logo

ཡར་ཀླུང་ཁུལ་གྱི་གནས་རྟེན་ཕུག་གསུམ་རྟེན་རྙིང་མཇལ་བའི་དོགས་གཅོད་ཕྲན་བཤད།

རྩོམ་པ་པོ།:ཨེ་ཉི་མ་ཚེ་རིང་། ཡོང་ཁུངས།:ཨེ་པ་ཚང་། དུས་ཚོད།:2022-04-15 ཀློག་གྲངས།:
ཡར་ཀླུང་རྟེན་གསུམ་བཤད་པ།
 
        དེ་ཡང་ཡར་ཀླུང་གཞུང་དུ་ཕེབས་མཁན་གྱི་དད་ལྡན་མང་ཚོགས་དང་། ཡང་ན་ཞིབ་འཇུག་ལ་ཁ་ཕྱོགས་པའི་རིག་གནས་པ། སྤྱིར་བཏང་གི་ལྗོངས་རྒྱུ་བ་གང་འདྲ་ཞིག་ཡིན་ན་ཡང་། ཡུལ་ཡར་ཀླུང་ཞེས་པའི་ལུང་གཞུང་འདིར་འབྱོར་ཕྱིན། ཡིད་ལ་ཐོག་མར་འཆར་བ་ནི་ཡར་ཀླུང་རྟེན་གསུམ་དང་གནས་གསུམ་ཕུག་གསུམ་གྱི་མཇལ་རྟེན་སྐོར་ནས་བགྲོ་བའི་གླེང་མོར་གྱུར་བ་བརྗོད་མི་དགོས་པ་ཞིག་རེད།
        དེ་ཡང་ལོ་རྒྱུས་ཀྱི་ཆབ་རྒྱུན་རིང་མོའི་ནང་ཡུལ་ཡར་མོ་ཀླུང་ཆེན་འདིའི་པང་ཁ་ནས་ལོ་རྒྱུས་ཀྱི་སྔ་བ་མང་པོ་རུམ་དུ་སྦྲུམ་ཡོད་ལ། ཡུལ་འདི་ནི་ཤེས་རིག་གི་ཞིང་ས་གཤིན་པོ་ཞིག་ལྟར་གནའ་བོའི་ཡར་ཀླུང་གི་ཆབ་དཔལ་རིག་གསུམ་གྱི་མྱུ་གུ་འདི་ནས་འབུས་ཤིང་། དར་རྒྱས་ཀྱི་ཡལ་འདབ་འདི་ནས་ཕྱོགས་བཅུར་རྒྱས་ཡོད་པས། ཕྱོགས་མཚམས་ཀྱི་སྐྱེས་བུ་མང་པོའི་འདྲེན་བྱེད་དབང་པོ་ཡུལ་འདིའི་ཤེས་རིག་གི་མེ་ཏོག་གིས་དབང་མེད་ཏུ་འཕྲོགས་པར་བྱས་ཡོད།
        དེས་ན་མཚམས་འདིར་གླེང་བར་བྱ་བའི་གཏམ་གྱི་མགོ་ཡང་ཡར་ཀླུང་རྟེན་གསུམ་སྐོར་ནས་རང་ཉིད་ཀྱི་ལྟ་ཚུལ་ཕྱི་ནང་མ་སྨིན་པ་སྟོན་འགོའི་ཤིང་ཏོག་ཨ་མའི་འབྲས་བུ་ལྟ་བུ་ཞིག་བཤད་འདོད་པ་ལ་གཟུར་གནས་པ་ཚོས་འཁང་ར་དང་ཕྱག་འཇུག་མེད་པར་མཁྱེན།
        སྤྱིར་བཏང་ཡོངས་ཁྱབ་ཀྱི་ངོས་འཛིན་ལྟར་ན་ཡར་ཀླུང་རྟེན་གསུམ་ནི་ཚེ་ཆུ་འབུམ་པ་དང་དགོན་ཐང་འབུམ་པ།རྟག་སྤྱན་འབུམ་པ་བཅས་གསུམ་ཡིན་ཤིང་། རྟེན་གསུམ་པོའི་ལོ་རྒྱུས་མདོ་ཙམ་འདིར་བཀོད་ན། དང་པོ་ཚེ་ཆུ་འབུམ་པ་ལྟ་བུར་ཆ་མཚོན་ན་ཚེ་ཆུ་འབུམ་པ་ནི་བོད་ལྗོངས་ལྷོ་ཁ་སྣེ་གདོང་ཆུས་ཁོངས་བཙན་ཐང་གྲོང་དུ་གནས་ཤིང་། «ཀ་ཐོག་སི་ཏུའི་དབུས་གཙང་ལམ་ཡིག»ལས། "ཅོག་རོ་ཀླུའི་རྒྱལ་མཚན་དང་མངའ་བདག་རྒྱལ་པོས་བཞེངས་པ་དང་ཆུ་ཤེལ་གྱི་ཁ་སརྦ་ཎི་ལས་ཚེས་བཅོ་ལྔ་ནམ་ཡིན་ལ་ཚེ་ཆུ་འབབས"ཞེས་འཁོད་ཡོད་ལ། དེ་མིན«འཇིགས་མེད་གླིང་པའི་གཏམ་ཚོགས»ལས་ཀྱང"ལོ་ཙཱ་བ་ཆེན་པོ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་རྒྱལ་པོ་ལ་ཤེལ་སྐུ་འདྲ་ཅོག་པ་བསྟན་ཏེ་རྒྱ་གར་ནས་བྱོན་པའི་ཆུ་ཤེལ་གྱི་འཕགས་པའི་སྐུ་དངོས་བསྟན་ཡུལ་ཞེན་གྱིས་མཆོད་རྟེན་ནང་རྫོངས་ལ་བཅུག་པར་གྲགས་པའི་ཚེ་ཆུ་འབུམ་པ"ཞེས་གསལ་བར་འཁོད་པ་ལྟར་ན་འབུམ་པ་དེ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མཇུག་ཙམ་དུ་བཞེངས་པར་མངོན་ཤིང་། ཉེ་རབས་ཀྱི་དུས་སུ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་དངོས་སུ་ཡར་ཀླུང་ཚེ་ཆུ་འབུམ་པ་ལས་ཚེ་ཆུ་དཀར་ཡོལ་གང་གཏེར་ལས་བཞེས་གནང་མཛད་པ་ནི་སྐྱེས་བུ་ཚད་མ་དང་གཏམ་ཚད་མ་ཡིན་པས། ཚེ་ཆུ་བབས་པ་ནི་འཁྱར་གཏམ་རླུང་འཁྱེར་ཤིག་མིན་པར་དོན་གཤའ་མ་རང་ཡིན་པ་ར་སྤྲོད་ཐུབ་པ་ཞིག་དང་། གཉིས་ནི་དགོན་ཐང་འབུམ་པ་ཡིན་ཤིང་དེ་ནི་བོད་ལྗོངས་ལྷོ་ཁ་སྣེ་གདོང་ཆུས་ཁོངས་ཁྲ་འབྲུག་གྲོང་རྡལ་པད་རོང་གྲོང་ཚོར་གནས་ཤིང་། འབུམ་པ་དེར་མིང་འབྲི་ཚུལ་ཁག་གསུམ་ཙམ་ཡོད་པ་ལས། དགོན་ཐང་དང་མགོན་ཐང་། རྒོད་ཐང་བཅས་སོ། ། «ཀ་ཐོག་སི་ཏུའི་དབུས་གཙང་གནས་ཡིག»ལས། "སྔ་དུས་སུ་མཆོད་རྟེན་དཀར་པོ་ཐོག་ལྔ་ལྡན་ཞིག་ཡོད་པ་དང་། སྒྲོལ་མའི་སྤྲུལ་པ་ནེ་ཙོ་དང་གཡུ་སྦས་པ་སྨྲི་ཏིས་རབ་གནས་མཛད"ཅེས་འཁོད། པཎ་ཊི་ཏ་སྨྲི་ཏི་ནི་དུས་རབས་བཅུ་པའི་ནང་དུ་བྱོན་པའི་རྒྱ་གར་གྱི་པཎ་ཊི་ཏ་ཆེན་པོ་ཞིག་ཡིན་པ་དང་རྗེས་སུ་དཔྱལ་ལོ་ཙཱ་བ་དང་འབྲོམ་སྟོན་པ་སོགས་ཀྱིས་ཆོས་ཞུས་པའི་ལོ་རྒྱུས་ཀྱང་མཆིས། དགོན་ཐང་ཞེས་པ་ནི་པདྨ་བཀའ་ཡི་ཐང་ཡིག་ལས། དགོན་ཐང་གཙུག་ལག་ཁང་གི་བྲག་རི་ལ། །ནོར་གཏེར་ཆོས་གཏེར་དམ་རྫས་མང་དུ་སྦས། །ཞེས་འཁོད་པ་དང་། ཡང«འཇིགས་མེད་གླིང་པའི་གཏམ་ཚོགས»ལས། "ཡུལ་ཡར་ཀླུང་ལ་གསེར་པ་དང་གཡུ་པ་ཞེས་གྲགས་པའི་བར་མཚམས་ན། མངའ་བདག་ལྷ་སྡེའི་དུས་ཙམ་ན་དགོན་ཐང་གྲ་མིག་ཐང་བྱ་བའི་དགོན་གནས་ཤིན་ཏུ་དར་བ་རེ་ཞིག་ཉམས་པའི་ཁྱིམ་བཙུན་ཨ་རོ་དར་མ་ཞེས་བྱ་བ་ལ་སྒྲོལ་མའི་སྤྲུལ་པ་ནེ་ཙོ་སྨྲ་ཤེས་ཤིག་ཡོད། དེས་ཚོང་རྒྱལ་ཕམ། ལམ་འཕྲང་བདེ་དོག་ལ་སོགས་མངོན་ཤེས་ཀྱིས་འཆད་པས་ཁོ་དང་ཕལ་ཆེར་འགྲོགས། ནེ་ཙོ་ཡུལ་དུ་བཞག་པའི་རེས་གཅིག་ལ། ཁོའི་བླ་གཡུ་ཆེན་པོ་ཁྱིམ་ལ་སྦས་ཏེ་ནེ་ཙོ་ལ་བཅོལ་བའི་ཤུལ་དུ་ནེ་ཙོ་ནད་ཀྱིས་བཏབ་པས་གཡུ་ལ་གབ་ནས་ཁ་ཆེམས་སུ་བདག་པོ་མ་སླེབས་བར་དུ་རོ་མ་སྒུལ་ཅིག་ཟེར། དེར་ཁོ་སླེབས་པ་དང་ལས་ཀྱི་འབྲེལ་བས་ཅན་དུ་ཤེས་ནས་ནེ་ཙོའི་རོ་དང་གཡུ་གཉིས་ཀ་ནང་དུ་བཞག་པའི་མཆོད་རྟེན་ཆུང་ངུ་བཞེངས། པཎ་ཆེན་སྨྲི་ཏིས་ཕྱག་གནས་མཛད་པས་བྱིན་རླབས་ཆེ། ནེ་ཙོ་མཆོད་རྟེན་དུ་གྲགས་ནས་ཐམས་ཅད་དད་པས་བསྐོར་བའི་སྐབས།གཅིག་གིས་གཡུ་འདོན་དུ་བརྩམས་པ་དེ་གཞན་གྱིས་རིག་ནས་མཆོད་རྟེན་ལ་ཕྱི་ཐུམས་བྱའམ་ལྕགས་རིས་བསྐོར་བའི་སྐབས། གསེར་པ་དང་གཡུ་པ་གཉིས་འཐབ་མོ་ཆེན་པོས་མི་གསད་མང་པོ་བྱེད་པ་ལ། སྦ་གཡུང་དྲུང་གིས་བསྐུལ་ནས་མདོ་སྨད་རོག་དམར་ཞུ་བས་འདུམས་མཛད། ཁོང་རྣམས་ཀྱང་དད་པས་གསེར་པས་ཤར་པ་དང་གཡུ་པས་ནུབ་ཀྱི་ལས་མི་བྱས་ནས་ཕྱི་ཐུམས་ཀྱི་སྐུ་འབུམ་ཆེན་པོ་བྱས་པ་ལ་འཁོན་བསྡུམས་སམ་སྲི་ཆོད་འབུམ་པར་ཡང་གྲགས"ཞེས་འཁོད།
        གཞན་རྒོད་ཐང་འབུམ་པ་ཞེས་པའི་མིང་གི་ཐོགས་ཚུལ་དེ་ནི་རང་ཉིད་ནས་དངོས་སུ་ཡིག་ཐོག་ཏུ་འཁོད་པ་མ་མཇལ་མོད་འདིར«ལྷོ་ཁ་གྲོང་ཁྱེར་གྱི་དགོན་སྡེའི་དཀར་ཆག་ཆུ་བརྒྱ་ཟམ་འདུས»ནང་བཀོད་པའི་མིང་གི་བྱུང་ཚུལ་ཕྲན་བུ་བཀོད་ན། "སྔར་ཚོང་དཔོན་ནོར་བུ་བཟང་པོ་དབུས་སུ་ཕེབས་པའི་ལམ་བར་དུ་ཆིབས་རྟ་ཆད་དེ་ངལ་གསོ་གནང་སྐབས། ཆིབས་རྟའི་སྟེང་དུ་བྱ་རྒོད་བབས་པར་ཚོང་དཔོན་རྣམ་རྟོག་སྐྱེས་ནས་མདའ་འཕངས་ཏེ་བྱ་རྒོད་རྨས། བྱ་རྒོད་དེས་མདའ་འཁུར་ནས་ཡར་ཀླུང་ཤེལ་བྲག་གི་རྒོད་ཚང་དུ་འཕུར་བས། མདའ་མོ་བྲག་ལ་འཁར་ནས་ནང་དུ་འཛུལ་མ་ཐུབ་པ་ཤེལ་བྲག་དཀོན་གཉེར