logo

ལྷུང་བཟེད་སོགས་ལ་དཔྱད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-01-11 ཀློག་གྲངས།:
     ཁ་ཅིག ལྷུང་བཟེད་ཡིན་ན། རུང་བ་ཚད་ལྡན་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཁྱབ་པར་ཐལ། ལྷུང་བཟེད་ཡིན་ན། རུང་བ་ཚད་ལྡན་གྱི་སྒོ་ནས་རབ་བྱུང་གི་རྟགས་ཀྱི་གཙོ་བོར་དམིགས་པའི་རིགས་གནས་ཀྱི་སྣོད་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། དེར་ཐལ། དེ་ལྷུང་བཟེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། མཐའ་དཔྱོད་ལས། རུང་བ་ཚད་ལྡན་གྱི་སྒོ་ནས་རབ་བྱུང་གི་རྟགས་གཙོ་བོར་དམིགས་པའི་རིགས་གནས་ཀྱི་སྣོད་དེ་ལྷུང་བཟེད་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། འབྲེལ་མེད་ལྷུང་བཟེད་ཆོས་ཅན། རུང་བ་ཚད་ལྡན་ཡིན་པར་ཐལ། ལྷུང་བཟེད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ལྷུང་བཟེད་ཡིན་པར་ཐལ། མཐའ་དཔྱོད་ལས། རིགས་གནས་སྨོས་པས་འབྲེལ་མེད་ལྷུང་བཟེད་ཀྱང་བསྡུས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་དུ་མ་ཁྱབ་ན། འབྲེལ་མེད་ལྷུང་བཟེད་ཆོས་ཅན། རུང་བ་ཚད་ལྡན་མ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། རུང་བ་ཚད་ལྡན་ཡིན་པར་ཐལ། རུང་བ་ལྔ་ལྡན་ཡིན་པའི་ཕྱིར། མ་གྲུབ་ན། དེེེར་ཐལ། བྱིན་གྱིས་བརླབ་རུང་དུ་ངེས་པ་ཡིན་པ་གང་ཞིག་གཞན་བཞི་ག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དང་པོ་གྲུབ་པ་གང་ཞིག་གཉིས་པ་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། བྱིན་གྱིས་བརླབ་རུང་ཡིན་པར་ཐལ། ལྷུང་བཟེད་འཆང་སྤངས་བྱུང་བ་དེས་བྱིན་གྱིས་བརླབ་ཏུ་མི་རུང་ཞིང་དེ་ལས་གཞན་གྱིས་བྱིན་གྱིས་བརླབ་རུང་བ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ལོངས་སུ་སྤྱོད་རུང་ཡིན་ཚུལ་ཡོད་པའི་ཕྱིར་ན་འདོད་བྱས་པ་ལ། འབྲེལ་མེད་ལྷུང་བཟེད་དེ་རུང་བ་ཚད་ལྡན་ཡིན་པར་ཐལ། འདོད་ལན་དེའི་ཕྱིར། འདོད་ན། དེ་ཆོས་ཅན། རུང་བ་ཚད་ལྡན་མ་ཡིན་པར་ཐལ། མཐའ་དཔྱོད་ལས། རིགས་གནས་སྨོས་པས་འབྲེལ་མེད་ལྷུང་བཟེད་ཀྱང་བསྡུས་པའི་ཕྱིར་ཏེ། ཞེས་གསུངས་པའི་ཕྱིར། ཁ་ཅིག  རུང་བ་ཚད་ལྡན་གྱི་ལྷུང་བཟེད་ཡིན་ན། རྒྱུ་ས་ལྕགས་གང་རུང་ལས་གྲུབ་པ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ། དེར་ཐལ། ཆོ་གའི་སྒོ་ནས་བྱིན་གྱིས་བརླབ་ཏུ་རུང་བ་དགོས་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཆོ་གའི་སྒོ་ནས་བྱིན་གྱིས་བརླབ་ཏུ་རུང་བ་རྡོས་རྒྱུ་བྱས་པ་མ་ཡིན་པ་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། བྱིན་གྱིས་བརླབ་ཏུ་རུང་བ་ལ་རྒྱུ་ས་ལྕགས་གཉིས་པོ་གང་ཏུ་རུང་བ་ནི་རྣམ་པ་གཉིས་ཏེ། ལྕགས་ལས་བྱས་པ་དང་། ས་ལས་བྱས་པའོ།། ཞེས་གསུངས་པའི་ཕྱིར་ན། དེ་ལ་ཁོ་ན་རེ། བྱིས་གྱིས་བརླབ་ཏུ་རུང་བའི་ལྷུང་བཟེད་ཀྱི་རྒྱུ་ས་ལྕགས་གཉིས་པོ་གང་རུང་གིས་ཁྱབ་པར་ཐལ། འདོད་ལན་དེའི་ཕྱིར། འདོད་ན། ས་རྡོ་ལྕགས་གསུམ་དེའི་རྒྱུ་ལ་མི་རུང་བ་ཡིན་པར་ཐལ། འདོད་ལན་དེའི་ཕྱིར། འདོད་མི་ནུས་པར་ཐལ། ས་རྡོ་ལྕགས་གསུམ་དེའི་རྒྱུ་ལ་རུང་བ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། མཐའ་དཔྱོད་ལས། རྒྱུའི་རུང་བ་ཡོད་དེ། ས་རྡོ་ལྕགས་གང་རུང་ལས་བྱས་པ་ཅིག་དགོས་ཀྱི། གསེར་ཟངས་ར་གན་ཤིང་སོགས་ལས་མི་རུང་བའི་ཕྱིར། ཞེས་གསུངས་པའི་ཕྱིར་ན། ཁོ་ན་རེ། ལྷུང་བཟེད་ཡིན་ན་རུང་བ་ལྔ་དང་ལྡན་པ་ཡིན་པས་ཁྱབ་པའི་ཕྱིར་ན། འོ་ན་རུང་བ་ལྔ་དང་མི་ལྡན་པའི་ལྷུང་བཟེད་མེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། རུང་བ་ལྔ་བོ་རེ་རེ་ནས་མི་ལྡན་པའི་ལྷུང་བཟེད་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཤེལ་གྱི་ལྷུང་བཟེད་དེ་ཡིན་པའི་ཕྱིར། ཁ་ཅིག ལྷུང་བཟེད་ཀྱི་ཁ་དོག་ལ་ནག་པོ་ཡིན་པས་ཁྱབ་པའི་ཕྱིར་ན། འདོད་བྱས་པ་ལ། ལྷུང་བཟེད་ཀྱི་ཁ་དོག་ལ་ནག་པོ་ལས་གཞན་པའི་ཁ་དོག་མེད་པར་ཐལ། དེ་ལ་ནག་པོས་ཁྱབ་པའི་ཕྱིར། འདོད་ན། ལྷུང་བཟེད་སྐྱ་བོའི་ཁ་དོག་མེད་པར་ཐལ། འདོད་ལན་དེའི་ཕྱིར། འདོད་མི་ནུས་ཏེ། ལྷུང་བཟེད་སྐྱ་བོ་ཡོད་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ལྷུང་བཟེད་སྐྱ་བོ་ལྷུང་བཟེད་ཡིན་པའི་ཕྱིར། དེར་ཐལ། དེ་བྱིན་གྱིས་བརླབ་རུང་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ལ་སྣོད་བློ་སྐྱེ་བའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རས་ཁྲུ་གང་ཡན་ཆན་་ལ་བྱིན་རླབས་ཆགས་པའི་རྒྱུ་མཚན་ཡོད་པའི་ཕྱིར།


འབྲེལ་ཡོད་འོས་སྦྱོར།