ནང་བསྟན་དཔལ་འབྱོར་རིག་པ་ལས་ནོར་སྦྱིན་མའི་ལྷ་ཚོགས།
རྩོམ་པ་པོ།:ཤེས་རབ་བསྟན་དར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-05-29
ཀློག་གྲངས།:
སྤྱིར་བསྟན།
ལྷ་མོ་ནོར་རྒྱུན་མ་དང་གཟའ་ཡུམ། བདུད་རྩི་འབྱུང་བ་སོགས་ནི་མདོ་སྡེ་ཆེན་པོ་ལས་བསྟན་ཅིང་རང་རང་གི་རྟོག་པ་ལས་ཀྱང་འབྱུང་། ནོར་རྒྱུན་མའི་སྒྲུབ་ཐབས་དང་ཕན་ཡོན་སོགས་སྟོན་པས་རྒྱལ་པོའི་ཁབ་ཏུ་ཁྱིམ་བདག་བཟང་སྐྱོང་སོགས་ཀྱི་ཆེད་དུ་གསུངས། འདི་བྱ་རྒྱུད་ཀྱི་ཡུམ་བཀའི་ཕྱོགས་སུ་གཏོགས་ལ་ཐུན་མོང་དང་ཐུན་མིན་གྱི་ལུགས་གཉིས་ཡོད། ལྷ་འདི་བསྒྲུབ་ན་ཆོས་མཐུན་གྱི་འབྱོར་བ་རྒྱས་པ་དང་། གཡང་ཆགས་པ་སོགས་ཀྱི་ཕན་ཡོན་ཡོད་པར་གསུངས་ཤིང་གནོད་སྦྱིན་མོའི་རིགས་ཀྱི་རྣམ་པ་བསྟན་པས་ལས་འགྲུབ་སླ་བར་ཡང་བཤད་དོ། །འདི་ལ་རྒྱུད་ནོར་རྒྱུན་མའི་གཟུངས། དེའི་རྟོག་པ། དེའི་མཚན་བརྒྱ་རྩ་བརྒྱད་པ་སོགས་བཞུགས།ནོར་རྒྱུན་མའི་རྟོག་ཆུང་ལ་བརྟེན་པའི་ལྷ་མོ་ནོར་སྦྱིན་མ་ལྷ་བཅུ་དགུ།
ནོར་རྒྱུན་མ་སེར་མོ་ཞལ་གཅིག་ཕྱག་དྲུག་མ། རོལ་པའི་འདུག་སྟངས་ཀྱིས་བཞུགས་པ། ཕྱག་གཡས་ཀྱི་དང་བོས་མཆོག་སྦྱིན་གྱི་ཕྱག་རྒྱ། གཉིས་པས་རིན་པོ་ཆེའི་ཆར་འབེབས་པ། གསུམ་པས་དབྱངས་ངེས་པར་སྒྲོག་པ་ལ་ཕྱག་མཛད་པ། གཡོན་གྱི་དང་བོས་བུམ་པ་བཟང་པོ། གཉིས་པས་འབྲས་ཀྱི་སྙེ་མ། གསུམ་པས་ཤེར་ཕྱིན་གྱི་ལྒིགས་བམ་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང་། །སྒྲུབ་པ་བོ་ལ་དབྱིག་གི་ཆར་འབེབས་པའི། །དཔལ་མོ་ནོར་སྦྱིན་མ་ལ་ཕྱག་འཚལ་ལོ། །ཨོཾ་བ་སུ་དྷ་རི་སྭཱ་ཧཱ། སྙིང་བོའོ། ། ཨོཾ་ལཀྵ་བྷ་བྷུ་ཏ་ལ་ནི་བ་སུ་ནི་སྭཱ་ཧཱ། ཉེ་བའི་སྙིང་པོའོ། ། འདི་རྟོག་པ་ཆུང་བ་ལས་བསྟན་ཅིང་། བརྒྱུད་པ་རྡོ་རྗེ་ཕྲེང་བ་ལྟར་རོ། །
ནོར་སྦྱིན་མ་ཛ་མ་རིའི་ལུགས།
ལྷ་མོ་ནོར་རྒྱུན་མ་སེར་མོ་ལང་ཚོ་ཕུན་སུམ་ཚོགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་། ཕྱག་གཡས་པི་ཙུ་རའི་འབྲས་བུ་སྔོ་དམར་དང་། གཡོན་འབྲས་ཀྱི་སྙེ་མ་འཛིན་པ། རིན་པོ་ཆེའི་བུམ་པ་ཞབས་སྤྲད་ཅིང་། ཁ་གཉིས་ནས་རིན་པོ་ཆེའི་རྒྱུན་འབབ་བཞིན་པའི་སྟེང་ན་མཉམ་པར་བཞེངས་པའོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང་། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །དཔལ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་གྷ་ཏཾ་ཛྷི་བྷ་སཾ་རཀྴ་ཎི། ཕ་ལ་ཧཤྟི་བཱ་སུ་བྷ་རི་ཏེ། ཤི་ཝཾ་ཀ་ར་ཤཱནྟིཾ་ཀུ་རུ་པུཥྚིཾ་ཀུ་རུ། བྷ་ཡ་ནཱ་ས་ནི། སརྦ་དུཥྚཾ། བྷཉྩ་བྷཉྩ། ཛམྦྷ་ཛམྦྷ། སྟམྦྷ་སྟམྦྷ། ཨམྲྀཏེ། ཨུཏབྷཝེ། ཀུ་རུ་ཀུ་རུ། མ་མ་ཀ་ཛྱེ་སྭཱ་ཧཱ།ནོར་རྒྱུན་མ་ཛ་མ་རིའི་ལུགས་ཀྱི་རིགས་གཏད་ནི། པཎྜིཏ་ཡ་མ་རི་ནས་ཤཱཀྱ་སྲུང་བ་ལ་བརྒྱུད་པ་འཇིམ་ལོ་ཙཱ་པས་གསན་ཏེ་བོད་དུ་སྤེལ།
ནོར་སྦྱིན་མ་སེར་མོ།
ནོར་རྒྱུན་མ་སེར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་མཆོག་སྦྱིན་དང་། གཡོན་འབྲུའི་སྙེ་མ་དང་རིན་པོ་ཆེའི་བུམ་པ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟས་བརྒྱན་ཅིང་ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ཕུན་ཚོགས་དགེ་ལེགས་ཀུན་འབྱུང་བཅོམ་ལྡན་མ། །དཔལ་དང་འབྱོར་བའི་དབང་ཕྱུག་ནོར་རྒྱུན་མ། །ཡིད་ལ་རེ་བའི་བཀྲ་ཤིས་མྱུར་སྩོལ་མ། །བསམ་འཕེལ་དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད། །ཨོཾ་བ་སུ་དྷ་རི་རཏྣ་ནི་དྷ་ན་ཀྵེ་ཏྲེ་སྭཱ་ཧཱ།ལྷ་མོ་ནོར་རྒྱུན་མ་ནི། སྟོན་པས་ཁྱིམ་བདག་ཟླ་བཟང་ངམ་བཟང་སྐྱོང་ལ་བསྟན། ཕན་ཡོན་ནི། རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོའི་མུ་ཏིག་གི་དོ་ཤལ་བོར་བ་ཆུད་མ་ཟོས་པའི་ལོ་རྒྱུས་ལྟར་ཁྲིམས་ལྡན་ཡུན་དུ་འཚོ་བར་མཐུན་རྐྱེན་འཛོམས་པ་གལ་ཆེ། དཔེར་ན་སྟོན་པ་འཁོར་བཅས་མཐའི་རྒྱལ་པོ་མེས་བྱིན་སར་ཕེབས་སྐབས་ཤཱ་རིའི་བུ་དེར་མ་ཕེབས་པར་སུམ་ཅུ་རྩ་གསུམ་དུ་བཞུགས་པ་ལྟར་རོ། །རྒྱུད་ཕེབས་ཚུལ་སྣར་ཐང་བརྒྱ་རྩ་ལྟར་རོ། །
གཟུངས་ལས་བྱུང་བའི་ལྷ་མོ་ནོར་སྦྱིན་མ།
ནོར་རྒྱུན་མ་སེར་མོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་གྱི་མཐིལ་ནས་ནོར་བུའི་ཆར་འབེབས་པ། གཡོན་འབྲས་ཀྱི་སྙེ་མ་དང་རིན་པོ་ཆེའི་ཕྲེང་བ་འཛིན་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེས་བརྒྱན་པ། མཐའ་སྐོར་དུ་ནོར་དཔལ་མོ་ལ་སོགས་པ་གཏེར་གྱི་བདག་མོའི་ཚོགས་ཐམས་ཅད་དང་། སྟེང་གི་ཆ་ལ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པར་གྱུར་ཏོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང་། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །དཔལ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ཨོཾ་བ་སུ་དྷ་རི་ནི་སྭཱ་ཧཱ། འདི་ཨ་བྷྱ་ཀ་ར་ནས་བརྒྱུད་དེ་གཡག་སྡེ་པཎ་ཆེན་གྱིས་བོད་དུ་སྤེལ་བའོ། །ནོར་སྦྱིན་མ་བ་ལང་རྫི།
