logo

ལྷ་ཆེན་ཚོགས་ཀྱི་བདག་པོའི་སྐོར་སྤྱིར་གཏམ།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-06-08 ཀློག་གྲངས།:

     འདི་སྔོན་གྱི་དུས་ན་ལྷ་དབང་ཕྱུག་ཆེན་པོ་དང་ལྷ་མོ་ཨུ་མའི་སྲས་ཚོགས་ཀྱི་བདག་པོ་སྨིན་དྲུག་གཉིས་ཡིན་པ་ལ། ལྷ་དང་ལྷ་མིན་འཐབ་པའི་ཚེ་ལྷ་མ་ཡིན་གྱིས་ཚོགས་བདག་གི་སྐེ་བཅད་པ་ན་དབང་ཕྱུག་གིས་འཚོ་མི་འཚོ་བརྟགས་པས། མགོ་བཅད་མ་ཐག་པ་དྲོད་མ་ཡལ་བ་ཞིག་རྙེད་ན་འཚོ་བར་ཟག་བཅས་མངོན་ཤེས་ཀྱིས་ཤེས་ནས་འཁོར་རྣམས་ལ་ལམ་དུ་སུ་འཕྲང་ཀྱི་མགོ་ཆོད་ལ་ཁྱེར་ཤོག་ཅེས་འཚོལ་དུ་བཏང་བས་གླང་བོ་ཆེའི་ཕྲུ་གུ་ཞིག་དང་འཕྲད་པའི་མགོ་བྲེགས་ནས་ཁྱེར་འོངས། དེར་དབང་ཕྱུག་ཆེན་པོས་བུའི་སྐེ་ལ་སྦྱར་བས་འབྱར་ཏེ་སོས་སོ། །
     དེ་ནས་ཚོགས་བདག་སྤུན་གཉིས་སོར་རྡོ་འཐབ་པའི་རྩེད་མོ་བྱས་པ་ལ་ནུ་བོས་སོར་རྡོ་འཕངས་པས་ཚོགས་བདག་གི་མཆེ་བ་གཡོན་ལ་ཕོག་སྟེ་ཆག་པས་ཚོགས་བདག་ན་རེ། ངའི་ལུས་ཀྱི་ལང་ཚོ་ཉམས་པར་བྱས་པས་ངན་པ་འདི་གསོད་ཟེར་བ་ལ། དབང་ཕྱུག་ན་རེ། ད་རེས་མ་གསོད་པར་ཁྱོད་རང་གི་ན་ཚོད་དུ་སླེབས་པ་ན་གསོད་བྱས་ནས། དབང་ཕྱུག་གིས་བུ་ཆུང་ཤོས་མི་རྒས་པར་བྱིན་གྱིས་བརླབས་པས་གཞོན་ནུར་གྲགས། དེ་ནས་ཚོགས་བདག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དབང་དུ་བསྡུ་ཞིང་ཕུང་བར་བྱས་པས་དེ་གང་གིས་ཀྱང་མ་ཐུལ་བའི་ཚེ། བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོས་འདུལ་བར་དགོངས་ནས་ཐུགས་རྗེ་ཆེན་པོ་ལ་ཞལ་འཛུམ་པ་མཛད་ཅིང་འོད་ཟེར་གྱིས་བསྐུལ་པས་ཐུགས་རྗེ་ཆེན་པོ་ཚོགས་བདག་ཉིད་དུ་སྤྲུལ་ནས་བྱོན་པ་ལ། ཁོའི་བུ་སྨད་འཁོར་བཅས་ཀྱིས་བསུས་ཏེ་ཚོགས་བདག་གི་གདན་ལ་བཞུགས་ཤིང་། བཟའ་བཏུང་དང་མཆོད་པ་ཕུལ་ནས་ཡོད་པའི་ཚེ། ཚོགས་བདག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་མྱུལ་ནས་ལོག་འོངས་པ་ལ་བུ་སྨད་དང་འཁོར་རྣམས་ན་རེ། འོ་ཅག་གི་ཚོགས་བདག་རྩེ་ནས་བྱོན། ངན་པ་འདི་སུ་ཡིན། ཕྱིར་སོང་ཟེར་བས་ཁོ་ཡིད་མ་རངས་ཏེ་རྔམ་འཁྲུགས་ཀྱང་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས་ཅང་སྨྲ་མ་ནུས་སོ། །དེ་ནས་ཐུགས་རྗེ་ཆེན་པོའི་མཐུ་སྟོབས་ཀྱིས་གཟིར་ཏེ་དམ་ལ་བཏགས་པས་ཁོས་སེམས་ཅན་ལ་གནོད་པ་མི་བྱེད་པ་དང་བསླབ་པ་གསུམ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲིན་ལས་བྱེད་པ་དང་ལོངས་སྤྱོད་ཐམས་ཅད་སྒྲུབ་པར་དམ་བཅས་ཤིང་། དེ་ལྟ་བུ་ལས་འདས་ན་ཁོ་རང་གི་མགོ་ཨརྫ་ཀའི་དོག་པ་ལྟར་གས་པར་གྱུར་ཅིག་ཅེས་དམོད་བཙུགས་པས་ན། ད་ལྟའང་རྒྱལ་དང་ཕུར་བུ་འཛོམ་པའི་ཉིན་མོར། ཁོས་འཇིག་རྟེན་ཐམས་ཅད་མྱུལ་ཞིང་ཆོས་བྱེད་པ་རྣམས་ཀྱི་གྲོགས་ཚུལ་བཞིན་དུ་སྒྲུབ་པར་གྲགས་པ་དང་། འདིའི་སྒྲུབ་པ་ལ་འཇུག་པ་དང་རྗེས་གནང་བྱེད་པ་སོགས་རྒྱལ་ཕུར་འཛོམས་པ་དང་བསྒྲིགས་པ་ཡང་དེ་ལ་དགོངས་པ་ཡིན་ནོ། །འདི་ལ་ཇོ་བོ་རྗེས་སྤྱན་དྲངས་པའི་ཚོགས་བདག་གི་རྒྱུད་དངོས་གྲུབ་འབྱུང་བ་དེའི་སྙིང་པོ་སོགས་ཡོད་དོ། །


འབྲེལ་ཡོད་འོས་སྦྱོར།