logo

གསང་སྔགས་ཀྱི་རྣམ་གཞག་སྐོར་ཅུང་ཙམ་བཤད་པ།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-07-18 ཀློག་གྲངས།:

གསང་སྔགས་ཀྱི་རྣམ་གཞག
སྤྱིར་བསྟན།

     གསང་སྔགས་ཞེས་པ་ནི་སྣོད་མིན་པའི་གང་ཟག་གི་ཡུལ་མིན་པས་དེ་ལ་མི་སྟོན་པ་སྟེ་གཞན་ལ་གསང་ཞིང་སྦས་པས་འགྲུབ་པས་གསང་སྔགས་ཟེར་ལ་དེ་དང་། འབྲས་བུའི་ཐེག་པ། ཐབས་ཀྱི་ཐེག་པ། རྡོ་རྗེའི་ཐེག་པ་རྣམས་དོན་གཅིག་ཡིན་ཏེ་འབྲས་བུའི་གནས་སྐབས་ཀྱི་གནས་ལུས་ལོངས་སྤྱོད། མཛད་པ་སྟེ་ཡོངས་དག་བཞི་དང་རྣམ་པ་མཐུན་པའི་ལམ་ད་ལྟ་ཉིད་ནས་སྒོམ་ཞིང་བགྲོད་པའི་ཕྱིར་འབྲས་བུའི་ཐེག་པ་དང་ཐབས་དང་ཤེས་རབ་དབྱེར་མེད་པར་སྦྱོར་བ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཡིན་པས་རྡོ་རྗེའི་ཐེག་པ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཐབས་མཁས་པས་ཁྱད་པར་དུ་འཕགས་པའི་ཕྱིར་ཐབས་ཀྱི་ཐེག་པ་ཞེས་བྱའོ། །
     ཐེག་པ་འདི་དང་ཕར་ཕྱིན་ཐེག་པའི་འཐོབ་བྱའི་སངས་རྒྱས་ཀྱི་གོ་འཕང་ལ་མཆོག་དམན་མེད་ལ་ཐེག་པ་དེ་གཉིས་ཀྱི་ཁྱད་པར་ནི་རྒྱུའི་ཆ་ནས་འབྱེད་ཅིང་། བྱང་སེམས་ཀྱི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཆོས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་དང་གཟུགས་སྐུའི་ལྷན་ཅིག་བྱེད་རྐྱེན་ཡིན་པ་མདོ་སྔགས་གཉིས་འདྲ་བ་ཡིན། ཡིན་ན་ཡང་། སྔགས་ལ་གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་རྒྱ་ཆེ་བ་ཡོད་ཀྱང་མདོ་ལ་མེད་པས་ཕར་ཕྱིན་ཐེག་པས་ཚེ་རབས་མང་བོ་བརྒྱུད་ནས་འཚང་རྒྱ་དགོས་ལ་སྔགས་ལམ་ལ་བསྟེན་ནས་དབང་བོ་རབ་ཚེ་གཅིག་གམ། མི་ལོ་འགའ་ཞིག་ལའང་འཚང་རྒྱ་བ་ཡོད་པས་མྱུར་ཁྱད་ཤིན་ཏུ་ཆེ། གསང་སྔགས་རྡོ་རྗེའི་ཐེག་པའི་གཟུགས་སྐུའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ནི་འབྲས་བུ་གཟུགས་ཀྱི་སྐུའི་གནས་ལུས་སོགས་དང་རྣམ་པ་འདྲ་བའི་ལྷའི་རྣལ་འབྱོར་སྒོམ་པའི་ཐབས་བླ་ན་མེད་པ་དེ་ཡིན།
     སྔགས་ཉམས་སུ་ལེན་པ་ལ་ཐུན་མོང་བའི་ལམ་སྔོན་དུ་འགྲོ་དགོས་ཏེ་དེ་མེད་ན་རྨང་གཞི་མི་བརྟན་པའི་ཁང་བ་བཞིན་ཉེན་ཁ་ཆེ། ཕར་ཕྱིན་ཐེག་པ་ཉམས་སུ་བླངས་ནས་སངས་རྒྱས་པ་ལ་མཐར་སྔགས་ལ་བརྟེན་དགོས་ཏེ། ཤེས་སྒྲིབ་ཆུང་ཕྲ་དེ་སྤོང་བའི་གཉེན་པོ་སྔགས་ལས་བསྟན་པ་ལས་མདོ་ལ་མེད་པའི་ཕྱིར་རོ། །
     སྔགས་ལ་འཇུག་པའི་སྒོ་དབང་སྟེ་དབང་ནི་སྔགས་ལ་ཐོས་བསམ་བྱེད་པ་དང་དངོས་གྲུབ་བསྒྲུབ་པ་ལ་དབང་བའི་དབང་ཆ་ལྟ་བུ་སྟེ་རང་རྒྱུད་སྨིན་བྱེད་ཀྱི་རྒྱུ་ཡིན་ལ། དེ་ཡང་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས་སྐལ་ལྡན་སྣོད་རུང་ལ་རྡོ་རྗེ་འཆང་གི་དགོངས་པ་བཞིན་སྐུ་བཞིའི་ས་བོན་ཐེབས་ངེས་ཤིག་བསྐུར་དགོས་ཀྱི་གཞན་དུ་ན་སློབ་དཔོན་སློབ་མ་དང་བཅས་པ་ལ་ཉེན་ཁ་ཤིན་ཏུ་ཆེ་གསུངས།