་གྱིས་མཐོང་བས། མདའ་ཚུར་འཐེན་པས་བྱ་རྒོད་ནང་དུ་ཐར། དུས་ནམ་ཞིག་ན་ཚོང་དཔོན་ཤེལ་བྲག་ཏུ་བསྐྱོད་སྐབས་རང་ཉིད་ཀྱིས་བྱ་རྒོད་ལ་འཕེན་པའི་མདའ་དེ་མཐོང་བས་ངེས་འབྱུང་བཅོས་མིན་དུ་སྐྱེས་པས་སྡིག་བཤགས་སུ་མགོན་ཐང་འབུམ་པ་འདི་ཞིག་གསོ་མཛད་ཅིང་། ཚོང་དཔོན་གྱི་བླ་གཡུ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་དེ་ཡང་འབུམ་པའི་གཟུངས་སུ་ཕུལ་ནས་མིང་དུ་རྒོད་ཐང་འབུམ་པར་ཐོགས"ཞེས་འཁོད་ཀྱང་ཚོང་དཔོན་ནོར་བུ་བཟང་པོ་ནི་རྒྱ་སོག་ཧོར་གསུམ་གྱི་སྐད་ལ་བྱང་ཆ་ལྡན་པ་མ་ཟད། ཚོང་འདྲེན་གྱི་ལས་ལ་ཤིན་ཏུ་འཇོན་པས་སྐུ་ཚེ་གང་པོར་ནོར་བདག་ཛམ་བྷ་ལའི་དངོས་གྲུབ་ཐོབ་པ་ལྟ་བུར་མངའ་ཐང་རྒྱས་ཤིང་། ཤིང་རྟའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་པོའི་ཡོན་བདག་ཆེ་གྲས་སུ་གྱུར་ཚུལ་འཁོད་པར་གཞིགས་ན་ཁོང་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ཡས་མས་སུ་བྱུང་བའི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་པས་བཤད་རྒྱུན་དེ་ཅུང་ཕྱིས་པར་སྣང་།
        རྟེན་གསུམ་ལས་རྟེན་གཅིག་ཤོས་ནི་རྟག་སྤྱན་འབུམ་པ་ཡིན་ཞིང་རྟེན་མཆོག་གསུམ་པ་རྟག་སྤྱན་འབུམ་པ་ནི་བོད་ལྗོངས་ལྷོ་ཁ་སྣེ་གདོང་ཆུས་ཕོ་བྲང་ཤང་གི་ཁོངས་སྤུ་རིང་ཕུག་མོ་ཆེའི་རི་རྒྱུད་ཀྱི་རི་ནོར་བུ་འདྲ་བའི་མཚམས་སུ་ཕྱག་བཏབ་པའི་བཀའ་གདམས་པའི་འབུམ་པ་ཞིག་ཡིན་ཤིང་། རྟག་སྤྱན་འབུམ་པ་ཞེས་བརྗོད་དགོས་དོན་ནི་འབུམ་པ་དེའི་གཟུངས་གཙོ་བོར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་དམ་གྱི་རྟེན་ཤེལ་གྱི་མཆོད་རྟེན་ཁྲུ་གང་ཙམ་ནང་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་སྤྱན་གཡོན་མ་བཞུགས་པར་གྲགས་པའི་ཆ་ནས་རྟག་སྤྱན་འབུམ་པ་ཞེས་ཐོགས་པར་གྲགས།
        དེ་མིན་འབུམ་པ་དེའི་མཚན་གཞན་ལ་མཆོད་རྟེན་བཀྲ་ཤིས་འོད་འབར་ཞུ་བ་དང་། དེ་ཡང་ལྷའི་བུ་བཀྲ་ཤིས་དང་འོད་འབར་བྱ་བ་གཉིས་ཀྱིས་མཆོད་རྟེན་བཞེངས་གྲུབ་པའི་རྗེས་རབ་གནས་དང་འཁྲུས་གསོལ་མཛད་པ་དང་མཐར་ཆོད་རྟེན་ལ་དངོས་སུ་འཐིམས་པར་གྲགས་ཤིང་། དེ་ནས་མཁའ་འགྲོ་མ་སྟག་གི་རྣ་བ་ཅན་གྱིས་ནམ་མཁའ་ལས་ཕེབས་ཏེ་སླར་ཡང་རབ་གནས་འཁྲུས་གསོལ་མཛད་པ་དང་། ནམ་མཁར་འཕུར་ཁར་གར་སྟབས་མཛད་པའི་རྟིང་པ་ཀེར་ཤུལ་གྱི་ཞབས་རྗེས་གསལ་བའི་རང་བྱོན་ཞིག་དེང་སང་བར་དགོན་པའི་ནང་རྟེན་དུ་གསལ་བར་མཇལ་རྒྱུ་ཡོད།
        མཁའ་འགྲོ་མ་སྟག་གི་རྣ་བ་ཅན་གྱིས་རབ་གནས་མཛད་པ་དང་ནང་རྟེན་དུ་སྟག་གི་རྣ་བ་ཅན་གྱི་ཞབས་རྗེས་སོགས་ཡོད་པ་དེ་དག་རྒྱུ་མཚན་དུ་བྱས་ན། སྔར་གྱི་ཡིག་རྙིང་ཕལ་མོ་ཆེར་སྟག་ཅན་ནམ་སྟག་སྤྱན་འབུམ་མོ་ཆེ་ཞེས་འཁོད་པ་ཡང་མང་པོ་ཡོད་པས། སྟག་ཅན་ཞེས་པ་ཡང་མཁའ་འགྲོ་མ་སྟག་གི་རྣ་བ་ཅན་གྱིས་ལུང་བསྟན་པའམ་བྱིན་གྱིས་བརླབས་པའི་ཆ་ནས་ཐོགས་པ་ཡིན་ཡང་སྲིད་དེ་གང་ལྟར་སྔར་གྱི་དུས་སུ་སྟག་ཅན་ཞེས་འབྲི་སྲོལ་ཡང་ཡོད་པར་སྣང་།
