རྒྱལ་ཡོངས་སུ་བྲག་ཕུག་དགོན་པ་ག་ཚོད་ཡོད་པ་ཁྱེད་ཀྱིས་ཤེས་སམ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2021-12-29
ཀློག་གྲངས།:
གསར་འགོད་པས་རྒྱལ་ཁབ་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རྩ་འཛུགས་བྱས་ནས་སྤེལ་བའི་རྒྱལ་ཡོངས་ཀྱི་བྲག་ཕུག་དགོན་པའི་ཆེད་དོན་བརྟག་དཔྱད་ཀྱི་འབྲས་བུ་ལྟར་ན། རྒྱལ་ཡོངས་སུ་ཁྱོན་བྲག་ཕུག་དགོན་པ2155དང་བྲག་བརྐོས་སྐུ་འདྲ3831བཅས་ཁྱོན5986ཡོད་པ་རེད། དེའི་ནང་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁྱོན288དང་། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ417དང་། གྲོང་ཁྱེར་དང་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ1285ཡོད་ལ། ད་དུང་རིག་དངོས་སྲུང་སྐྱོབ་ཚན་པར་ཞིབ་བཤེར་གཏན་འབེབས་བྱས་མེད་པའི་གནས་སྤོ་མི་ཐུབ་པའི་རིག་དངོས་ཁ་གྲངས3361དང་། གཞན་ཡང་གསར་དུ་ཤེས་རྟོགས་བྱུང་བ635བཅས་ཡོད་པ་རེད།
མའོ་ཀའོ་ཁུའུ་བྲག་ཕུག་གི་བྲག་ཁུང་ཨང96པའི་ཁང་པའི་འཛུགས་སྐྲུན།
རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལི་ཆུན་གྱིས་ཉིན་ཤས་གོང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”བྲག་ཕུག་དགོན་པ་སྲུང་སྐྱོང་དང་གནའ་རྫས་རྟོག་ཞིབ་ལས་དོན་གྱི་ཚོགས་འདུའི་སྟེང་བསྟན་དོན། བྲག་ཕུག་དགོན་པ་ནི་རིག་དངོས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། རང་རྒྱལ་གྱི་བྲག་ཕུག་དགོན་པ་ཁྱབ་རྒྱ་ཆེ་ཞིང་གཞི་ཁྱོན་ཆེ་བ། མ་ལག་ཆ་ཚང་བ་བཅས་ཡིན་པ་དང་། ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ཟབ་མོ་ལྡན་པས། ཀྲུང་ཧྭའི་རིག་གནས་ཀྱི་ཡུན་རིང་བའི་ལོ་རྒྱུས་ཀྱི་ཁྱད་ཆོས་མངོན་ཡོད་ལ། ཀྲུང་ཕྱིའི་རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས་བདེན་དཔང་བྱས་ཡོད། ཉེ་བའི་ལོ་ཤས་རིང་རིམ་པ་ཁག་གི་རིག་དངོས་སྡེ་ཚན་དང་། བྲག་ཕུག་དགོན་པ་སྲུང་སྐྱོང་དོ་དམ་ལས་ཁུངས། གནའ་རྫས་རྟོག་ཞིབ་ལས་ཁུངས། ཚན་རིག་ཞིབ་འཇུག་ཁང་བཅས་དང་དེ་བཞིན་མཐོ་རིམ་སློབ་གླིང་གི་རིག་དངོས་ལས་དོན་པ་བཅས་ཀྱི་ཐུན་མོང་གི་འབད་བརྩོན་འོག མུ་མཐུད་རྩེ་རིམ་ཇུས་འགོད་ཡག་པོ་བྱས་ཏེ། ལས་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཆེད་དོན་བརྟག་དཔྱད་ལེགས་པོར་བསྒྲུབ་པ། ཆེད་དོན་འཆར་འགོད་བཟོ་བ། གཙོ་གནད་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ། བྲག་ཕུག་དགོན་པའི་ལས་དོན་ཁག་ལ་འཕེལ་རིམ་མངོན་གསལ་དོད་པོ་བྱུང་ཡོད་ཅེས་བསྟན།
ལུང་མོན་བྲག་ཕུག
ལི་ཆུན་གྱིས་བསྟན་དོན། རིན་ཐང་སྔོག་འདོན་ལ་དམིགས་ནས་ཞིབ་འཇུག་ཆེན་པོ་བྱེད་པ་དང་། རིག་ཚན་མང་པོའི་མཉམ་ལས་ཞིབ་འཇུག་བྱེད་སྟངས་གཏིང་ཟབ་ཏུ་གཏོང་བ། གཙོ་གནད་ས་ཁོངས་ཀྱི་གཙོ་གནད་བྲག་ཕུག་དགོན་པར་གནའ་རྫས་རྟོག་ཞིབ་བྱ་རྒྱུར་སྐུལ་འདེད་གཏོང་བ། གཙོ་གནད་བྲག་ཕུག་དགོན་པར་གནའ་རྫས་རྟོག་ཞིབ་ཀྱི་དཔྱད་གཞིའི་ཡིག་རིགས་པར་སྐྲུན་འགྲེམས་སྤེལ་དང་གྲུབ་འབྲས་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བྲག་ཕུག་གི་བདེ་འཇགས་བརྟན་སྲུང་དང་། སྲུང་སྐྱོབ་ཆེན་པོ་དམ་འཛིན་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་བྲག་ཕུག་དགོན་པའི་ཐོན་ཁུངས་ཀྱི་གཞི་གྲངས་ལས་སྟེགས་བསྐྲུན་པ། རིམ་པ་དབྱེ་བ་དང་རིགས་དབྱེ་ནས་བྲག་ཕུག་དགོན་པར་སྲུང་སྐྱོབ་བྱེད་པ། བྲག་ཕུག་དགོན་པར་ཚན་རྩལ་གྱིས་གཞོགས་འདེགས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། བྲག་ཕུག་དགོན་པར་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་བྱེད་པ་དང་གནོད་འཚེ་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་བ། བྲག་ཕུག་དགོན་པའི་བདེ་འཇགས་གསར་གཏོད་མ་ལག་གཏོད་པ། བྲག་ཕུག་དགོན་པའི་རང་ངོས་ཀྱི་བདེ་འཇགས་སྲུང་བ། བྲག་ཕུག་དགོན་པའི་སྲུང་སྐྱོབ་དང་། ཞིབ་འཇུག ཚན་རྩལ་ཕན་ཚུན་འབྲེལ་མཐུད་ཡོང་བ་བཅས་བྱེད་དགོས། སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་ནས་བེད་སྤྱོད་ཆེན་པོ་བྱས་ཏེ། བྲག་ཕུག་དང་དགོན་སྡེའི་ཐོན་ཁུངས་མཉམ་འདྲེས་དང་བསྡུ་སྒྲིལ་བྱས་ནས་བྲག་ཕུག་དང་དགོན་སྡེའི་འགྲེམས་སྟོན་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། བྲག་ཕུག་དགོན་པ་སྔར་ལས་ལྷག་པའི་སྒོ་ནས་འཚོ་བར་མཉམ་འདྲེས་དང་མི་དམངས་ལ་ཞབས་འདེགས་བྱེད་པར་སྐུལ་འདེད་གཏོང་བ། བྲག་ཕུག་དགོན་པའི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཀྱི་ལས་སྟེགས་རྒྱ་ཆེར་གཏོང་བ། ཕྱི་ལ་ཤོར་བའི་བྲག་ཕུག་དགོན་པའི་རིག་དངོས་རྗེས་འདེད་ཚུར་ལེན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཆེད་ལས་དཔུང་ཁག་གསོ་སྐྱོང་དང་། ལས་སྟེགས་ཆེན་པོ་བསྐྲུན་པ། བྲག་ཕུག་དགོན་པའི་ཤེས་ལྡན་པ་གསོ་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། ལས་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་རིམ་པ་དང་ས་ཁོངས་རིམ་པ་གཉིས་ཀྱི་བྲག་ཕུག་དགོན་པའི་མཐུན་སྦྱོར་དང་སྲུང་སྐྱོང་། ཞིབ་འཇུག་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བྲག་ཕུག་དགོན་པ་སྲུང་སྐྱོང་ཞིབ་འཇུག་གི་ལས་སྟེགས་ཆེན་པོ་གཏོད་པ་བཅས་བྱེད་དགོས་ཞེས་བསྟན།
ཡུན་ཀང་བྲག་ཕུག
རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུང་ཞིན་ཁྲའོ་ཡིས་བསྟན་དོན། “ལོ་ལྔ་ཚན་བཅུ་བཞི་པའི”རྒྱང་སྐྱོད་གསར་པར་ཕྱོགས་ནས་ས་གནས་ཁག་གི་རིག་དངོས་སྡེ་ཚན་གྱིས་བྲག་ཕུག་དགོན་པ་སྲུང་སྐྱོང་བེད་སྤྱོད་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། བྲག་ཕུག་དགོན་པ་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་ལས་དོན་གྱི་འཆར་གཞི་འཐུས་ཚང་དུ་གཏོང་བ་དང་། མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱེད་པ། བདེ་འཇགས་ཀྱི་མ་མཐའི་ཚད་ཐིག་ལེགས་པོར་སྲུང་བ། ལས་ཁུངས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གནའ་རྫས་རྟོག་ཞིབ་ཀྱི་ཞིབ་འཇུག་གཏིང་ཟབ་བྱེད་པ། ཚན་རྩལ་གྱི་གཞོགས་འདེགས་ནུས་པ་འདོན་སྤེལ་བྱེད་པ། ལས་གྲྭའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། འགྲེམས་སྟོན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། བྲག་ཕུག་དགོན་པ་སྲུང་སྐྱོང་དང་བེད་སྤྱོད། སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བ་བཅས་ལ་ནུས་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
འབྲེལ་ཡོད་འོས་སྦྱོར།