ནོར་རྒྱུན་མ་སེར་མོ་སྒེག་ཅིང་མཛེས་པ། ཕྱག་གཡས་པས་པི་ཙུ་རའི་འབྲས་བུ་དང་། གཡོན་པས་རིན་པོ་ཆེའི་སྙེ་མ་འཛིན་པ།གཏེར་གྱི་བུམ་པ་ཞབས་སྤྲད་པ། རིན་པོ་ཆེའི་ཆར་འབེབས་པའི་སྟེང་ན་མཉམ་པར་བཞེངས་པ། བྱང་ཆུབ་ཀྱི་ཤིང་ལ་རྒྱབ་བརྟེན་པ།འདོད་འཇོའི་བ་མོའི་ཁྱུས་བསྐོར་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང་། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །དཔལ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ཨོཾ་ཛཾ་དྷི་ཀ་ཐ་མ་ནོ་ཧ་ར་སརྦ་བྷ་ན་པ་རཏྣོ་ཧཱུཾ་ཛྲུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ།
ནོར་རྒྱུན་མ་བ་གླང་རྫིའི་སྒོམ་ལུང་ནི། ལོ་ཙཱ་པ་བུདྡྷ་ཤྲཱི་ནས་ཁོཕུ་ལོ་ཙཱ་པ་བྱམས་པའི་དཔལ་ལ་བརྒྱུད་དེ་བོད་དུ་ཕེབས།
ནོར་སྦྱིན་མ་དམར་མོ་ས་ལུགས།
ནོར་རྒྱུན་མ་དམར་མོ་ཉི་མ་ལ་བརྐྱངས་བསྐུམས་ཀྱིས་བཞུགས་པ། གཡས་རིན་པོ་ཆེའི་སྙེ་མ་དང་གཡོན་ཐོད་ཁྲག་འཛིན་པ། སྐྲ་སེར་གྱེན་དུ་བརྫེས་པ། རིན་པོ་ཆེ་དང་རུས་པས་བརྒྱན་པའོ། །སྔོན་གྱི་སྦྱིན་པའི་དཔལ་ལས་ལེགས་འཁྲུངས་ཤིང་། །མི་ཟད་ནམ་མཁའི་མཛོད་ལ་མངའ་བརྙེས་པ། །འགྲོ་བའི་དབུལ་ཕོངས་མ་ལུས་སེལ་མཛད་པ། །དཔལ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ས་ཡ་བྷི་བྷི། བྷུ་ཊྚ་བྷུ་ཊྚ། ཀ་མ་རཀྐི་མ། སཱ་མ་བ་ཏི། སརྦ་ཝི་སི་ཏི། ཀུ་རུ་ཎི་རེ། ག་རུ། ཞེས་པའོ། །སྔགས་ཉི་ཤུ་རྩ་གཅིག་བཟླ་བ་ཉིད་བསྟོད་པ་ཡིན་ནོ། །
ནོར་རྒྱུན་མ་དམར་མོའི་ཆོས་སྐོར་ནི། གཉན་ལོ་ཙཱ་བ་དར་མ་གྲགས་གཉན་ལྷ་ཁང་གི་ཁྲོ་བོ་སྨེ་བརྩེགས་ཞབས་འོག་ཏུ་གཏེར་ནས་བཏོན་ཏེ་དར། ལྷ་མོ་ཏི་ནུ་ལ་ཡང་ཆོས་སྐོར་བཞུགས་ཏེ་འདི་གསུམ་ལ་དམར་ཆུང་སྐོར་གསུམ་དུ་གྲགས་པ་དང་། དབང་གི་ལྷ་ཁྱད་པར་བ་ཡིན་ལ་འཕྲིན་ལས་ཀྱི་ཚོགས་རྒྱས་པར་བཞུགས་ཞིང་། མན་ངག་གི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མས་གཉན་ལོ་ཙཱ་པ་དར་མ་གྲགས་ལ་གསུངས་པ་ནས་དར་ཏེ་འདི་དག་རིག་བྱེད་མའི་ཆོས་སྐོར་ལས་འབྱུང་བ་ཡིན་ནོ། །ལྷ་མོ་ནོར་རྒྱུན་མ་དམར་མོའི་སྒོམ་ལུང་ནི་སྙིང་གི་གསེར་ཐིག་ཅན་གྱི་བརྒྱུད་པ་ལྟར་ཕེབས་པའོ། །
ནོར་སྦྱིན་མ་ལྷ་ལྔ།