     བྱ་རྒྱུད་ལ་ཆུ་དང་ཅོད་པན་གྱི་དབང་གཉིས། སྤྱོད་རྒྱུད་ལ་རིག་པའི་དབང་ལྔ། རྣལ་འབྱོར་རྒྱུད་ལ་རིག་པའི་དབང་ལྔ་དང་། རྡོ་རྗེ་སློབ་དཔོན་གྱི་དབང་སྟེ་དྲུག  བླ་མེད་སྤྱི་ལ་བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་བཞི་སྟེ་བུམ་ཆུ་ལ་བརྟེན་ནས་ཐོབ་པས་ན་བུམ་དབང་། གསང་རྫས་མྱངས་པ་ལ་བརྟེན་ནས་ཐོབ་པས་ན་གསང་དབང་། ཤེས་རབ་མ་ལ་བརྟེན་ནས་ཐོབ་པས་ན་ཤེར་དབང་། ཚིག་གི་བརྡ་སྤྲད་ནས་ཐོབ་པས་ན་ཚིག་དབང་ཟེར། དུས་འཁོར་ལ་བྱིས་པ་ལྟར་འཇུག་པའི་དབང་བདུན། གོང་མ་བཞི། གོང་ཆེན་བཞི། རྡོ་རྗེ་སློབ་དཔོན་གྱི་དབང་སྟེ་བཅུ་དྲུག་ཡོད།
     དབང་ལེགས་པར་ཐོབ་ཚེ་ཞི་རྒྱས་དབང་དྲག་གི་ལས་བཞི་དང་ཐུན་མོང་གི་དངོས་གྲུབ་བརྒྱད། སློབ་པ་དང་མི་སློབ་པའི་ཟུང་འཇུག་སྟེ་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་གཞི་དམ་ཚིག་དང་སྡོམ་པ་ཇི་བཞིན་བསྲུང་དགོས་ལ། དམ་ཚིག་ནི་བསྒྲུབ་བྱའི་ཆ་ནས་དང་སྡོམ་པ་ནི་དགག་བྱའི་ཆ་ནས་བཏགས། བྱ་རྒྱུད་རིགས་གསུམ་དང་། སྤྱོད་རྒྱུད་རིགས་གསུམ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་མེད་པས་རིགས་ལྔའི་སྡོམ་བཟུང་མེད་ལ་དེ་བས་སྔགས་སྡོམ་བསྲུང་རྒྱུ་མེད་ཀྱང་། འཇུག་སྡོམ་གྱི་རྩ་ལྟུང་བཅོ་བརྒྱད་དང་། ཉེས་བྱས་ཞེ་དྲུག་བསྲུང་དགོས་ཤིང་། རྣལ་འབྱོར་རྒྱུད་དང་བླ་མེད་གཉིས་ལ་སྔགས་ཀྱི་རྩ་ལྟུང་བཅོ་བཞི་བསྲུང་དགོས་སོ། །
     འདིར་ཤེས་རྒྱུ་ནི་དབང་ཐོབ་ནས་སྦྱིན་སྲེག་སོགས་ཀྱི་ལས་ལ་འཇུག་པ་ལ་ལས་རུང་གི་བསྙེན་པ་གཏང་དགོས་ཏེ་བསྙེན་པ་ཞེས་པ་ནི་ལྷ་ཇེ་ཉེར་གཏང་བའི་ཕྱིར་སྒྲུབ་པ་བྱས་པའི་མིང་ཡིན་ལ་ལས་རུང་གི་བསྙེན་པ་ནི་ལས་དེ་དག་བྱེད་པར་རུང་བར་བྱ་བའི་ཕྱིར་སྒྲུབ་པ་བྱེད་པའི་དོན་ཡིན།
     གསང་སྔགས་བརྗོད་བྱར་བྱེད་པའི་གཞུང་ལ་རིག་འཛིན་གྱི་སྡེ་སྣོད་དང་། རྒྱུད་སྡེ་ཞེས་བྱ་སྟེ་རིག་སྔགས་འཆང་བ་རྣམས་ཀྱི་བསླབ་པའི་གཞི་དང་གྲུབ་པའི་མཐའ་སྟོན་པའི་ཕྱིར་རིག་འཛིན་སྡེ་སྣོད་དང་། བརྗོད་བྱའི་དོན་གྱི་རྒྱུད་རྣམས་རྒྱུན་ཆགས་པས་རྒྱུད་ཅེས་བྱ་ལ་དེ་བརྗོད་བྱར་བྱེད་པས་ན་རྒྱུད་དང་རྒྱུད་ཀྱི་ཚོགས་ཡིན་པས་རྒྱུད་སྡེ་ཞེས་ཟེར་རོ། །བརྗོད་བྱ་དོན་གྱི་རྒྱུད་དེ་གཞིའི་རྒྱུད་ནི་སྦྱང་གཞི་དང་། ལམ་གྱི་རྒྱུད་ནི་སྦྱོང་ཚུལ། འབྲས་བུའི་རྒྱུད་ནི་སྦྱངས་འབྲས་ཀྱི་ཚུལ་དུ་རྒྱུན་ཆགས་པར་འཇུག་པའི་ཕྱིར་རྒྱུད་ཅེས་བྱ། རྗོད་བྱེད་ཀྱི་རྒྱུད་ལ་བྱ་རྒྱུད་སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་རྒྱུད་དེ་བཞི་ཡོད་ཅིང་དེ་བཞི་འཇོག་པའི་རྒྱུ་མཚན་ནི། མཁའ་མཛོད་ལས། གཉིས་གཉིས་འཁྱུད་དང་ལག་བཅངས་དང་། །རྒོད་དང་བལྟས་པས་འཁྲིག་པ་ཡིན། །ཞེས་གསུངས་པ་ལྟར་འདོད་པའི་ཆགས་པ་རིགས་བཞི་ལམ་དུ་བྱེད་ཚུལ་གྱིས་རྒྱུད་སྡེ་བཞིར་ཕྱེ་བ་ཡིན་ཏེ། བལྟས་པའི་ཆགས་པ་ལམ་བྱེད་གཙོ་བོར་སྟོན་པ་བྱ་རྒྱུད། རྒོད་པའི་ཆགས་པ་ལམ་བྱེད་གཙོ་བོར་སྟོན་པས་སྤྱོད་རྒྱུད། ལག་བཅངས་ཀྱི་ཆགས་པ་གཙོ་བོར་ལམ་བྱེད་ཀྱི་གཙོ་བོར་སྟོན་པས་ན་རྣལ་འབྱོར་རྒྱུད། གཉིས་སྦྱོར་གྱི་ཆགས་པ་ལམ་བྱེད་ཀྱི་གཙོ་བོར་སྟོན་པ་བླ་མེད་རྒྱུད་དུ་བཞག་པའི་ཕྱིར་ཏེ་སྒྲ་བཤད་ནི། ཕྱིའི་བྱ་བ་གཙང་སྦྲ་ལ་སོགས་གཙོ་བོར་སྟོན་པ་བྱ་རྒྱུད། ཕྱིའི་བྱ་བ་དང་ནང་གི་བྱ་བ་ཆ་མཉམ་པར་སྟོན་པ་སྤྱོད་རྒྱུད། ནང་གི་རྣལ་འབྱོར་གཙོ་བོར་སྟོན་པ་རྣལ་འབྱོར་རྒྱུད། ནང་གི་རྣལ་འབྱོར་གཙོ་བོར་སྟོན་ཞིང་དེའི་གོང་ན་གཞན་མེད་པས་རྣལ་འབྱོར་བླ་མེད་རྒྱུད་དེ་ཤིང་ལས་སྐྱེས་པའི་སྲིན་བུས་ཤིང་ཟ་བ་བཞིན་ཆགས་སེམས་ཀྱིས་རྐྱེན་བྱས་ནས་གྲུབ་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཆགས་སེམས་དེ་ཉིད་ཀྱི་གཉེན་པོ་བྱ་དགོས་པ་ཡིན་ནོ། །
ས་བཅད་དང་བོ། བྱ་རྒྱུད་བཤད་པ།
     སྤྱིར་རྒྱུད་སྡེ་འོག་མའི་ལམ་ཉམས་སུ་ལེན་པ་ལ་མཚན་བཅས་མཚན་མེད་གཉིས་ཡོད་ཅིང་བྱ་རྒྱུད་ཀྱི་ལམ་ཉམས་སུ་ལེན་པ་ལ་རྒྱལ་བའི་སྐུ་སྒྲུབ་བྱེད་དང་། གསུང་སྒྲུབ་བྱེད། ཐུགས་སྒྲུབ་བྱེད་གསུམ་ཡོད་དེ། སྐུ་ཆགས་ཅན་སྒྲུབ་པའི་ལམ་ལ་བྱ་རྒྱུད་ལྷ་དྲུག་གི་སྒོ་ནས་ཆགས་ཅན་གྱི་ལྷ་སྐུར་སྐྱེད་པ་དང་། གསུང་སྒྲུབ་བྱེད་རྣལ་འབྱོར་ལ་ཤུབ་བུའི་བཟླས་པ་དང་། ཡིད་བཟླས་དེས་རྒྱལ་བའི་གསུང་སྒྲུབ་པ། ཐུགས་སྒྲུབ་བྱེད་དེ་ལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཞེས་སྒྲ་མཐར་ཐར་བ་སྟེར་པའི་བསམ་གཏན་ཡོད་ཅིང་། དེའི་སྔོན་འགྲོ་ལ་མེ་གནས་ཀྱི་བསམ་གཏན་དང་། སྒྲ་གནས་ཀྱི་བསམ་གཏན་གཉིས་ཡོད།
     དེ་ཡང་བྱ་རྒྱུད་ཀྱི་གདུལ་བྱ་ཕལ་བའི་དབང་དུ་བྱས་ན་བདག་ཉིད་ལྷར་བསྐྱེད་པ་མེད་པར་ལྷ་མདུན་དུ་བསྒོམས་ནས་རྗེ་བོའི་ཚུལ་དུ་བསྟེན་ནས་དངོས་གྲུབ་ཞུ་བ་ཡིན་ལ་གདུལ་བྱ་གཙོ་བོའི་དབང་དུ་བྱས་ན་བདག་ཉིད་ལྷར་བསྐྱེད་པ་ཡོད་དེ། ལྷ་སྒོམ་སྟངས་དེ་བྱ་རྒྱུད་ལྷ་དྲུག་གི་སྒོ་ནས་བསྐྱེད་པ་ཡིན་ཏེ་སྟོང་བའི་ལྷ། སྒྲ་ཡི་ལྷ། ཡི་གེའི་ལྷ། གཟུགས་ཀྱི་ལྷ། ཕྱག་རྒྱའི་ལྷ། མཚན་མའི་ལྷ་སྟེ་དྲུག་གོ །
     ལྷ་དྲུག་ངོ་སྤྲོད་ཅུང་ཞུ་ན། བདག་གི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་རོ་གཅིག་པའི་སྟོང་ཉིད་དྲན་པར་བྱ་བ་ལ་སྟོང་བའི་ལྷ་དང་། སྟོང་ཉིད་རྟོགས་པའི་གཟུང་རྣམ་སྟོང་བའི་རང་སྒྲ་སྐབས་གང་གི་ལྷ་དེ་དང་དེའི་སྔགས་སྒྲ་སྒྲོག་པར་སྒོམ་པ་ནི་སྒྲའི་ལྷའི་རྣལ་འབྱོར། སྔགས་སྒྲ་སྒྲོག་བཞིན་པ་དེ་ལྷ་གང་དུ་བསྒོམ་སའི་རང་ཉིད་གནས་པའི་གོ་ས་དེར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྔགས་ཀྱི་ཡི་གེའི་གཟུགས་སུ་མོས་པ་དེ་ཡི་གེའི་ལྷ་ཡིན། ལྷ་སྐུ་བསྐྱེད་པ་དེ་གཟུགས་ཀྱི་ལྷ་ཡིན། དེ་བཞིན་གཤེགས་པའི་རིགས་དང་། པདྨའི་རིགས། རྡོ་རྗེའི་རིགས་ཏེ་བྱ་རྒྱུད་རིགས་གསུམ་སྐབས་གང་ཡིན་གྱི་དམ་རྒྱ་དེས་སྙིང་ག་ལ་བཅིངས་པ་ནི་ཕྱག་རྒྱའི་ལྷ། གནས་གསུམ་ལ་ཡི་གེ་གསུམ་བཀོད་དེ་ཡེ་ཤེས་པ་སྤྱན་དྲངས་པའི་རིམ་པ་འདི་མཚན་མའི་ལྷ་ཡིན།
