logo

རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་དཔྱི་ས་དྲུང་ཆེན་ལ་ཕུལ་བའི་ཕྱག་ཡིག

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-04-28 ཀློག་གྲངས།:

༄༅། །མདོ་སྔགས་རིག་གནས་ཀུན་ལ་གཟིགས་པ་མཁའ་ལྟར་ཡངས་པ་དཔྱི་སའི་དགེ་བཤེས་མ་ཏི་ས་ར་ལ་སྤྲིངས་པའི་སྙན་ཚིག་ཚངས་སྲས་ཁེངས་པ་འཕྲོག་པའི་གླུ་ཞེས་བྱ་བ།

     ༄༅། །འཇིག་རྟེན་བྱེད་པོ་རྣ་བ་བརྒྱད་པ་ཡི། །རབས་དཀར་ཚེམས་ཀྱི་སྙིང་བོ་ལས་བལྟམས་ཤིང་། །མི་ཟད་སྤོབས་པ་རྒྱས་མཛད་དབྱངས་ལྷ་མོས། །ཁྱོད་ལ་དགེ་བའི་དགེ་བའི་མེ་ཏོག་ཆར་དུ་སྙིལ། །ལེགས་བཤད་ལི་ཤིའི་འདབ་མ་ལ་ཟོས་ཏེ། །རྣམ་དཔྱོད་ཕྲ་མོའི་སྟོབས་ལ་དཔལ་བྱིན་པས། །དགེ་ལེགས་རབ་རྒྱས་དགེ་སྦྱོང་གཞོན་ནུ་དེས། །སྡེབ་ལེགས་སྙན་ཚིག་སྒྲེགས་པའི་བསུང་འདི་སྤེལ། །སྔོན་བསགས་ལེགས་པར་སྤྱད་པའི་དོ་ར་ལས། །རྙེད་པའི་དལ་འབྱོར་ཧ་རིའི་ཙན་དན་ལྗོན། །མི་མཐུན་རླུང་གིས་བསྒུལ་མིན་ལུང་རིགས་ཀྱི། །བསུང་ཞིམ་ཕྱོགས་ཀྱི་བུ་མོའི་དཔལ་དུ་སྤྲོས། །སྙན་དགུར་གླེང་བའི་ངོ་མཚར་སྒྲའི་ཁྲོན་པར། །བབས་ཚེ་གསལ་རིག་སེམས་ཀྱི་གདོང་བ་བཟང་། །དགའ་བའི་གར་གྱིས་རྩེན་ཅིང་མགྲིན་པ་ལས། །བསྔགས་པ་རྒྱ་མཚོའི་མེ་ཏོག་ཕྱོགས་སུ་གཏོར། །འདི་སྣང་ར་གན་དག་ལ་སུ་ཝརྞར། །འཁྲུལ་བའི་བློ་ཅན་ཕལ་གྱི་ཚོང་འདུས་ན། །མང་ཐོས་རིན་ཆེན་མཛོད་ལ་དབང་འབྱོར་བ། །ཁྱོད་མིན་གཉིས་པ་སྲིད་ན་དམིགས་སུ་མེད། །ཡབ་རྗེ་བླ་མའི་དགོངས་བཅུད་དབང་གི་རྒྱལ། །བསམ་སྒོམ་གདེངས་ཀ་འབར་བའི་རྩེར་མཆོད་ནས། །གཏན་བདེ་གྲུ་ཆར་འབེབས་མཁས་གང་ཉིད་ལས། །ཕ་རྗེ་བུ་ཡིས་ཟིན་པ་གཏམ་དུ་ཟད། །བརྒྱུད་ལྡན་བླ་མའི་ཞལ་སྒོ་ལས་འོངས་པའི། །དྲི་མེད་ཆོས་ཚུལ་སྙན་སྒྲོགས་གངྒཱ་མ། །བསྟན་ལ་དགེ་བའི་ལྷག་བསམ་རལ་ཀློང་དུ། །དོག་མེད་འཁྱིལ་བའི་ལེགས་མཛད་འདི་ཡང་མཚར། །རྣམ་དཔྱོད་ཆུ་ཁུར་འཛིན་པའི་སྤྲིན་སྔོན་ལས། །དགག་སྒྲུབ་གནམ་ལྕགས་བྱེ་བ་འབེབས་མཛད་པ། །སྨྲ་བའི་དབང་ཕྱུག་ཁྱོད་ཀྱི་མདུན་ས་དེར། །ཕྱོགས་ཀྱི་གླང་བོའི་རིགས་པའི་དཔལ་ཡང་ཕྲ། །དཎྜིའི་གཞུང་བཟང་དྲི་ཟའི་འཇིག་རྟེན་ལས། །ཉེ་བར་འཕོས་པའི་དབྱངས་བདུན་རྫོགས་པའི་གླུ། །སྤེལ་ཚེ་དྲང་སྲོང་བློ་ལྡན་དུས་ཀྱི་མཐར། །མི་ཡི་ཟོལ་གྱིས་ས་འདིར་བབས་སོ་སྙམ། །ཁོ་བོ་མཁས་མང་འདུས་པའི་ཆོས་ཀྱི་གྲྭར། །རྒྱ་བོད་མཁས་གྲུབ་བྱེ་བའི་ཐུགས་ཀྱི་བཅུད། །རྣམ་དག་བཀའ་པོད་དག་བྱེད་ཁྲུས་ཀྱི་མཚོར། །ཡུན་རིང་རྩེན་པའི་སྐལ་བ་ཕྲ་ན་ཡང་། །བློ་བཟང་རྒྱལ་བའི་མདོ་སྔགས་བསྟན་པའི་གནད། །དྲི་མེད་མཁྱེན་དཔྱོད་འཕྲུལ་གྱིས་བདེ་བླག་ཏུ། །འབྱེད་བའི་མངོན་དགའ་རྒྱས་པའི་དཔལ་ལྡན་པ། །ཟླ་མེད་ཡོངས་འཛིན་མཆོག་གང་བསྟེན་པའི་མཐུས། ། ཐུབ་བསྟན་དཔྱིད་དཔལ་རྒྱས་བའི་ཚལ་ཡངས་སུ། །རྨད་བྱུང་བཤད་སྒྲུབ་དཔག་མེད་སྦྲང་རྩིའི་ཟས། །མྱངས་ནས་དོན་གཉིས་དཔལ་མོ་འགུགས་པའི་གཏམ། །སྨྲ་བའི་གུས་འདུན་སྟོན་ཟླའི་དཔལ་ལ་འཁུ། །ད་གདོད་འཁོར་བའི་ཀློང་དུ་མི་འཕྱན་པར། །ཕན་བདེ་ཐར་བའི་གླིང་ལ་བགྲོད་པའི་ཐབས། །མང་ཐོས་གྲུ་གཟིངས་བསྟེན་པའི་དཀའ་ཐུབ་ལ། །གུས་འདུན་སྟོན་ཟླའི་དཔལ་གྱི་རྗེས་ལ་སོང་། །དུས་འདིར་ངུར་སྨྲིག་འཆང་ལ་ཕལ་མོ་ཆེ། ། གཞུང་མང་སྦྱངས་པའི་ཡོན་ཏན་པདྨོའི་ཚལ། །གནམ་སྟོང་ཟླ་བའི་ཟེར་གྱིས་ཁ་ཕྱེ་བའི། །ཨུཏྤལ་དམར་བོའི་ཚལ་དང་ཡང་དག་སྡེབ། །བླུན་རྨོངས་འཁོར་གྱིས་རིན་ཆེན་མཐོན་པོའི་ཁྲིར། །བཀུར་ནས་ཕལ་ལ་རྒྱལ་བོར་དྲིལ་བསྒྲགས་པ། །ཝ་སྐྱེས་རི་དྭགས་རྒྱལ་བོར་རྫུ་བའི་གཏམ། །གྲགས་པ་ཇི་བཞིན་མང་བོས་ས་འདི་ཟིན། །སྒྲུབ་ལ་མོས་རྣམས་ཐོས་སྒོམ་ཡལ་བོར་ནས། །ཚིག་རིའི་བརྟུལ་ཞུགས་ཨེ་རཎྚ་ཡི་ནགས། །ཉུལ་བས་ཕན་བདེའི་རོ་ལ་ཁམ་ཟས་སུ། །བྱེད་འདོད་མཁས་རྣམས་བཞད་གད་འོད་དུ་འཚེར། །དེ་ཕྱིར་སྲིད་འབྱོར་གློག་གི་གར་མཁན་དང་། །ཚེ་སྲོག་རི་གཟར་འབབ་ཆུའི་རྗེས་འགྲོ་བའི། །ངང་ཚུལ་དྲི་མེད་ཟླ་བའི་ལང་ཚོའི་རིས། །རྣམ་དཔྱོད་རྒྱ་མཚོ་ཕྱིས་པའི་ཁ་ལ་ཟུངས། །ཚུལ་གནས་ཐོས་བསམ་རྩ་བ་རབ་ཏུ་བརྟན། །ཡང་དག་འཇོག་གི་ལོ་འདབ་ཕྱོགས་སུ་རྫོགས། །འཆད་རྩོད་རྩོམ་པའི་འབྲས་བུས་ཉེར་དུད་པའི། །ཡོངས་རྫོགས་བསྟན་པའི་ཚལ་ལ་གར་བྱོས་ཤིག། །མཛའ་གཅུགས་ཡིད་ཀྱི་རྫིང་བུ་ལས་འཁྲུངས་པའི། །ཡིད་ལ་ཀུན་དགའི་ཚོར་བ་སྤེལ་བའི་འཕྲིན། །དབྱངས་ཅན་རྒྱུད་མངས་སྒྲ་ལ་ཅོ་འདྲི་བ། །ཆད་མེད་སྦྱིན་པའི་བརྩོན་པ་བཤོལ་མི་འཚལ། །དེ་ལྟར་སྙན་ཚིག་གི་ལམ་ནས་དྲངས་བའི་འཕྲིན་ཡིག་རྟེན་དང་མཅས་པ། འཕགས་ཡུལ་དུ་པྲ་མཱ་དིར་འབོད་པ། བོད་ཀྱི་ཡུལ་ལྗོངས་སུ་བག་མེད་དུ་གྲགས་ཤིང་། མ་ཧཱ་ཙི་ནའི་སྐད་དུ་གུའུ་ཚིར་བརྗོད་པ། དབང་ཐང་བསྟུན་པའི་ཆུ་མོ་གླང་གི་ལོ། ཧོར་ཟླ་དགུ་བ། དུས་འཁོར་བའི་ལུགས་ལ་ཐ་སྐར་གྱིས་ཉ་བའི་དཀར་ཕྱོགས་ཀྱི་བཟང་བོ་གཉིས་པའི་ཉིན། དབྱངས་ཨེ། གསལ་བྱེད་དྷེ། ཁམས་རླུང་། འདོད་ཡོན་རེག་བྱ། སྐར་མ་ཆུ་སྨད། གཟའ་ཕུར་བུ་འཆར་བའི་གྲལ་ཚེས་བཟང་བོར་དབེན་པའི་ནགས་ཁྲོད་དགེ་ལེགས་ཆོས་རྫོང་གི་རང་གཤག་གར་འདུག་ཐེག་ཆེན་ཆོས་ཀྱི་གན་མཛོད་ནས་སྤྲིངས། །གནས་ལྔ་རིག་པ་བློ་གྲོས་རྒྱ་མཚོ། ཨེ་མ་ལྔ་རིག་ནམ་མཁའི་མཐའ། །བློགྲོས་སོར་མོའི་མཐིལ་གཅིག་ལ། །དོག་མེད་འཛིན་པའི་སྒྱུ་མ་ནི། །དུས་ཀྱི་གདོང་བར་མི་འཚམ་པ། །དེ་ནི་བཀྲ་ཤིས་ཆོས་ཀྱི་སྡིངས། །ཆོས་ཀྱི་ཚོང་བརྡལ་ཡངས་པ་ལས། །བྱུང་སྟེ་འཇམ་དཔལ་མི་ཡི་ཚུལ། །འཆང་བའི་ལེགས་བཤད་འཐུང་བར་རྩོམ། །


འབྲེལ་ཡོད་འོས་སྦྱོར།