ལྷ་མོ་ནོར་རྒྱུན་མ་དང་འཁོར་དཔལ་གྱི་ནོར། ནོར་བརྟན་མ། དཔལ་གྱི་ནོར་ཞལ་མ། ནོར་བུའི་བློ་གྲོས་བརྟན་མ་སྟེ་ཐམས་ཅད་ཀྱང་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་དང་། གཡོན་རིན་པོ་ཆེའི་ཕྲེང་བ་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་གྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །སྔོན་གྱི་སྦྱིན་པའི་དཔལ་ལས་ལེགས་འཁྲུངས་ཤིང་། །མི་ཟད་ནམ་མཁའི་མཛོད་ལ་མངའ་བརྙེས་པ། །འགྲོ་བའི་དབུལ་ཕོངས་མ་ལུས་སེལ་མཛད་མ། །དཔལ་མོ་ནོར་རྒྱུན་མ་ཕྱག་འཚལ་ལོ། །ཨོཾ་བ་སུ་དྷ་རི་ཎི་སྭཱ་ཧཱ། ཨོཾ་ཤྲཱི་བ་སུ་སྭཱ་ཧཱ། ཨོཾ་བ་སུ་ཤྲཱི་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་བ་སུ་མུ་ཁི་སྭཱ་ཧཱ། ཨོཾ་བ་སུ་ཤྲཱི་ཡེ་སྭཱ་ཧཱ། བརྒྱུད་པ་སྒྲུབ་ཐབས་རྒྱ་མཚོ་ལྟར་ལ་གཞན་གོང་ལྟར་རོ། །གུར་ནས་གསུངས་པའི་ནོར་སྦྱིན་མ།
ནོར་རྒྱུན་སེར་མོ་ཕྱག་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་འབྲས་ཀྱི་སྙེ་མ་དང་བུམ་པ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །ཕུན་ཚོགས་དགེ་ལེགས་ཀུན་འབྱུང་བཅོམ་ལྡན་མ། །དཔལ་དང་འབྱོར་བའི་དབང་ཕྱུག་ནོར་རྒྱུན་མ། །ཡིད་ལ་རེ་བའི་བཀྲ་ཤིས་སྩོལ་མཛད་མ། །བསམ་འཕེལ་དཀྱིལ་འཁོར་དབང་ཕྱུག་མ་ལ་བསྟོད། །ཨོ་ཤྲཱི་བ་སུ་ནི་དྷ་ན་ཀྵེ་ཏྲ་སྭ་ཧཱ།འདི་གུར་གྱི་རྒྱུད་ལས་བསྟན་ཅིང་། བརྒྱུད་པ་གོང་ལྟར། བྱ་རྒྱུད་ལ་རིགས་གསུམ་དང་ལྔས་རྩེན་དང་ནོར་ལྷའི་རིགས་མང་བོ་ཡོད་ལ། དེའི་ལྔས་རྩེན་ལ་འཇིག་རྟེན་པའི་སྒྲུབ་ཁ་མང་བོ་དང་། ནོར་ལྷའི་ནང་ནས་ལྷ་མོ་ནོར་རྒྱུན་མ་འདི་ལ་སྒྲུབ་ཐབས་གཉིས་ཡོད། གཙོ་བོ་ནོར་སྒྲུབ་བ་ལ་བསྔགས། སྤྱིར་ལྷ་གང་ཡིན་ཡང་སྐུ་མདོག་དཀར་བོ་རྣམས་ནི་ཆོས་སྒྲུབ་བ་ལ་ནད་གདོན་བར་ཆད་ཞི་བའི་ལས་གཙོ་བོར་སྟོན་པ་དང་། དེ་བཞིན་སེར་བོས་ཚེ་དཔལ་ལོངས་སྤྱོད་སོགས་རྒྱས་པ་དང་། དམར་བོས་ཕུན་ཚོགས་དགེ་མཚན་དབང་དུ་འདུ་བ་དང་། ནག་པོ་དང་སྔོན་པོས་སྡང་དགྲ་གདོན་བགེགས་སོགས་ཚར་གཅོད་པ་བཅས་གཙོ་བོར་སྟོན་པས་དེ་ལྟར་སྒྲུབ་དགོས་པ་གསལ་ཞིང་། ལས་ཐམས་ཅད་ཞི་རྒྱས་དབང་དྲག་བཞིའི་ནང་དུ་འདུ། དེ་བཞིན་ཕྱག་རྒྱ་དང་ཕྱག་མཚན་རྣམས་ཀྱང་དེ་མཐུན་གྱི་མཚོན་བྱེད་ཡིན་པས་སྤྱི་ཁྱབ་ཙམ་ལ་དེ་ལྟར་ངོས་འཛིན་བྱས་ཆོག ནོར་རྒྱུན་མ་ཡང་སེར་བོས་རྒྱས་པའི་ལས་དང་། སྐབས་འདིར་དེ་ལས་ཀྱང་ནོར་རྒྱས་པ་ཡིན། མཆོག་སྦྱིན་གྱི་ཕྱག་རྒྱ་ཡང་སྐབས་འདིར་ནོར་གྱི་དངོས་གྲུབ་དང་། དེ་ལས་ཀྱང་ནོར་གྱི་དངོས་གྲུབ་ཀྱི་མཆོག་སