཟུང་དུ་འབྲེལ་བའི་སྐུ་རིམ་རྒྱས་པར་མཛད་པས་ཆུ་ལོག་རང་སར་ཞི་ནས་ལྷ་སའི་གྲོང་མི་ཁྲི་སྟོང་མང་པོའི་སྲོག་གི་འཇིགས་པ་ལས་སྐྱབས་སུ་ཐུབ་པ་བྱུང་དེའི་བཀའ་དྲིན་ལེགས་འབུལ་དུ་ལྷ་ས་ར་མོ་ཆེའི་གཙུག་ལག་ཁང་དང་ནང་གི་རྟེན་གསུམ་བཅས་པ་དང་ཡོངས་རྫོགས་རྒྱུད་སྟོད་གྲྭ་ཚང་གི་འདུ་ཁང་དུ་འབུལ་སྦྱོར་མཛད། འདིར་རྒྱུད་ཀྱི་བཤད་པ་བཙུགས་ནས་མདོ་སྔགས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད། དབུས་གཙང་མདོ་ཁམས་སོགས་ནས་ཕེབས་པའི་དགེ་འདུན་རྣམས་ཐོག་མར་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གང་རུང་བར་གཞུང་ཆེན་དཀའ་པོད་ལྔར་སྦྱངས་པ་མཛད། དེ་ནས་རྒྱུད་སྒྲ་སྟོད་སྨད་གང་རུང་བར་ཕེབས་ནས་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་ཚིག་དོན་གྱི་སྙིང་པོ་ཉམས་ལེན་གནང་གི་ཡོད། གྲྭ་ཚང་གི་སྒྲིག་གཞི་སོགས་རྒྱུད་སྨད་གྲྭ་ཚང་དང་མཚུངས་སོ།།
འབྲེལ་ཡོད་འོས་སྦྱོར།