logo

༄༅།།བསྟན་རྒྱས་གླིང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-03-27 ཀློག་གྲངས།:
དེ་ཡང་བསྟན་རྒྱས་གླིང་ནི་ལྷ་ས་གཙུག་ལག་ཁང་གི་ཉེ་འགྲམ་ནུབ་བྱང་དུ་གནས་ཡོད་ཅིང་དེ་ཡང་ལྷ་སར་ཡོད་པའི་གླིང་བཞིའི་ནང་དེ་སྔ་གཞི་རྒྱ་ཆེ་ཤོས་ཡིན་པ་དང་། བོད་རབ་བྱུང་བཅུ་གསུམ་པའི་མེ་གླང་སྤྱི་ལོ་༡༧༥༧ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་སྐུ་གཤེགས་རྗེས་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་དེ་མོ་འཇམ་དཔལ་དགེ་ལེགས་རྒྱ་མཚོར་ཧོ་ཐོག་ཐུ་ནོ་མིན་ཧན་གྱི་གོ་མིང་གནང་ཏེ་ཧོ་ཐོག་ཐུ་ཞེས་པ་སོག་སྐད་ཡིན།(སྔར་ཏཱ་ལའི་བླ་མ་དང་། པཎ་ཆེན་རིན་པོ་ཆེ། ཆིང་གོང་མ་བཅས་ཀྱི་གནང་བའི་གོ་མིང་བླ་མའི་སྤྲུལ་སྐུ་ཞེས་པའི་དོན)ཏཱ་ལའི་བླ་མ་འཚོ་བཞུགས་སྐབས་ཀྱི་ལམ་སྲོལ་ལྟར་ལས་དོན་གཉེར་དགོས་པའི་ཆོས་སྲིད་གཉིས་ཀྱི་འགན་དབང་འཛིན་རྒྱུའི་བཀའ་ཕབ། སྤྱི་ལོ༡༧༥༩ལོར་ཏཱ་ལའི་བླ་མ་སྐུ་གོང་མའི་ཡང་སྲིད་བཙལ་རྙིད་བྱུང་ནས་ལོ་བཅོ་བརྒྱད་རིང་སྲིད་དབང་མ་བཞེས་པའི་བར་དེ་མོ་འཇམ་དཔལ་རྒྱ་མཚོས་བོད་ཀྱི་སྲིད་དབང་བཟུང་། བོད་ཀྱི་སྲིད་དབང་བཟུང་ནས་ལོ་ངོ་ལྔ་སོང་རྗེས་གང་ས་ཅི་ཐད་ནས་ཆ་རྐྱེན་འཛོམས་པས་བོད་རབ་བྱུང་བཅུ་གསུམ་པའི་ཆུ་རྟ་སྤྱི་ལོ་༡༧༨༢ལོར་བླ་མ་ཁང་ཟེར་བའི་ས་གནས་དེར་བསྟན་རྒྱས་གླིང་དགོན་པ་ཐོག་མར་བཞེངས། ཆུ་ལུག་སྤྱི་ལོ་༡༧༦༣ལོར་མཇུག་སྒྲིལ། མིང་དུ་དགའ་ལྡན་གསང་སྔགས་དགའ་ཚལ་ཟེར། ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་བསྟན་རྒྱས་གླིང་ཞེས་པའི་སྒོ་བྱང་རྒྱ་བོད་མན་སོགས་ཀྱི་ཡི་གེར་འཁོད་པ་ཞིག་གནང་ནས་ཡོངས་གྲགས་སུ་དགོན་མིང་བསྟན་རྒྱས་གླིང་ཟེར། དེ་མོ་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་གཙོ་བོ་བསྟན་རྒྱས་གླིང་ཡིན་པར་མ་ཟད་དེ་མོའི་རྒྱུད་པ་ནི་བོད་ཀྱི་དེང་དུས་ལོ་རྒྱུས་ཐོག་གཙོ་གནད་ཆེ་ཤོས་ཀྱི་གྲས་སུ་སླེབས་ཀྱི་ཡོད། དེ་གང་ལག་ཞེ་ན། དེ་མོ་ངག་དབང་འཇམ་དཔལ་དགེ་ལེགས་རྒྱ་མཚོ་དང་། བློ་བཟང་ཐུབ་བསྟན་འཇིགས་མེད། བློ་བཟང་འཕྲིན་ལས་རབ་རྒྱས་བཅས་སྔ་ཕྱིར་བོད་ཀྱི་སྲིད་སྐྱོང་གནང་མྱོང་ཡོད་ལ་སྐབས་དེ་དུས་གྲྭ་ཚང་དང་བླ་བྲང་སོགས་ཤིན་ཏུ་དར་རྒྱས་བྱུང་ནས་དཀྱིལ་དུ་ཐོག་བརྩེགས་ཅན་གྱི་ཁང་ཆེན་དང་། ཤར་ནུབ་ལྷོ་གསུམ་དུ་ཤིན་ཏུ་ཡངས་པའི་རྒྱལ་སྒོ་རེ་རེ་ཡོད་པ་གཞི་རྒྱ་ཆེ་ལ་བརྗིད་ཉམས་ལྡན་པ་ཞིག་ཡོད་པར་གྲགས། ད་ལྟའི་བསྟན་རྒྱས་གླིང་དེ་ནི་སྔར་གྱི་ཟུར་ཆ་གཅིག་ཙམ་ལས་མེད་ཅིང་། ཕྱིས་སུ་ཉམས་ཆག་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི། རབ་བྱུང་བཅོ་ལྔ་པའི་ཆུ་བྱི་སྤྱི་ལོ་༡༩༡༢ལོ་དུས་སུ་བོད་ཀྱི་སྤྱི་ཚོགས་ཟང་ཟིང་གི་གནས་སུ་འགྱུར་བས་ན། བསྟན་རྒྱས་གླིང་དགོན་པའི་ནང་རྒྱ་དམག་ལྐོག་ཉར་གྱིས་བོད་གཞུང་ལ་ངོ་ལོག་བྱས་རྐྱེན། རྗེས་སུ་ཟང་ཟིང་ལྷིང་འཇགས་བྱུང་རྗེས་བསྟན་རྒྱས་གླིང་དགོན་པར་བཀའ་ཉེས་ཕོག་ནས་ཆོས་གཞིས་དང་བཅས་པ་གཞུང་བཞེས་བཏང་། ཆོས་རྫས་་མ་ཉུང་བ་ཞིག་གཙང་ཁུལ་དགོན་ཁག་ལ་གནང་། དགོན་པ་དེ་རང་ལ་ཡང་ཉམས་ཆག་ཚབ་ཆེན་བྱུང་། རབ་བྱུང་བཅུ་པའི་ས་བྱི་སྤྱི་ལོ༡༩༤༨ལོར་བཀའ་ཤག་སྲིད་གཞུང་གིས་འབྲས་སྤུངས་དགོན་པའི་གོ་བོ་ཁང་ཚན་ལ་དོ་དམ་བྱ་རྒྱུར་སྤྲད། དེ་ནས་ས་སྐྱ་དགོན་པས་བདག་སྐྱོང་བྱས་རྗེས་སུ་སླར་ཡང་བསམ་ཡས་དགོན་པས་བདག་གནས་ཀྱིས་ལོ་ལྟར་དགེ་འདུན་དྲུག་རེ་འཕྲིན་བཅོལ་བྱེད་པར་ཡོང་སྲོལ་ཡོད། ད་ལྟ་དགོན་ཤུལ་བསྟན་རྒྱས་གླིང་གི་ལྕོག་ཏུ་རྟེན་གྱི་གཙོ་བོ་འཇིག་བྱེད་ཀྱི་འཇིམ་སྐུ་དང་། ཐུབ་དབང་། གནས་རྟེན་བཅུ་དྲུག་གི་འཇིམ་སྐུ། སྲུང་མ་གཙོ་བོ་ཙིའུ་དམར་པོ་སོགས་མཇལ་རྒྱུ་ཡོད།
འབྲེལ་ཡོད་འོས་སྦྱོར།