     གསང་སྔགས་ཀྱི་ཆོ་ག་གང་ཡིན་གྱི་མགོར་ཨོཾ་སྭཱ་བྷ་ཝ་ལ་སོགས་སྟོང་བ་ཉིད་ཀྱི་དོན་སྒོམ་བྱེད་ཀྱི་ཚིག་ཡོད་ལ་དེ་འདྲའི་སྟོང་ཉིད་སྒོམ་པ་སྔོན་དུ་མ་སོང་བར་ལྷ་བསྐྱེད་མི་ཐུབ་ལ་བསྒོམ་རྒྱུའི་ལྷ་ཚང་མ་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བ་ཞིག་དགོས་ཤིང་དེ་ལྟར་ཤར་བའི་ལྷ་སྐུ་དེ་ལ་རྒྱ་ཆེ་བའི་ལྷའི་འཁོར་ལོ་ཟེར། དེ་ནས་སྐབས་སྐབས་སུ་དམིགས་པ་ལྷ་སྐུ་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པར་ངེས་པའི་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ལ་བརྩོན་དགོས་དེ་ནས་ཐང་ཆད་ན་གཟུངས་སྔགས་བགྲང་རྒྱུ་སྟེ་དེ་ནི་གསུང་སྒྲུབ་བྱེད་རེད། དེ་ཡང་རང་གི་རྣ་བས་སྒྲ་གོ་ཙམ་གྱི་སྐད་ཆུང་ངུའི་སྒྲ་དང་བཅས་སྔགས་ཟློ་བ་ནི་ཤུབ་པུའི་བཟླས་པ་དང་། རང་གི་ཡིད་ངོར་སྔགས་ཀྱི་སྒྲ་ཤར་བ་ཙམ་མ་གཏོགས་ངག་ལས་དངོས་སུ་མ་བརྗོད་པ་འདི་ལ་ཡིད་བཟླས་ཞེས་བརྗོད།
     དེ་ནས་ཐུགས་སྒྲུབ་བྱེད་ཀྱི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དེ་ལ་མེ་གནས་ཀྱི་བསམ་གཏན། སྒྲ་གནས་ཀྱི་བསམ་གཏན། སྒྲ་མཐར་ཐར་བ་སྟེར་པའི་བསམ་གཏན་གསུམ་ཡོད། མེ་གནས་ཀྱི་བསམ་གཏན་ནི་རང་ཉིད་སྐབས་གང་ཡིན་གྱི་ལྷར་གསལ་ནས་ཡོད་པ་དེའི་སྙིང་གར་ས་བོན་དང་སྔགས་འཁོར་བཀོད། དེ་དག་ལས་མེ་ལྕེ་འཕྲོ། མེ་ལྕེ་དེ་ལ་སེམས་གཏད་ནས་དམིགས་རྣམ་བསྐྱང་རྒྱུ་དེ་ཡིན། སྒྲ་གནས་ཀྱི་བསམ་གཏན་ནི་མེ་ལ་དམིགས་པ་དེ་བཏང་སྟེ་ཆེད་དུ་གཉེར་ནས་དམིགས་ས་དེ་སྒྲ་ལ་དམིགས་ནས་དེའི་སྒྲ་གདངས་དེ་རང་གིས་འདོན་པའི་རྣམ་པ་མ་ཡིན་པར་གཞན་ཞིག་གིས་བཏོན་པའི་སྒྲ་ལ་རང་གིས་ཉན་ནས་སྡོད་ཀྱིན་དམིགས་པ་སྒྲ་ལ་རྩེ་གཅིག་ཏུ་ལྟ་བ་དང་། རྣམ་པ་ལྷ་དེ་དང་དེའི་སྐབས་གང་ཡིན་གྱི་སྔགས་སྒྲ་དེ་གཞན་གྱིས་བཏོན་ནས་ཡར་ཐོན་པ་ལྟ་བུ་ཡིན། འདིའི་སྐབས་ཞི་གནས་སྒྲུབ་པ་ཡིན། དེ་ནས་སྒྲ་མཐར་ཐར་བ་སྟེར་བའི་བསམ་གཏན་ཞེས་པ་ནི་སྟོང་ཉིད་སྒོམ་པ་དེ་ཡིན་ལ་དེ་ལྟར་ན་སྒྲ་གནས་ཀྱི་བསམ་གཏན་ཡན་ཆད་མཚན་བཅས་ཀྱི་རྣལ་འབྱོར་དང་། སྒྲ་མཐར་ཐར་བ་སྟེར་བའི་བསམ་གཏན་དེ་མཚན་མེད་ཀྱི་རྣལ་འབྱོར་ཡིན་ལ། བྱ་རྒྱུད་ཀྱི་ལུགས་ལ་མཚན་མེད་རྣལ་འབྱོར་ཞེས་པ་དེ་ཕལ་ཆེར་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ཤེས་རབ་ཐོབ་དུས་མཚན་མེད་ཀྱི་རྣལ་འབྱོར་དུ་གྱུར་པ་ཡིན།
ས་བཅད་གཉིས་པ། སྤྱོད་རྒྱུད་བཤད་པ།
     སྤྱོད་རྒྱུད་ལ་རྣམ་སྣང་མངོན་བྱང་ལེའུ་ཉེར་དྲུག་པ། དེའི་རྒྱུད་ཕྱི་མ་ལེའུ་བདུན་པ། ཕྱག་རྡོར་དབང་བསྐུར་བམ་པོ་བཅུ་གཉིས་པ་མ་གཏོགས་བོད་དུ་འགྱུར་མེད་གསུངས། འདིའི་ལམ་ལ་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་གཉིས་ལས་མཚན་མེད་ཀྱི་རྣལ་འབྱོར་ནི་སྟོང་ཉིད་སྒོམ་པ་གཙོ་བོར་བྱེད་པའི་གནས་སྐབས་ཀྱི་ལྷའི་རྣལ་འབྱོར་ཡིན་ལ་སྟོང་ཉིད་སྒོམ་པ་གཙོ་བོར་མི་བྱེད་པའི་ལྷའི་རྣལ་འབྱོར་ལ་མཚན་བཅས་ཀྱི་རྣལ་འབྱོར་ཟེར་ཏེ་དང་བོ་སྟོང་ཉིད་སྒོམ་པ་དང་མ་བཅས་པའི་ལྷའི་སྒོམ་བཟླས་ཡིན་ལ། གཉིས་པ་ནི་སྟོང་ཉིད་སྒོམ་པ་དང་བཅས་པའི་ལྷའི་སྒོམ་བཟླས་ལ་བྱ་ཡི་སྟོང་ཉིད་རྐྱང་བ་སྒོམ་པ་ལ་མི་བྱ་སྟེ་སྟོང་ཉིད་རྐྱང་བ་བསྒོམས་ནས་འཚང་རྒྱ་བ་མེད་ལ་མཚན་མ་མེད་པས་དངོས་གྲུབ་གཉིས་ཀ་འགྲུབ་པར་གསུངས་པས་སོ། །
     བྱ་སྤྱོད་གཉིས་ལ་ལྷའི་རྣལ་འབྱོར་གྱི་བསྙེན་པ་ཚད་ལྡན་བཏང་ནས་ལས་བསྒྲུབ་རྒྱུ་སྟེ་དེ་ཡང་གཙོ་བོ་འཆི་མེད་ཚེའི་རིག་འཛིན་གྱི་དངོས་གྲུབ་བསྒྲུབས་ནས་ཚེ་བསྐལ་བའི་བར་དུ་བསྲིངས་ཏེ་ཡི་དམ་ལྷས་རྗེས་སུ་བཟུང་སྟེ་མཆོག་སྦྱིན་རྒྱུའི་གནས་ཚུལ་ཞིག་གསུངས་པ་མ་གཏོགས། འཚང་རྒྱ་ལུགས་དང་འབྲས་བུ་མངོན་དུ་བྱེད་ཚུལ་གྱི་རྣམ་བཞག་གསལ་བོ་མེད་གསུངས།
ས་བཅད་གསུམ་པ། རྣལ་འབྱོར་རྒྱུད་བཤད་པ།
     རྣལ་འབྱོར་རྒྱུད་ལ་གཙོ་བོ་རྡོར་དབྱིངས་དང་། ངན་སོང་སྦྱོང་རྒྱུད། ཀུན་རིག་གི་སྐོར་དག་ཡིན། རྣལ་འབྱོར་རྒྱུད་ཀྱི་སྤྱིའི་འགྲོས་ལྟར་ན་སྦྱང་གཞི་སྒྲུབ་པ་བོའི་ལུས་ངག་ཡིད་གསུམ་དང་བྱ་བ་བཞི། སྦྱོང་བྱེད་ཀྱི་ལམ་ལ་སྐུ་ཕྱག་རྒྱ། གསུང་ཆོས་རྒྱ། ཐུགས་དམ་རྒྱ། འཕྲིན་ལས་རྒྱ་ཞེས་གཙོ་བོ་ནང་གི་ཕྱག་རྒྱ་བཞི་དང་དེ་དང་འབྲེལ་བའི་ཕྱིའི་ཕྱག་རྒྱ་བཞི་བཅས་ཕྱི་ནང་གི་ཕྱག་རྒྱ་བཞི་བྱས་པ་འདིས། སྦྱོང་བ་བོའི་ལུས་ངག་གི་བྱ་བ་དང་བཅས་པ་སྦྱངས་པའི་འབྲས་བུར་རྒྱལ་བའི་སྐུ་གསུང་ཐུགས་འཕྲིན་ལས་བཞི་ཡོད།
ས་བཅད་བཞི་བ། རྣལ་འབྱོར་བླ་མེད་བཤད་པ།
     རྣལ་འབྱོར་བླ་མེད་ནི་བདེ་གསང་འཇིགས་གསུམ་གྱི་རྩ་བ་དང་བཤད་པའི་རྒྱུད་ལ་སོགས་པ་ཡིན་ལ་དབྱེ་ན། ཕ་རྒྱུད། མ་རྒྱུད་གཉིས་ཏེ་སྒྱུ་ལུས་གཙོ་བོར་བཤད་པ་ལ་ཕ་རྒྱུད་དང་འོད་གསལ་གཙོ་བོར་བཤད་པ་ལ་མ་རྒྱུད་ཟེར།
     རིན་ཆེན་ལྟ་བུའི་གདུལ་བྱ་དབང་རྣོན་དེས་ལམ་མ་ཞུགས་ནས་སངས་རྒྱས་ཀྱི་ས་ཡི་བར་ཚེ་གཅིག་ལ་མངོན་དུ་བྱེད་པ་བླ་མེད་ཀྱི་ཁྱད་ཆོས་ཏེ། འོག་མ་གསུམ་ལ་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བ་ཡོད་ཀྱང་ཚེའི་རིག་འཛིན་བསྒྲུབ་དགོས་པའི་ཕྱིར་རོ། །
     དེ་ལ་བླ་མེད་ཀྱི་རྒྱུད་བཤད་པ་ནི་རྒྱུའམ་གཞི་རྒྱུད། ལམ་མམ་ཐབས་རྒྱུད། འབྲས་བུའམ་མི་འཁྲུག་པའི་རྒྱུད་གསུམ་བཤད་ཅིང་། མཐར་གཏུགས་ན་དེ་དག་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ཉག་གཅིག་པུའི་སྟེང་ནས་བཤད་དགོས་ཤིང་བླ་མེད་གཙོ་བོར་གྱུར་པའི་རྒྱུད་སྡེའི་སྐབས་སུ་ཡང་རྡོ་རྗེའི་ཚིག་གཅིག་གིས་ཀྱང་དོན་མི་འདྲ་བ་མང་བོ་སྟོན་པས་རྡོ་རྗེའི་ཚིག་གཅིག་ལ་མཐའ་དྲུག་ཚུལ་བཞིའི་བཤད་སྟངས་ཡོད་ལ་དེ་ཡི་གདུལ་བྱ་ལའང་། རིན་པོ་ཆེ་ལྟ་བུའི་གང་ཟག ཙན་དན་ལྟ་བུའི་གང་ཟག པད་མ་ལྟ་བུའི་གང་ཟག པད་མ་དཀར་བོ་ལྟ་བུའི་གང་ཟག་དང་བཞི་ཡོད།