        ད་ནི་ཚིག་གི་ལོ་མ་བསྐྱུར་ནས་དོན་གྱི་འབྲས་བུ་བསྟན་ན་འབུམ་པ་དེ་ཕྱག་འདེབས་པའི་དུས་ཚོད་དང་ཕྱག་འདེབས་མཁན་ཐད་ཅུང་ཟད་ཅིག་གླེང་བར་བྱ་བ་ལ། དེ་ཡང་དགོན་འདིའི་གནས་ཡིག་ལས་འབུམ་པ་དེ་ཐོག་མར་ཕྱག་འདེབས་མཁན་ནི་བྱ་བྲལ་འདུལ་བ་འཛིན་པ་ཡིན་ཞེས་འཁོད་པ་ཙམ་ལས་མཚན་དངོས་མི་གསལ། འོ་ན་རྟག་སྤྱན་འབུམ་པ་འདི་ཕྱག་འདེབས་གནང་མཁན་གྱི་མཚན་དངོས་ལ་གང་ཞུ་བ་དང་དུས་ནམ་ལ་ཕྱག་འདེབས་མཛད་པ་ཡིན་ནམ་ཞེས་ན། «འཇམ་དབྱངས་མཁྱེན་བརྩེས་མཛད་པའི་དབུས་གཙང་གནས་ཡིག»ཏུ། "བཀའ་གདམས་པའི་དགེ་བཤེས་སྐོར་ཆེན་པོས་བཞེངས་པ"ཞེས་དང་ཡང«འཇིག་མེད་གླིང་པའི་གཏམ་ཚོགས»ལས"བཀའ་གདམས་སྣེའུ་ཟུར་པའི་ཡང་སློབ་སྐོར་ཆེན་པོས་བཞེངས་པའི་སྟག་ཅན་འབུམ་མོ་ཆེ"ཞེས་གསལ་བར་གཞིགས་ན། འབུམ་པ་འདི་ཕྱག་འདེབས་མཛད་མཁན་གྱི་མཚན་དངོས་ལ། བཀའ་གདམས་པའི་དགེ་བཤེས་སྐོར་ཆེན་པོ་ཞུ་བ་དང་། ཁོང་ནི་འདུལ་བ་ལ་ཤིན་ཏུ་མཁས་ཤིང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པར་ཉམས་བཞེས་གཙོ་བོར་མཛད་གནང་མཁན་ཞིག་ཡིན་པ་མ་ཟད། སྤྱོད་ལམ་གང་ས་ནས་བྱ་བྲལ་གྱི་རྣལ་འབྱོར་པ་ལྟ་བུ་ཞིག་ཡིན་པའི་ཆ་ནས་བྱ་བྲལ་འདུལ་བ་འཛིན་པ་ཞེས་འབོད་པར་སྣང་། དགེ་བཤེས་སྐོར་ཆེན་པ་ནི་སྣེའུ་ཟུར་པའི་ཡང་སློབ་ཡིན་པར་གསུངས་ཤིང་། སྣེའུ་ཟུར་པ་འཁྲུངས་དུས་ནི་ཇོ་བོ་རྗེ་བོད་དུ་ཕེབས་པའི་ལོ་སྟེ་སྤྱི་ལོ་༡༠༤༠ལོར་ཡིན་པར་གཞིགས་ན། དེའི་ཡང་སློབ་ཞེས་པ་སྤྱིར་ན་དགེ་བཤེས་སྐོར་ཆེན་པ་ནི་དུས་རབས་བཅུ་གཅིག་གི་ཡས་མས་སུ་འཁྲུངས་པར་མངོན་པས། འབུམ་པ་དེ་ཕྱག་འདེབས་པའི་དུས་ཚོད་ཀྱང་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་ལས་སྔ་བར་མི་སྣང་བ་ནི་ཟུར་བལྟས་ལེབ་མཐོང་དུ་གྱུར་ཡོད།
        དེ་མིན་འདིར་ཆེད་དུ་བཤད་པར་བྱ་བ་ནི་སྔར་གྱི་དུས་སུ་ཡར་ཀླུང་རྟེན་གསུམ་གྱི་ངོས་འཛིན་བྱེད་ཚུལ་ཐད་གོང་དུ་བཤད་པའི་རྟེན་འདི་གསུམ་གཅིག་པུ་མ་ཡིན་པར་ད་དུང་འབུམ་པ་གཅིག་ཡོད་པ་དེ་ནི་ཡར་ཀླུང་སྟོང་ཐང་འབུམ་པ་ཞེས་པ་དེ་ཡིན། དམངས་ཁྲོད་ཀྱི་བཤད་རྒྱུན་ལྟར་ན་སྟོང་ཐང་འབུམ་པ་འདི་ནི་རྟེན་གསུམ་གྱི་ནང་ཚན་གཅིག་ཡིན་པ་དང་འབུམ་པ་དེའི་གཟུངས་སུ་སྨན་ཁུག་ཞིག་ཡོད་པས་བྱིན་རླབས་ཧ་ཅང་ཆེ་བར་བཤད་ཅིང་། འབུམ་པ་དེ་བསྐོར་ན་ནད་གདུང་གིས་མནར་བའི་སྐྱེ་བོ་མང་པོ་ནད་གདོན་ལས་མཐར་ཐུབ་པའི་བཤད་སྲོལ་མཆིས།
        བཤད་རྒྱུན་དེ་ང་ཚོས་ཁུངས་མེད་ཀྱི་ཉོག་གཏམ་དང་ལུང་མེད་ཀྱི་དཔེ་ཆ་ཞིག་ཏུ་བརྩིས་རྐྱང་མ་བྱས་པར་ངོས་འཛིན་ཡང་དག་ཅིག་བྱེད་ཐུབ་ན་ད་གཟོད་དམངས་ཁྲོད་ཀྱི་བཤད་རྒྱུན་དེར་ཡིད་རྟོན་རུང་མིན་ཤེས་པར་ནུས་སོ། །དེ་ཡང་ཡར་ཀླུང་སྟོང་ཐང་འབུམ་པ་ཞེས་པ་ནི་དེང་གི་བཙན་ཐང་གི་སྨད། ཤེལ་བྲག་གི་མདུན་རི་གླང་པོ་ཆེའི་སྣ་ཞག་བསྐྱངས་འདྲ་བ་ཤར་དུ་ཕྱོགས་པ་དེའི་སྣ་རྩེར་ཆགས་ཡོད་ཅིང་། «ཀ་ཐོག་སི་ཏུའི་དབུས་གཙང་གནས་ཡིག»ལས། "རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོའི་གདུང་བང་སོའི་རྣམ་པ་ཅན་དུ་ཡོད་ཅིང་། ཉིན་མོ་མིས་བསྐོར་བ་དང་