༄༅། །བིས་ཀྱཱ་གྲྭ་ཚང་གི་ངོ་སྤྲོད།
རྩོམ་པ་པོ།:ཚེ་ལོ་ཐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-05-07
ཀློག་གྲངས།:
དགོན་སྡེ་འདི་ནི་ཁྲི་ཀ་རྫོང་མཁར་ནས་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་གཉིས་ཀྱིས་ཆོད་པའི་སར། ར་རྒན་སྡེ་བའི་ཤར་ཕྱོགས་སུ་ཆགས་ཡོད་པའི་དགེ་ལུགས་པའི་སྒྲུབ་སྡེ་ཞིག་ཡིན། སྡེ་འདི་ཐོག་མར་ཆིན་རྒྱལ་རབས་ཀྱི་གོང་མ་ཧྲུན་ཀྲིའམ་ཐབས་སྐྱོང་རྒྱལ་པོའི་ཁྲི་ལོ་བརྒྱད་པ་སྟེ་སྤྱི་ལོ༡༦༥༡ལོར་བཞེངས་ཞེས་གྲགས། ཡང་ངག་སྒྲོས་སུ་སྡེ་འདི་ཡོན་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཞིང་བའི་གྱེན་ལོག་སྔོན་འགོག་གི་ཆེད་དུ་བཏབ་པ་ཞིག་ཡིན་ཞེས་ཀྱང་ཟེར། གང་ལྟར་ཡང་སྡེ་འདི་མན་ཆིན་སོགས་ཀྱི་རྒྱལ་པོ་སོ་སོར་འབྲེལ་ལམ་ཟབ་པས། སྤྱི་ཚོགས་རྙིང་བར་བཙོན་མ་སྲོག་ལ་བབས་པ་རྣམས་ཀྱང་བྲོས་ཏེ་བིས་ཀྱཱའི་མཁར་སྒོར་འཛུལ་རྗེས་སྲོག་ཁྲིམས་ལས་ཐར་བའི་ལོ་རྒྱུས་སྣང་ལ། ལོ་རྒྱུས་འདིས་བིས་ཀྱཱ་དགོན་པ་སྐབས་དེའི་སྤྱི་ཚོགས་ཁྲོད་ཀྱི་གོ་གནས་དང་དབང་ཆ་མཐོན་པོ་ཞིག་བརྙེས་ཡོད་པ་བདེན་དབང་བྱེད་ཐུབ། དམངས་ཁྲོད་དུ་ཁྲི་ཀའི་མཁར་མ་ཆགས་སྔོན་དུ་བིས་ཀྱཱའི་མཁར་ཆགས་ཞེས་ཟེར་སྲོལ་འདུག འདི་ནི་ངག་རྒྱུན་རྐྱང་བ་ཞིག་མ་ཡིན་པར་ལོ་རྒྱུས་ཡིག་ཚང་དག་ཁུངས་འདེད་བྱས་ན་དགོན་འདིའི་ལོ་རྒྱུས་ཁྲི་ཀའི་རྒྱ་མཁར་ལས་རིང་བོ་ཡོད་པ་ར་སྤྲོད་བྱེད་ཐུབ། དགོན་འདིའི་རྟེན་གྱི་གཙོ་བོ་ལ་གོང་མས་གནང་བའི་ཐོབ་དང་ཐམ་ག སྒོ་ཐེམ་སྟེང་དུ་བཀལ་ཡོད་པའི་བསྟོད་པའི་ཡི་གེ༼龙佛垂慈༽ཞེས་པའི་རྒྱ་ཡིག་གི་ཡིག་བྱང་བཅས་མངོན་པར་སྣང་།
དགོན་འདི་སྔོན་ཆད་ནས་བིས་ཀྱཱ་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས་ཤིང་། རབ་རྒྱལ་མེ་བྱ་སྤྱི་ལོ་༡༩༥༧ལོར་སྐུ་གཤེགས་པའི་བིས་ཀྱཱ་བློ་བཟང་དགེ་འདུན་བཤད་སྒྲུབ་རྒྱ་མཚོ་ནི་སྐུ་ཕྲེང་བཅོ་བརྒྱད་པ་ཡིན་ཟེར་སྲོལ་ཡོད་ལ། དོན་དངོས་སུ་ལོ་རྒྱུས་ཡིག་ཚང་དག་གི་སྟེང་དུ་བཀོད་མེད་པས་ཆ་མི་འཚལ། ༼མདོ་མེད་ཆོས་འབྱུང༽ལས་བིས་ཀྱཱ་བླ་མ་བློ་བཟང་འཕྲིན་ལས་རྒྱ་མཚོ་ནི་འདི་པའི་སྐུ་ཕྲེང་སྔ་མ་ཞིག་ཡིན་ལ། འཁྲུངས་དུས་ནི་རབ་བྱུང་བཅུ་བའི་ནང་ཡིན་ཡིན་ཚོད་འདུག ཁོང་ཡང་རྒྱལ་པོའི་སྲིད་ཞུ་མཁན་ཞིག་ཡིན་འདུག་སྟེ་མན་ཇུའི་རྒྱལ་རབས་སྐབས་སུ་གསོལ་བའི་དགོན་པའི་མཚན་ལ་༼དགེ་བ་ལ་སྤྲོ་བའི་དགོན་པ༽ཞེས་དང་། བླ་མ་ཁོང་སྐུ་ཚེ་ཧྲིལ་བོར་གོང་མ་ལ་བློ་དཀར་བའི་རྒྱལ་ཁབ་སྲུང་ཞིང་དགེ་ལ་སྤྲོ་བའི་བླ་མ་ཞེས་གཟེངས་བསྟོད་ཀྱི་ཐམ་ག་སོགས་ཡོད་པར་བཤད། ཕྱིས་ཀྱི་སྐུ་ཕྲེང་གཞན་རྣམས་ཀྱི་ལོ་རྒྱུས་རྒྱུ་ཆ་མ་རྙེད་པས་འགོད་རྒྱུ་མ་བྱུང་ལ། བིས་ཀྱཱ་བློ་བཟང་དགེ་འདུན་བཤད་སྒྲུབ་རྒྱ་མཚོ་ནི། ཁྲི་ཀའི་ལན་འགྲོ་གོང་མའི་ཀྲུའུ་ཚོ་བར་སྤྱི་ལོ་༡༩༠༠ལོར་འཁྲུངས། དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་སློབ་གཉེར་བྱས་ཏེ་རི་ཁྲོད་པའི་གྲས་སུ་ཞུགས། སློབ་མ་རྣམས་ལ་དབང་ལུང་ཁྲིད་གསུམ་གྱི་ཆོས་རྒྱུན་མང་དུ་བསྩལ་ཏེ་རྒྱལ་བའི་བསྟན་པར་ཞབས་འདེགས་གང་ལེགས་ཞུས། ད་ལྟ་ཡོངས་གྲགས་སུ་ཁྲི་ཀའི་ལྷ་རྩེ་ཞེས་མིང་དུ་གྲགས་པ༼ལུགས་རྙིང་ཟླ་༦པའི་ཚེས༢༢༽དེ་ཡང་སྔོན་ཆད་བིས་ཀྱཱའི་མཁར་བདུན་དུ་རྩེད་སྲོལ་ཡོད་ལ། ཁོང་གི་སྐུ་ཚེ་གང་བོ་འགྲོ་དོན་བསྒྲུབས་པའི་སྐུ་དྲིན་ནི་ནམ་ཡང་གཞལ་དཀའ་ལ། མཐར་རབ་རྒྱལ་མེ་བྱ་སྤྱི་ལོ༡༩༥༧ལོར་སྐུ་མྱ་ངན་ལས་འདས།
ད་ལྟའི་བིས་ཀྱཱ་སྤྲུལ་སྐུ་བློ་བཟང་རབ་འབྱོར་ནི་རབ་བྱུང་བཅུ་དྲུག་པའི་ནང་ལྷ་སྡེ་ཨ་ཚོགས་ཏེ་སྔར་ཨ་ལགས་ཉི་མའིའཁྲུངས་ཡུལ་དུ་སྐུ་འཁྲུངས། ཆུང་དུས་ནས་གྱོན་པ་མདོག་དམར་པོ་དང་སེར་པོ་མ་གཏོགས་གྱོན་གོས་གཞན་གཏན་ནས་མི་གོན། བྱིས་པའི་སྐབས་རྩེད་སར་འགྲོ་དུས་བྱིས་པ་རྣམས་ལ་ང་ལ་བླ་མ་ཞེས་བོས་ཟེར། གཞོན་དུས་ནས་རྒྱུད་ལ་བྱམས་སྙིང་རྗེས་ཕྱུག་ཅིང་བག་ཆགས་སད་ལ། ནར་སོན་ནས་སྐུ་འབུམ་བྱམས་པ་གླིང་དུ་སློབ་གཉེར་མཛད་དེ་དགེ་བའི་བཤེས་གཉེན་དམ་ཆོས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན། རྗེས་སུ་ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གིས་བིས་ཀྱཱ་སྤྲུལ་སྐུར་ངོས་འཛིན་གནང་སྟེ་སྡེ་འདི་སྐྱོང་བཞིན་པའི་སྐབས་ལགས་སོ།།
དགོན་འདིའི་ཆོས་ཐོག་གི་རིམ་པ་ལ། ཧོར་ཟླ་དང་པོར་སྨོན་ལམ་ཆེན་མོ་ཉིན་བཅུ། ཧོར་ཟླ་གསུམ་པར་ཀུན་རིག་སྒྲུབ་མཆོད་ཉིན་བདུན། ཧོར་ཟླ་བཞི་བའི་ནང་མཆོད་པ་ཉིན་བརྒྱད། ཧོར་ཟླ་དྲུག་པའི་བཅོ་ལྔ་ནས་དབྱར་གནས། ཧོར་ཟླ་དགུ་བར་གཏོར་སྒྲུབ། བཅུ་བར་ལྔ་མཆོད་ཉིན་དྲུག་བཅས་ཡོད། ཆོས་དད་རང་དབང་གི་སྲིད་ཇུས་དངོས་འབེབས་བྱས་རྗེས། དད་ལྡན་མང་ཚོགས་ཀུན་གྱི་རེ་བ་ལྟར། དགོན་འདིའི་བླ་མ་དང་གྲྭ་བཙུན་ཡོངས་ཀྱི་ཐུན་མོང་གིས་གཙོ་འགན་བཞེས་ཏེ། དད་ལྡན་སྦྱིན་བདག་དག་གིས་མཐུན་རྐྱེན་སྦྱོར་བ་ལ་བརྟེན་འདུ་ཁང་དང་ལྷ་ཁང་ལ་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་རྣམས་ལེགས་གྲུབ་བྱུང་སྟེ། ད་ལྟ་དགོན་འདིར་རབ་བྱུང་བ་བཅུ་ལྷག་གཏན་ཆགས་སུ་བཞུགས་ཡོད། གཞན་ཆོས་སྤྱོད་ཀྱི་ཆོ་ག་སོགས་སྔར་སྲོལ་ཇི་བཞིན་སྐྱོང་བའི་སྐབས་ལགས་སོ།།

འབྲེལ་ཡོད་འོས་སྦྱོར།