ཆོས་ལུགས་དང་ཚན་རིག་གཉིས་ཀྱི་རྒྱུ་འབྲས་ཀྱི་ངོ་བོའི་ཐད་ནས་འདྲའམ་མི་འདྲ།
རྩོམ་པ་པོ།:ཤེས་རབ་བསྟན་དར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-07-23
ཀློག་གྲངས།:
(ཆོས་ལུགས་གཞན་དང་གཞན་པས་རྒྱུ་འབྲས་ལ་འགྲེལ་བ་གནང་ཚུལ་སྣ་ཚོགས་ཤིག་ཡོད་ཀྱང་འདིར་ནང་བ་དང་མར་ཁེ་སིའི་མཚན་ཉིད་རིག་པའི་ཚན་རིག་གི་ལྟ་ཚུལ་གཉིས་བསྡུར་ནས་བཤད་པ་གཤམ་གསལ)ཚན་རིག་གི་ལས་འགན་ནི་རྒྱུ་དང་འབྲས་བུའི་འབྲེལ་བ་འཚོལ་ཞིབ་བྱ་རྒྱུ་དེ་ཡིན་ལ་སངས་རྒྱས་ཆོས་ལུགས་པའི་འོས་འགན་ནི་རྒྱུ་འབྲས་ཀྱི་འབྲེལ་བ་བརྩི་སྲུང་བྱ་རྒྱུ་དེ་ཡིན་ཏེ། བརྩི་སྲུང་བྱེད་པ་ལ་འཚོལ་ཞིབ་བྱེད་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན། མར་ཁེ་སིའི་མཚན་ཉིད་རིག་པས་སྣང་ཚུལ་ཞིག་སློང་བྱེད་ཀྱི་སྣང་ཚུལ་ནི་རྒྱུ་ཡིན་ལ་སྣང་ཚུལ་ཞིག་གིས་བསླང་བྱའི་སྣང་ཚུལ་ནི་འབྲས་བུ་ཡིན། སངས་རྒྱས་ཆོས་ལུགས་པས་དངོས་པོ་ཞིག་སྐྱེད་བྱེད་རྒྱུ་དང་དངོས་པོ་ཞིག་གིས་བསྐྱེད་བྱ་འབྲས་བུར་འདོད་པས་ཡོངས་སུ་མཐུན། མར་ཁེ་སིའི་ལུགས་ལ་རྒྱུ་འབྲས་ལ་ཁྱད་ཆོས་གཉིས་ཡོད་པའི་དང་བོ་ནི་དེ་གཉིས་བསླང་བྱ་སློང་བྱེད་ཀྱི་འབྲེལ་བ་ཡིན་པས་ནམ་ཡིན་ཡང་རྒྱུ་རྐྱེན་སྔོན་ལ་ཡོད་པ་དང་འབྲས་བུ་རྗེས་སུ་བྱུང་བས་རྒྱུ་རྐྱེན་དང་འབྲས་བུ་ནི་སྔོན་འགྲོ་དང་རྗེས་མཐུན་གྱི་འབྲེལ་བ་རེད། གཉིས་པ་ནི་རྒྱུ་འབྲས་ཀྱི་འབྲེལ་བ་ནི་ལྡོག་མེད་ཀྱི་འབྲེལ་བ་ཡིན་ལ་རྒྱུ་རྐྱེན་ངེས་ཅན་ཞིག་ཡོད་ན་འབྲས་བུ་ངེས་ཅན་ཞིག་འབྱུང་བ་དང་། རྒྱུ་མེད་པའི་འབྲས་བུ་མེད་ལ་འབྲས་བུ་མེད་པའི་རྒྱུ་མེད་པར་འདོད། ནང་བ་སངས་རྒྱས་པས་རྒྱུ་སྔོན་དང་འབྲས་བུ་རྗེས་སུ་འབྱུང་བ། གཉིས་ཀ་དུས་མི་མཉམ་ཞིང་ངོ་བོ་ཐ་དད་དུ་འདོད་ལ་རྒྱུ་ཡིན་མིན་འབྲས་བུ་ཡོད་མེད་ལ་བལྟ་དགོས་ཤིང་འབྲས་བུ་ཡིན་མིན་རྒྱུ་ཡོད་མེད་ལ་བལྟ་དགོས་པས་གཉིས་ཀ་མཐུན། མར་ཁེ་སིས་རྒྱུ་འབྲས་ལྷས་བཟོས་པ་མིན་པར་འདོད་པ་བཞིན་ནང་བ་སངས་རྒྱས་པས་ཀྱང་ཆོས་ལུགས་གཞན་གྱིས་ལྷས་བཟོས་པའི་བཤད་ཚུལ་བཀག་ནས་དངོས་པོའི་ཆོས་ཉིད་དུ་གྲུབ་པར་བཞེད་པ་དེ་བཞིན་ལེ་ཉིན་གྱིས་ཀྱང་དངོས་པོ་རང་ཉིད་ཀྱི་ནང་རྒྱུ་འབྲས་རྟེན་རེས་ཀྱི་རང་བཞིན་ཡོད་པ་རེད་གསུངས་ཤིང་མར་ཁེ་སིས་རྒྱུ་གཅིག་ལ་འབྲས་བུ་དུ་མ་ཡོད་པ་དང་འབྲས་བུ་གཅིག་ལ་ནང་རྐྱེན་དང་ཕྱི་རྐྱེན། རྒྱུ་རྐྱེན་གཙོ་བོ་དང་ཕལ་བ། རང་ངོས་ཀྱི་རྒྱུ་རྐྱེན་དང་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན། ཐད་ཀའི་རྒྱུ་རྐྱེན་དང་བརྒྱུད་པའི་རྒྱུ་རྐྱེན་ལ་སོགས་པའི་དབྱེ་བ་འབྱེད་པ་བཞིན་ནང་བ་སངས་རྒྱས་པས་ཀྱང་རྒྱུ་གཅིག་ལ་འབྲས་བུ་དུ་མ་དང་འབྲས་བུ་གཅིག་ལ་རྒྱུ་དུ་མ་ཁས་ལེན་ཏེ་རྒྱུ་ལ་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན། རྒྱུ་དྲུག རྐྱེན་བཞི། དངོས་རྒྱུ་དང་བརྒྱུད་རྒྱུ་སོགས་ཁས་ལེན་པ་ནི་དངོས་གཙོ་སྨྲ་བའི་ལྟ་ཚུལ་ཡང་དག་པ་ཡིན་པས་ན་གཞོན་འགའ་རྒྱུ་འབྲས་ལ་ཞེན་པ་ལོག་པ་ནི་བྱིས་པའི་ངང་ཚུལ་ཡིན།
འོན་ཀྱང་གཞི་རྩའི་ཆ་ནས་མི་མཐུན་པ་ནི་མར་ཁེ་སིས་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པ་དང་ནང་བས་ཁས་ལེན་པ་དེ་ཡིན་ལ་ནང་བས་རང་བྱུང་ཚན་རིག་གི་སྣང་ཚུལ་མང་བོ་ཞིག་སྟེ། དཔེར་ན་སྐྱེ་བ་སྔ་ཕྱི་དྲན་པ་དང་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་སོགས་གནས་ཚུལ་མང་བོ་ཞིག་ལ་བརྟེན་ནས་ཐག་བཅད་པ་དང་མར་ཁེ་སིའི་རིང་ལུགས་ཀྱིས་དངོས་པོའི་གྲུབ་སྟངས་དང་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་གཞིར་བཟུང་ནས་ཐག་བཅད་པ་རེད་དེ་བསམ་བློ་སྨྲ་བ་དེ་གཉིས་སོ་སོར་ཁུངས་བསྐྱེལ་ས་ངེས་ཅན་ཞིག་ཡོད་པས་འདི་ནི་སྔོན་ནས་ཐག་མ་ཆོད་པའི་གནད་དོན་ཞིག་ཡིན་པས་ངའི་བསམ་པར་ཆོས་ལུགས་ཡིན་ནའང་འདྲ། ཚན་རིག་ཡིན་ནའང་འདྲ། ཚང་མས་བསམ་བྱ་ནི་གཞན་ལ་དགག་པ་གཏང་རྒྱུ་དེ་མ་ཡིན་པར་གནས་ཚུལ་ངོ་མ་རྟོགས་པར་བྱ་རྒྱུ་དེ་ཡིན་པས་སྐྱེ་བ་སྔ་ཕྱི་ཡོད་མེད་ནི་མི་ཞིག་ཡིན་ན་དབང་མེད་དུ་བསམ་གཞིག་གཏང་རྒྱུ་ཡོང་སྟེ་སྐྱེ་བ་ཕྱི་མ་ཡོད་ན་དེ་ག་འདྲ་ཡིན་ནམ། དེ་དང་སྐྱེ་བ་འདི་གཉིས་ལ་འབྲེལ་བ་ག་འདྲ་ཡོད། གལ་ཏེ་མེད་ན་ང་ཚོས་མི་ཚེའི་གནས་སྟངས་མང་བོ་ཞིག་ལ་འགྱུར་བ་གཏོང་ཆོག་གི་རེད་ལ། གནས་ཚུལ་འདི་ཤེས་ན་ཚན་རིག་དང་གཞུང་ལུགས་གང་ཡིན་རུང་རྒྱུ་འབྲས་ཀྱི་རིག་པའི་གཞུང་ལུགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། དེ་བས་ཕན་ཚུན་རྒྱུས་ལོན་དང་ཉམས་ཞིབ་གནང་སྟེ་དཔྱད་པ་གཏང་རྒྱུ་ནི་ཤིན་ཏུ་གལ་ཆེན་རེད།

འབྲེལ་ཡོད་འོས་སྦྱོར།