མཚན་མོ་ལྷ་འདྲེས་བསྐོར་བའི་བཤད་རྒྱུན་མཆིས་ཤིང་། འབུམ་གསེང་ནས་སྨན་ཁུག་འདྲ་བ་ཐོན"ཅེས་འཁོད་ཡོད། འོ་ན་རྒྱལ་སྲས་ལྷ་རྗེ་ཞེས་པ་དེ་སུ་ལ་གོ་དགོས་སམ་ཞེས་ན། «གཡུ་ཕྲེང»ལས། "བཙན་པོ་ཡབ་ཁྲི་ལྡེ་སྲོང་བཙན་ལ་ཁྱོན་སྲས་ཆེ་ཆུང་ལྔ་བྱུང་བར་གྲགས་པ་ལས། སྲས་ལྷ་རྗེ་དང་ལྷུན་གྲུབ་གཉིས་ཆུང་དུས་ནས་གྲོངས་པས་བང་སོ་ཡང་མེད་ཅེས"དང་། «ཉང་རལ་ཆོས་འབྱུང»དུ། "རྒྱལ་པོ་དེ་ལ(སད་ན་ལེགས་མཇིང་ཡོན)ལྷ་སྲས་ལྔ་བྱུང་སྟེ། ཁྲི་གཙུག་ལྡེ་རལ་པ་ཅན། ལྷ་སྲས་གཙང་མ། ཁྲི་དར་མ་འུ་དུམ་བཙན། ལྷ་རྗེ་ལྷུན་གྲུབ། ཁྲི་ཆེན་འདིའུ་དང་ལྔ་འཁྲུངས་སོ"ཞེས་དང་། ཡང«རྒྱལ་རབས་གསལ་བའི་མེ་ལོང»ལས། "སྲས་ལྡེང་ཁྲི་དགུང་ལོ་བཅུ་བཞི་ལ་རྒྱལ་སྲིད་བཟུང་། བཙུན་མོ་ཆེན་མ་ལ་གསུམ། བཙུན་མོ་ཆུང་བ་ལ་གཅིགསྲས་ལྷ་རྗེ་ལྷུན་གྲུབ་གཉིས་ཏེ་ལྔ་འཁྲུངས་སོ"ཞེས་གསལ་བ་ལྟར་ན་དོན་ངོ་མའི་རྒྱལ་སྲས་ལྷ་རྗེ་ཞེས་པ་ནི་བཙན་པོ་སད་ན་ལེགས་མཇིང་ཡོན་གྱི་སྲས་ཡིན་པ་དང་། ཁོང་གི་མཚན་དངོས་ནི་རྒྱལ་སྲས་ལྷ་རྗེ་ལྷུན་གྲུབ་ཞུ་བའོ། །ས་ཆ་ཤེལ་བྲག་གི་རི་ལ་དམིགས་བསལ་གྱི་བང་སོ་མེད་པར་གདུང་བྱང་ཚུལ་ཐད། «བདུད་འཇོམས་རྒྱལ་རབས་སྔོན་མེད་དྭངས་ཤེལ་འཕྲུལ་གྱི་མེ་ལོང»དུ་ཡང་། "ཆོས་རྒྱལ་སད་ན་ལེགས་མཇིང་ཡོན་གྱི་སྲས་ལྔ་ཡོད་པའི་ནང་ཚན་གསུམ་པ། རྒྱལ་སྲས་འདི་དགུང་ལོ་བཅོ་ལྔའི་ཐོག་སྐུ་གཤེགས་ཤིང་། སྤུར་སྐྱེ་བ་བདུན་པ་ཡར་ཀླུང་ཤེལ་གྱི་བྲག་ལ་རྒྱས་བཏབ"ཅེས་གསལ་བས་དེ་ནི་ཀ་ཐོག་སི་ཏུའི་བཞེད་པ་དང་མགོ་རྔ་ཧ་ཅང་མཐུད་པོ་ཡོད་ལ། དམངས་ཁྲོད་ཀྱི་བཤད་རྒྱུན་དང་ཡིག་ཐོག་གི་དཔྱད་གཞི་དེ་དག་ཕན་ཚུན་བཤིབས་བསྡུར་གྱི་དབང་དུ་བྱས་ན་མ་མཐར་ཡང་ཡར་ཀླུང་སྟོང་ཐང་འབུམ་པ་དེ་ནི་སྤྱི་ལོའི་དུས་རབས་དགུ་པའི་ཡས་མས་སུ་བྱུང་བ་ཤུགས་སུ་རྟོགས་ཐུབ།
        དེ་ལྟར་ལོ་ཚིག་ཁག་ལ་དགུང་སྒྲིགས་ན་ཡར་ཀླུང་རྟེན་གསུམ་ནི་ཚེ་ཆུ་འབུམ་པ་དང་སྟོང་ཐང་འབུམ་པ། དགོན་ཐང་འབུམ་པ་བཅས་ཡིན་ཞེས་པར་རྒྱུ་མཚན་མེད་པ་མ་ཡིན་ཤིང་། རྟག་སྤྱན་འབུམ་པ(དུས་རབས་བཅུ་གཅིག)བཞེངས་པའི་ལོ་ཚིག་དང་བསྡུར་ན་རྟེན་དེ་གསུམ་བཞེངས་པའི་ལོ་ཚིག་བར་ཧ་ལམ་ལོ་བཞི་བརྒྱ་ཡས་མས་ཙམ་གྱི་ཧེ་བག་ཡོད་པས། ཕྱིས་ཡར་ཀླུང་སྟོང་ཐང་འབུམ་པ་དེ་ཉམ་ཆགས་སུ་སོང་ནས་མཐོང་ལམ་དུ་མ་གྱུར་བས། རྟག་སྤྱན་འབུམ་པ་དེ་དུས་ཕྱིས་རྟེན་གསུམ་གྲས་སུ་བགྲངས་པ་ཡང་ཡིན་སྲིད་སྙམ་མོ། །

ཡར་ཀླུང་གནས་གསུམ་ལས་བྱ་ས་ལྷ་ཁང་ཞེས་པའི་མིང་གི་སྐབས་བཤད་པ།
        དེ་ཡང་ཡར་ཀླུང་གནས་གསུམ་ནི་བཙན་པོའི་དུས་སྐབས་སུ་བཞེངས་པའི་ལྷ་ཁང་གསུམ་པོར་གོ་བ་དང་། དམངས་ཁྲོད་ཀྱི་བཤད་རྒྱུན་ལྟར་ན་གནས་ཀྱི་དང་པོ་བྱ་ས་ལྷ་ཁང་གི་རྟེན་གཙོ་རྒྱ་གར་ཤར་ལི་ལས་གྲུབ་པའི་ཀུན་རིག་རྣམ་སྣང་དང་། བཙན་ཐང་གཡུ་ཡི་ལྷ་ཁང་གི་རྟེན་གཙོ་རིན་ཆེན་སྣ་ལྔ་ལས་གྲུབ་པའི་སྨན་འདམ་གྱི་ཀུན་རིག་རྣམ་སྣང་། ཁྲ་འབྲུག་དགོན་དུ་རིན་ཆེན་རྡོ་ལས་གྲུབ་པའི(རྩེད་ཐང་མགོན་པོ་རི་ནས་སྤྱན་དྲངས)ཀུན་རིག་རྣམ་སྣང་བཅས་གནས་གསུམ་པོའི་གནས་བཤད་དུ་དེ་ལྟར་བཤད་ཀྱི་ཡོད་ལ། དེང་གི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ཐད་མཁས་པའི་ཁྱུ་མཆོག་འཛིན་པ་པ་ཚབ་པ་སངས་དབང་འདུས་ལགས་ནས་ཀྱང་བོད་བཙན་པོའི་དུས་སྐབས་ཀྱི་ལྷ་ཁང་རྙིང་གྲས་ཀྱི་རྟེན་གཙོ་མང་ཆེ་བ་རྣམ་པར་སྣང་མཛད་ཡིན་ལུགས་གསུངས་པ་ལྟར། ཡར་ཀླུང་གི་གནས་གསུམ་གྱི་རྟེན་གཙོར་རྣམ་སྣང་ཁོ་ན་བཞུགས་སུ་གསོལ་བས་བཙན་པོའི་དུས་སྐབས་སུ་བཞེངས་པ་ཁས་མཆིས་སོ། །འོན་ཀྱང་སྐབས་འདིར་བཤད་པར་བྱ་བའི་དོན་ནི་བྱ་ས་ལྷ་ཁང་ཞེས་པའི་མིང་གི་གོ་དོན་དང་བྱུང་བ་མདོ་ཙམ་བཤད་བསམས་པ་ནི་ཚིག་གིས་མདའ་མོས་བསྐོར་བའི་དོན་གྱི་འབེན་འདི་ཡིན་ནོ། །
        བྱ་ས་ལྷ་ཁང་ནི། བོད་ལྗོངས་ལྷོ་ཁ་སྣེ་གདོང་ཆུས་བྱ་ས་གྲོང་ལྷན་གྱི་ཁོངས་སུ་གནས་ཤིང། ལྷ་ཁང་འདི་ཐོག་མར་ཁྲི་རལ་པ་ཅན(མངའ་བདག་འོད་སྲུང་གིས་ཕྱག་བཏབ་པར་ཡང་བཞེད)གྱིས་ཕྱག་བཏབ་པར་གྲགས་ཤིང་། གནས་འདིར་བྱ་ས་ཞེས་ཐོགས་དོན་ཐད་དམངས་ཁྲོད་ཀྱི་བཤད་རྒྱུན་ལྟར་ན་སྔ་མོའི་དུས་སུ་བོད་ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན་ཞིག་ལ་གནས་དེའི་ཉེ་འདབས་ཀྱི་གླིང་ཁའི་ནང་དུ་སྔར་མཐོང་མ་མྱོང་བའི་བྱ་སྤུ་སྡུག་གསུང་སྙན་པ་ཞིག་བབས་པས། ཡུལ་མི་ཚོས་བྱ་དེའི་མིང་ལ་གང་ཟེར་མིན་གྲོས་སྡུརབྱེད་སྐབས་རི་མོ་བ་ཞིག་གིས་བྱ་དེ་ནི་རི་མོའི་ནང་ཡོད་པའི་བྱ་རྒྱལ་ཁུ་བྱུག་ཞེས་པ་དེ་རེད་ཅེས་སྨྲས་པར། དེ་ནས་བཟུང་ཡུལ་མི་ཚོས་ལོ་ལྟར་བོད་ཟླ་གསུམ་པའི་ཚེས་བཅོ་ལྔར་གླིང་ཁའི་ནང་ཕྱེ་མར་ཆང་ཕུད་སོགས་བསྒྲིགས་ནས་བྱ་རྒྱལ་ལ་ཕེབས་བསུ་གྲ་རྒྱས་ཞུ་བ་དང་། མཛད་སྒོར་ཡང་ས་གནས་ཀྱི་སེར་སྐྱ་དཔོན་རིགས་ཇི་སྙེད་ཕེབས་སྲོལ་ཡོད་པར་གླེང་། དེར་བརྟེན་ནས་དུས་ཕྱིས་བྱ་རྒྱལ་ཐོག་མར་ཕེབས་སའི་ས་ཆ་ཡིན་པའི་ཆ་ནས་ས་ཆ་དེར་བྱ་ས་ཞེས་ཐོགས་པ་དང་ལྷ་ཁང་དེར་བྱ་ས་ལྷ་ཁང་ཞེས་ཐོགས་པའི་བཤད་རྒྱུན་དེ་ནི་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད།
        ཡིན་ན་ཡང་བྱ་རྒྱལ་ཁུ་བྱུག་ཕེབས་པའི་ས་ཆ་ནི་དབུས་གཙང་རུ་བཞིར་ཁྱབ་ཡོད་པས་བཤད་རྒྱུན་དེ་ནི་བདེན་པའི་གཏམ་དུ་མི་འཕེར་བ་ནི་ཨ་ཅང་ཅང་།
        འོ་ན་དུས་ནམ་ཞིག་ནས་ས་ཆ་འདིའི་རྒྱུད་དུ་བྱ་ས་ཞེས་ཐོགས་པ་དང་དེའི་རྒྱུ་མཚན་གང་ཡིན་སྙམ་ན། ད་བར་ཡུལ་འདིར་བྱ་ས་ཞེས་ཐོགས་དགོས་པའི་རྒྱུ་མཚན་དང་བཅས་བཀོད་པའི་ཡིག་ཆ་ནི་ཅུང་ཁ་གསལ་བ་ནི་འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི«དེབ་ཐེར་སྔོན་མོ»ཡིན་ཏེ། དེའི་ནང་དུ། "ཡུལ་ཡར་ཀླུང་གི་སྨད་མ་ཡུལ་གྱི་རྫོང་གི་འདབས་སུ་འདབ་ཆགས་བྱ་ཡི་རྒྱལ་པོ་གཤོག་བཟང་དང་འདབ་བཟང་གི་རིགས་ལས་མཆེད་པའི་བྱའི་རིགས་ཅན་མང་དུ་བྱུང་བས་བྱ་ས་ཞེས་གྲགས་པ་འདོད་རྒུ་འཛོམས་པའི་གནས་དེར་བྱ་ཆོས་ཀྱི་ཀྭ་བ་དང་གཅུང་ཐོད་པ་གཡུའི་སྨིན་མ་ཅན་ཏེ་སྐུ་མཆེད་གཉིས་བྱུང"ཞེས་གསལ་བ་ལྟར་བྱ་ས་ཞེས་པ་ཡང་དོན་དམ་དུ་བྱའི་རིགས་ཅན་ཏེ། བྱ་པའི་མི་རྒྱུད་མང་དུ་བྱུང་བས་བྱ་ས་ཞེས་ཐོགས་པར་སྙམ་མོད། ཡིན་ན་ཡང་ལོ་ཟླའི་ལྷག་རླུང་གིས་དེད་པའི་བྱེ་མའི་ཕུང་པོས། དོན་དམ་གསེར་གྱི་གོང་བུ་ས་འོག་ཏུ་སྦས་པ་ལྟར། དུས་ཕྱིས་སུ་འདབ་ཆགས་བྱ་ཡི་རྒྱལ་པོ་ཞེས་འབོད་སྐབས་བྱ་ཡི་རྒྱལ་པོ་ནི་ཁུ་བྱུག་ཡིན་པས། དེས་ན་གོང་གི་བྱ་ས་ཞེས་ས་མིང་ཐོགས་ཚུལ་གྱི་བྱ་རྒྱལ་ཁུ་བྱུག་དང་འབྲེལ་བའི་དགོད་བྲོ་བའི་དམངས་ཁྲོད་ཀྱི་བཤད་རྒྱུན་དེ་བྱུང་བར་སྙམ། འོན་ཀྱང་སྔར་གྱི་དུས་སུ་བོད་ཟླ་གསུམ་པའི་ནང་འདིར་བྱ་སྟོན་གཏོང་བའི་སྲོལ་ཞིག་ཡོད་པ་ནི་དོན་དངོས་ཀྱི་ལོ་རྒྱུས་ཤིག་ཡིན་ཏེ། «ཀ་ཐོག་སི་ཏུའི་དབུས་གཙང་གནས་ཡིག»ཏུ། "ཟླ་བ་གསུམ་པར་ཁུ་བྱུག་སླེབས་སྐབས་གཞུང་གིས་བྱ་སྟོན་བཏང་དགོས་པའི་བྱ་ས་ལྷ་ཁང་དཔལ་འཁོར་བཙན་གྱིས་བཞེངས་པ"ཞེས་གསལ་མོད། འོན་ཀྱང་བྱ་སྟོན་དེ་ནི་བྱ་རྒྱལ་ཁུ་བྱུག་བསུ་བ་ཙམ་གྱི་དུས་སྟོན་རང་དགའ་བ་ཞིག་མ་ཡིན་པར་དེར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་གཏན་ཞིག་ཡོད་སྲིད་དེ། དེ་ཡང་ཡུལ་ཡར་ཀླུང་གི་སྨད་དེ་ཡར་མདའ། མ་ཡུལ་གྱི་ལྗོངས་ནི་ཤེལ་བྲག་གི་རྒྱབ་རིར་གོ་བ་དམངས་གཞས་ལས་ཀྱང་། ཤེལ་བྲག་མཇལ་བར་ཕྱིན་པས། མ་ཡུལ་ནང་དུ་སླེབས་བྱུང་། ཞེས་པ་ལྟར་མདོར་ན་འདོད་རྒུ་འཛོམས་པའི་ཡུལ་འདི་ནས་གྱེས་པའི་བྱ་པའི་མི་རྒྱུད་དེ་དག་གིས་གནས་བབ་དང་དབང་ཐང་ག་འདྲ་ཡིན་པ་དང་ཆུ་ལྷོ་རྒྱུད་དུ་དབང་བསྒྱུར་ཚུལ་ཐད«དེབ་སྔོན་»དུ་འཁོད་པ་མདོ་ཙམ་བཀོད་ན། "གཅུང་གི་སྲས་མཁན་པོ་ཡོན་ཏན་མཆོག་དང་། བྱ་ཤཀ་གཉིས་བྱུང་། མཁན་པོ་ཡོན་ཏན་ཅེས་པ་དེས་འབྲིང་སྡེ་ལ་རབ་ཏུ་བྱུང་ནས་གཞན་གྱི་མཁན་པོ་མཛད་ཅིང་གངས་བར་ལྷ་ཁང་གསོས།(གངས་བར་ལྷ་ཁང་ནི་དེང་ཆུ་གསུམ་རྫོང་མ་སླེབས་ཙམ་གྱི་སར་ཡོད་ཅིང་དེང་སང་བུ་དལ་ལྷ་ཁང་ཟེར་བ་དེ་ཡིན) གཡེར་ཀློག བྱར་ན་ཤ་མཐའ། དྭགས་པོ་ན་དྲོ་མདའ། དམྱལ་ན་སྟིན་མོ་མིག་རྣམས། གངས་བར་གྱི་བུ་བཞིར་བྱས་ནས་བཟུང་། བྱ་ཤཀ་ལ་སྲས་རྡོ་རྗེ་ལེགས་པ་དང་རྡོ་རྗེ་དབང་ཕྱུག་གཉིས་བྱུང་། འདི་གཉིས་ཀྱི་རིང་ལ་དམྱལ་ཕྱོགས་སུ་བྱོན། རྒྱ་མཚོ་གྲོང་མཁར་བཏབ"ཅེས་དང་རྡོ་རྗེ་དབང་ཕྱུག་གི་སྲས་བླ་མ་བྱ་ནག་པ་ཆེན་པོ་རིན་ཆེན་འོད་ཀྱི་དུས་སུ་རྩ་བའི་སྡེ་བཞི་ནི། དམྱལ་དུ་ཆོས་སྒྲོ་གྲོང་མཁར། གཡེར་སེ་བོ། དྭགས་སུ་ན་མོ་ཤོད། བྱར་ན་རྒྱ་མཚོ་བླུགས་རྒང་ཞེས་ཀྱང་ཟེར་རོ། །འདིའི་ནང་གི་རྩ་བའི་སྡེ་བཞིས་ཁྱབ་པའི་ས་ཆ་ནི་དེང་སང་གི་ཆུ་གསུམ་རྫོང་ཁོངས་ཀྱི་སེའུ་གྲོང་ཚོ་དང་དྭགས་པོ་སྟེ་རྒྱ་ཚ་ནས་གྲོམ་མདའ། ལྷུན་རྩེ་ནས་གྲོང་མཁར་ཆོས་སྡེ་སོགས་མདོར་ན་ཨེ་གཉལ་དྭགས་གསུམ་གྱི་ས་ཆའི་ཆ་ཤས་ཀྱི་མི་སྡེ་མང་པོ་མངའ་འོག་ཏུ་ཡོད་ཅིང་། དུས་ཕྱིས་དེའི་རྒྱུད་ལས་མཆེད་པའི་བྱ་རིན་ཆེན་གྱིས་གཡེ་དམྱལ་བྱར་དྭགས་ལོ་རོ་རྣམས་ཀྱི་མགོ་བསྡུས་ནས་ཧོར་དམག་བཟློག་པས་དེ་ཐམས་ཅད་ཀྱི་དཔོན་དུ་བཀུར་བ་དང་བྱས་རྗེས་ཆེ་བ་མ་ཟད། བྱ་ཡུལ་ཡང་རྩེའི་གཙུག་ལགས་ཁང་བརྩིགས་ཤིང་རྒྱལ་བའི་བཀའ་ཐམས་ཅད་གསེར་ལས་བཞེངས། རྒྱལ་ཁམས་ཀྱི་ནོར་ཕུད་ཐམས་ཅད་བསྡུས་ནས་མཛོད་ནག་ཏུ་བཏབ་པ་སོགས་ཞི་རྒྱས་དབང་དྲག་གི་ལས་སུ་བྱང་བས། སྐབས་དེའི་ཉི་འོག་གི་བྱ་པའི་མི་རྒྱུད་ཀྱི་མངའ་ཐང་ནི་ཤར་རིའི་ཕྲག་ནས་བཀྱེད་པའི་རྟ་བདུན་འདོ་ལ་འཁྱུད་པའི་རྡུལ་བཞིན་མི་ཁྱབ་པ་མེད་པ་ལགས་སོ། །བྱ་པའི་རབས་ལས་མཆེད་པ་མངའ་བདག་ཆོས་སེང་འོད་འདི་ཉིད་ནི་འབྲི་གུང་པའི་ཚ་བོ་ཡིན་པར་བརྟེན། བྱར་དྭགས་ཀྱི་དཔོན་དུ་བསྐོས་ནས་ཁྲི་དཔོན་གྱི་གོ་གནས་སུ་ཕེབས། དེ་ནས་རྒྱུད་པའི་ཆོས་རྒྱལ་བྱ་པ་ཁྲི་དཔོན་ཞེས་པ་རིམ་པར་བྱུང་བ་དང་བཅས་དེ་ལྟ་བུའི་མཚན་སྙན་གཟི་བྱིན་གྱི་བྱ་པའི་མི་རྒྱུད་ཀྱི་དབུ་འཕང་དགུང་སྔོན་ཡངས་མོར་འཕག་པས་ན། བྱ་པའི་མི་རྒྱུད་ཚོས་ཀྱང་རང་ཉིད་ཀྱི་མེས་པོའི་ཆེས་ཐོག་མའི་འབྱུང་ཁུངས། འདབ་ཆགས་བྱ་ཡི་རྒྱལ་པོ་འདབ་བཟང་དང་གཤོག་བཟང་གི་འཁྲུངས་ཡུལ་བྱ་ས་ཞེས་པའི་ཡུལ་འདིར་རྗེས་དྲན་དང་མཆོད་འབུལ་གྱི་བྱེད་སྒོ་སྟེ། འདབ་ཆགས་བྱ་ཡི་རྒྱལ་པོ་དབུས་སུ་འཁོར་བའི་དུས་དང་བསྟུན་ནས་མེས་པོར་མཆོད་པའི་བྱ་སྟོན་གཏོང་སྲོལ་བྱུང་བ་དུས་ཕྱིས་བྱ་སའི་ཡུལ་སྲོལ་ལ་འགྱུར་བ་མིན་ནམ་སྙམ་མོ། །
ཕུག་གསུམ་གྱི་སྐོར་བཤད་པ།
        ད་ནི་ཡར་ཀླུང་ཁུལ་གྱི་གནས་རྟེན་ཕུག་གསུམ་རྟེན་རྙིང་མཇལ་བའི་དོགས་གཅོད་ཕྲན་བཤད་ལས། ཡར་ཀླུང་གི་ཕུག་གསུམ་ནི་དེང་གི་ངོས་འཛིན་བྱེད་པའི་ཕུག་དེ་གསུམ་གཅིག་པུ་མ་ཡིན་པར་ཕྱི་ནང་གསང་གསུམ་གྱི་ཕུག་དགུ་ལ་ངོས་འཛིན་བྱེད་སྲོལ་ཡོད་ཅིང་། དེང་འདིར་ཡོངས་ཁྱབ་ཏུ་ངོས་འཛིན་པའི་ཕུག་གསུམ་ནི་ནང་གི་ཕུག་གསུམ་སྟེ། རས་ཆུང་ཕུག བེ་རོ་ཕུག ཡར་ཀླུང་ཤེལ་གྱི་བྲག་ཕུག་དང་བཅས་གསུམ་ཡིན་ནོ། །དེ་མིན་ཕྱི་ཡི་ཕུག་གསུམ་ངོས་འཛིན་ཚུལ་ནི་ཡར་ཀླུང་པདྨ་ཤེལ་ཕུག་ཅེས་པ་ཤེལ་བྲག་རྒྱབ་རིར་ཡོད་པའི་ཡར་རྗེ་ཨོ་རྒྱན་གླིང་པས་བཀའ་ཐང་ཤེལ་བྲག་མ་གཏེར་ལས་བཞེས་ས་དེ་དང་། ཟོ་ཐང་མགོན་པོ་རིའི་ལྡེབས་སུ་ཁ་བྱང་དུ་གཏད་པའི་སྤྲེའུ་བྲག་ཕུག ངམ་ཤོད་བྱིང་མདའ་ཨོ་དཀར་བྲག་བཅས་ནི་ཕྱི་ཡི་ཕུག་གསུམ་པོ་དེ་ཡིན།
        གསང་བའི་ཕུག་གསུམ་ནི། མགོན་པོ་རི་ལྡེབས་སུ་ཡོད་པའི་ཁྱུང་ཚང་ཕུག(ཁྲ་འབྲུག་དགོན་ཕྱག་འདེབས་ཀྱི་སྐབས་སུ་སྔགས་འཆང་གཉིས་ཀྱིས་ཀླུ་འདུལ་གྱི་ཁྱུང་བསྒྲུབ་སའི་ཕུག)སྤུ་རིངས་ཕུག་མོ་ཆེ། སྤུ་གྲི་ཕུག(ཕུག་དེ་ནི་ཡར་ལྷ་ཤམ་པོའི་མཐའ་འཁོར་དུ་ཡོད་པར་བཤད)བཅས་ཕྱི་ནང་གསང་གསུམ་གྱི་ཕུག་དགུ་རུ་འདྲེན་སྲོལ་དེ་དག་ངོས་འཛིན་ཡོང་རེ་ཙམ་དུ་འདིར་ཆེད་དུ་མིང་ཙམ་བཀོད་ཡོད་ཅིང་། ཞིབ་ཕྲའི་གནས་ཡིག་ནི་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བཀོད་པས་ཟུར་ཏུ་གཟིགས་གནང་ཡོད་པ་ཞུ།
        སླར་སྨྲས་པ།   
གྲགས་དང་མཁས་འདོད་རློམས་པའི་བྱུང་རྒྱལ་གཏམ་མ་ཡིན།།
ཅི་བཤད་བདེན་པར་འཛིན་པའི་བླུན་པོའི་རྗེས་མི་སྙེགས།།
མ་དག་དག་འཁྲུལ་དག་པར་མི་ཁའི་ལྷད་ཞུགས་སྐབས།།
འཛེམས་ཟོན་རྣམ་རྟོག་བྲལ་བའི་གཏམ་འདི་སྨྲ་བར་ཐལ།།
གཟུར་གནས་དམ་པའི་ཐུགས་དང་འགལ་ན་མཐོལ་ལོ་བཤགས།།
འབྲེལ་ཡོད་འོས་སྦྱོར།