     རྒྱུད་སྡེ་འོག་མ་གསུམ་ལ་བསྐྱེད་རིམ་གྱི་དོད་མཚན་བཅས་ཀྱི་རྣལ་འབྱོར་དང་། རྫོགས་རིམ་ཀྱི་དོད་མཚན་མེད་ཀྱི་རྣལ་འབྱོར་ལས་རྣམ་དག་བཞི་དང་རྣམ་པ་མཐུན་པའི་ལམ་ད་ལྟ་ནས་བསྒོམས་པ་ཡོད་ཀྱང་ཀུན་ཉོན་ཕྱོགས་ཀྱི་སྲིད་པ་སྐྱེ་ཤི་བར་དོ་གསུམ་དང་རྣམ་པ་མཐུན་པའི་ལམ་བསྒོམས་པ་མེད་ཅིང་དེ་ཡོད་པ་ནི་བསྐྱེད་རྫོགས་ཀྱི་ཁྱད་ཆོས་ཡིན།
     དེ་བས་བསྐྱེད་རིམ་ནི་སྒོམ་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་མ་བྱུང་ཞིང་། རང་འབྲས་རྫོགས་རིམ་སྨིན་བྱེད་དུ་གྱུར་པའི་སྐྱེ་ཤི་བར་དོ་གསུམ་པོ་ཅི་རིགས་དང་རྣམ་པ་མཐུན་པར་བསྐྱེད་ནས་སྒོམ་པའི་རིམ་པ་ཞིག་སྟེ། དེ་ལ་ངོ་བོའི་སྒོ་ནས་བསྐྱེད་རིམ་ཕྲ་མོ་ལས་དམིགས་རྟེན་རགས་ཤིང་རང་དང་ལྷ་གཅིག་ཏུ་དྲན་པའམ་གཅིག་ཏུ་ལྷ་དྲན་པའི་བསྐྱེད་རིམ་རགས་པ་དང་། བསྐྱེད་རིམ་རགས་པ་ལས་དམིགས་རྟེན་ཕྲ་ཞིང་རྟོག་པས་བཏགས་ནས་སྒོམ་པའི་བསྐྱེད་རིམ་ཕྲ་མོ་གཉིས་ཡོད་ལ་ལམ་རྒྱུད་ལ་སྐྱེ་རིམ་གྱི་སྒོ་ནས། ལས་དང་བོ་བ་དང་། ཡེ་ཤེས་ཅུང་ཟད་བབས་པ། ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པ། ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་བཞི་ཡོད་དེ། དེ་ཡང་བསྐྱེད་རིམ་ཐོག་མར་བསྒོམས་པ་ནས་རགས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་རིམ་གྱིས་གསལ་བཏབས་ན་གསལ་བར་འཆར་ཡང་དུས་གཅིག་ལ་དེ་ལྟར་འཆར་མི་ནུས་པའི་བར་ནི་ལས་དང་བོ་བ་དང་། རགས་པ་ལ་ཡུད་ཙམ་རེས་དུས་གཅིག་ཏུ་གསལ་སྣང་བརྟན་པོ་འཆར་ཡང་སྐྱེ་མཆེད་ཀྱི་ལྟ་བ་ལ་དེ་ལྟར་གསལ་སྣང་བརྟན་པོ་མི་འཆར་བ་ནི་ཡེ་ཤེས་ཅུང་ཟད་བབས་པ་དང་། ལྷ་ཕྲ་བ་ཐམས་ཅད་ཀྱང་ཡུད་ཙམ་གྱིས་མངོན་སུམ་པ་ལྟར་གསལ་སྣང་བརྟན་པོ་ཤར་བ་ཐོབ་པ་ནས་ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་ལ་མ་སླེབས་ཀྱི་བར་ནི་ཡེ་ཤེས་ལ་ཅུང་ཟད་དབང་ཐོབ་པ་ཡིན། འདི་ལ་བསྐྱེད་རྫོགས་གཉིས་ཀའི་ཆ་ཡོད་ཅིང་། འདི་ནས་བསྐྱེད་རིམ་རགས་པ་ལ་བརྟན་པ་ཐོབ་པར་འཇོག  ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་ནི་བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་ལ་ནུས་པ་ཐོབ་པའི་སྐབས་ཡིན་ལ། རགས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ཆ་ཕྲ་རགས་ཐམས་ཅད་མ་འདྲེས་པར་སྐད་ཅིག་གིས་གསལ་སང་ངེར་ཤར་བར་བྱིང་རྒོད་དང་བྲལ་བར་ཉིན་ཞག་གཅིག་གི་དྲུག་ཆ་འཁྱོངས་ཐུབ་པ་ནི། བསྐྱེད་རིམ་རགས་པ་ལ་བརྟན་པ་ཐོབ་པ་དང་། དེ་ལྟར་ལོ་ཟླ་སོགས་ཅི་འདོད་བར་དུ་འཇོག་ནུས་པ་ནི་དེ་མཐར་ཕྱིན་པའི་ཚད་ཡིན་ལ། ཕྲ་བ་ཐིག་ལེ་ཡུངས་འབྲུ་ཙམ་གྱི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བཏབ་ན་དེའི་ཆ་ཕྲ་རགས་ཐམས་ཅད་མ་འདྲེས་པར་སྐད་ཅིག་གིས་གསལ་སང་ངེར་ཤར་བ་ལ་གོང་ལྟར་འཇོག་ནུས་པ་ནི་སོ་སོར་བསྐྱེད་རིམ་ཕྲ་མོ་ལ་བརྟན་པ་ཐོབ་པ་དང་། དེ་མཐར་ཕྱིན་པའི་ཚད་ལ་འཇོག་པ་ཡིན་ལ། དེ་མཐར་ཕྱིན་པ་ན་ལུས་སེམས་ཤིན་སྦྱངས་ཐོབ་པ་ན་ཞི་གནས་མཚན་ཉིད་པ་གྲུབ་ཅིང་། ལྷའི་སྐུ་དང་ཕྱག་མཚན་གྱི་སྤྲོ་བསྡུ་སོགས་ལ་དམིགས་པའི་ལྷག་མཐོང་ཡང་འབྱུང་བས་ཞི་ལྷག་ཟུང་འབྲེལ་ཁྱད་པར་ཅན་ཐོབ་པ་ཡིན་ལ་རྒྱུད་སྡེ་བཞི་བོར་ལྷའི་རྣལ་འབྱོར་ལས་ལོགས་སུ་ཞི་གནས་སྒྲུབ་ཚུལ་མ་གསུངས་ཏེ་ལྷའི་རྣལ་འབྱོར་བསྒོམས་པ་ཉིད་ཀྱིས་ཞི་གནས་མཚན་ཉིད་ཚང་བ་འགྲུབ་པ་ཡིན་ནོ། །
     རྫོགས་རིམ་ནི་བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་རང་རྒྱུད་ལ་ནམ་སྐྱེས་པ་ན། བསྐྱེད་རིམ་ནས་རྫོགས་རིམ་དུ་འཕོས་པ་ཡིན་ལ་དེ་ལ་བློས་བཏགས་པ་ལ་མ་བལྟས་པར་རང་གྲུབ་ཙམ་ནས་རྫོགས་པའི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་ནས་བསྒོམ་པར་བྱ་བའི་རིམ་པ་ཡིན་པས་རྫོགས་རིམ་ཞེས་བརྗོད།
     དེ་ལ་དབྱེ་ན། སྤྱོད་བསྡུས་ལས་ལུས་དབེན་དང་། ངག་དབེན། སེམས་དབེན། སྒྱུ་ལུས། འོད་གསལ། ཟུང་འཇུག་གི་རིམ་པ་སྟེ་དྲུག་དང་རིམ་ལྔ་ལས་ལུས་དབེན་ངག་དབེན་དུ་བསྡུས་ནས་ངག་དབེན་དང་བོར་བྱས་ཏེ་རིམ་པ་ལྔར་བཤད།
     ལུས་དབེན་ནི་མཉམ་གཞག་ཏུ་རླུང་ངྷུ་ཏཱིར་ཐིམ་པ་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་བསྒོམས་ཤིང་དེ་ལས་ལངས་པའི་རྗེས་ཐོབ་ཏུ་ཡུལ་སྣང་ཐམས་ཅད་ལ་བདེ་སྟོང་གི་རྒྱས་བཏབ་ནས་རིགས་བརྒྱ་ལ་སོགས་པའི་ལྷའི་རྣམ་པར་ཤར་བའི་རྣལ་འབྱོར་ཏེ་དབེན་གཞིའི་ལུས་རང་རྒྱུད་དུ་བསྡུས་ནས་ཕུང་ཁམས་སྐྱེ་མཆེད་སོགས་ལ་རྫོགས་རིམ་པའི་བདེ་སྟོང་གི་རྒྱས་བཏབ་ནས་ཐ་མལ་གྱི་སྣང་ཞེན་ལས་དབེན་པར་བྱས་ཏེ་དག་པ་ལྷའི་རྣལ་འབྱོར་ཡིན་པས་ལུས་དབེན་ཟེར།
     རླུང་ལྡང་འཇུག་གནས་གསུམ་གྱི་རང་མདངས་ཡི་གེ་གསུམ་གྱི་གདངས་སུ་ཤར་བའི་རྡོ་རྗེའི་བཟླས་པ་ལ་བརྟེན་ནས། སྙིང་གའི་གོང་གི་རྩ་མདུད་ལྷོད་པོར་སོང་སྟེ་སྟེང་འོག་གི་རླུང་རྣམས་སྙིང་གའི་ངྷུ་ཏཱིའི་ནང་དུ་ཐིམ་པ་ལས་བྱུང་བའི་སྣང་བའི་ཡེ་ཤེས་སྐྱེས་པ་ན་ལུས་དབེན་ནས་ངག་དབེན་དུ་འཕོས་པ་ཡིན་ལ། ངག་གི་རྩ་བ་ཤིན་ཏུ་ཕྲ་བའི་རླུང་ཐ་མལ་དུ་རྒྱུ་བ་ལས་དབེན་པར་བྱས་ཏེ་རླུང་སྔགས་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་ཡིན་པས་ན་ངག་དབེན་ཞེས་ཟེར།
     ནང་གི་ཁྱབ་བྱེད་ཀྱི་རླུང་རྡོར་བཟླས་དང་། ཕྱིའི་རྐྱེན་ཕྱག་རྒྱ་སྲོག་རྩོལ་ལ་བརྟེན་ནས་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་ཏེ་ཁྱབ་བྱེད་ཀྱི་རླུང་གི་ཆ་ཤས་གཅིག་དང་བཅས་རྩ་བ་དང་ཡན་ལག་གི་རླུང་རྣམས་སྙིང་གའི་མི་ཤིགས་པ་ལ་ཐིམ་པའི་སྣང་བའི་ཡེ་ཤེས་ནམ་སྐྱེས་པ་ན་ངག་དབེན་ནས་སེམས་དབེན་དུ་འཕོས་པ་ཡིན་ཏེ། འཁོར་འདས་ཀུན་གྱི་རྩ་བ་སེམས་ཀུན་རྟོག་བཞོན་པའི་རླུང་དང་བཅས་པ་ལས་དབེན་པར་བྱས་ཏེ་བདེ་སྟོང་དབྱེར་མི་ཕྱེད་པའི་ངོ་བོར་ཤར་པའི་རྣལ་འབྱོར་ཡིན་པས་སེམས་དབེན་ཞེས་བརྗོད།
     སེམས་དབེན་གྱི་མཐར་ཐུག་གི་དཔེའི་འོད་གསལ་དེ་ལས་ལྡང་བར་རྩོམ་པ་ན་རླུང་ཅུང་ཟད་གཡོས་ཏེ་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་མཉམ་དུ་ཆུ་ལས་ཉ་ལྡང་ཚུལ་གྱིས་འོད་གསལ་དེའི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔ་བས་ཉེར་ལེན་དང་། འོད་གསལ་གྱི་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་མཚན་དཔེས་སྤྲས་པའི་སྒྱུ་མའི་སྐུ་རྣམ་སྨིན་གྱི་ལུས་རགས་པ་ལས་ལོགས་སུ་ཕྱེས་ནས་དངོས་གནས་སུ་གྲུབ་པ་ཡིན་ཏེ། སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་ལྷ་སྐུའམ་ལུས་ཡིན་པས་སྒྱུ་ལུས་ཞེས་བརྗོད་དོ། །
     མ་དག་པའི་སྒྱུ་ལུས་པ་དེས་སྤྱོད་པ་གསུམ་པོ་གང་རུང་ཟླ་བ་དྲུག་ལ་སོགས་པར་སྤྱད་པས། དོན་གྱི་འོད་གསལ་ཐོབ་ཏུ་ཉེ་བའི་མཚན་མ་བྱུང་བ་ན་ཕྱག་རྒྱ་དང་སྙོམས་པར་འཇུག་བཞིན་པས་བསམ་གཏན་གཉིས་ཀྱི་སྡུད་རིམ་ཡང་ཡང་བསྒོམས་པ་ལས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ཤར། དེའི་ཚེ་འོད་གསལ་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ན་རིམ་པ་བཞི་བའི་དོན་གྱི་འོད་གསལ་མངོན་ཏུ་བྱས་པ་ཡིན་ཏེ། ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་བས་ཡུལ་དོན་དམ་བདེན་པ་འོད་གསལ་མངོན་ཏུ་གྱུར་པའི་སྒོ་ནས་ཀུན་རྫོབ་ཀྱི་སྤྲོས་པ་མ་ལུས་པ་ནུབ་པའི་ཡེ་ཤེས་ཡིན་པས་དོན་གྱི་འོད་གསལ་ཞེས་བརྗོད།
     དོན་གྱི་འོད་གསལ་ལས་ལུགས་ལྡོག་ཏུ་ལྡང་བར་རྩོམ་པ་ན་འོད་གསལ་དེ་ཅུང་ཟད་གཡོས་པ་དང་མཉམ་དུ་འོད་གསལ་དེའི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔ་བས་ཉེར་ལེན་དང་འོད་གསལ་གྱི་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་དག་པའི་སྒྱུ་མའི་སྐུར་བཞེངས་མ་ཐག་པའི་ཚེ། ཉོན་སྒྲིབ་ཟད་པར་སྤངས་པ་དང་། དག་པའི་སྒྱུ་མའི་སྐུ་གཉིས་ཟུང་དུ་འཇུག་པའི་སྤངས་པ་ཟུང་འཇུག་གི་སྐུ་ལུས་རགས་པ་ལས་ལོགས་སུ་ཕྱེས་ནས་དངོས་གནས་སུ་གྲུབ་བོ། །
     སློབ་པའི་ཟུང་འཇུག་དེས་མཉམ་རྗེས་ཀྱི་དགེ་སྦྱོར་རྣམས་བསྐྱངས་པ་ལ་བརྟེན་ནས་མཚན་མ་དག་བྱུང་བ་ན་ཐོ་རེངས་ཕྱི་ནང་གི་ཐབས་ཀྱིས་དྲངས་པའི་མངོན་པར་བྱང་ཆུབ་པ་གཉིས་ཀྱི་སྒོ་ནས་དོན་གྱི་འོད་གསལ་མངོན་ཏུ་བྱས་ཤིང་། འོད་གསལ་དེའི་སྐད་ཅིག་དང་བོ་ནི་སློབ་པ་མཐའི་དོན་གྱི་འོད་གསལ་ཡིན་ལ། ཕར་ཕྱིན་ཐེག་པའི་རྒྱུན་མཐའི་བར་ཆད་མེད་ལམ་གྱི་དོད་ཐུབ་ལྟ་བུ་ཡིན་པས་དེས་ཤེས་སྒྲིབ་ཀྱི་དངོས་གཉེན་བྱས་ཏེ་འོད་གསལ་དེའི་སྐད་ཅིག་གཉིས་པ་ལ་ཤེས་སྒྲིབ་སྤངས་པ་དང་། སློབ་པའི་ཟུང་འཇུག་གི་རིགས་འདྲ་ཕྱི་མ་མི་སློབ་པའི་ཟུང་འཇུག་གི་སྐུར་གྱུར་ནས་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་མངོན་ཏུ་མཛད་དེ། འཁོར་བ་ཇི་སྲིད་མ་སྟོངས་བར་དུ་མི་གཡོ་བར་བཞུགས་པ་ཡིན་ནོ། །


འབྲེལ་ཡོད་འོས་སྦྱོར།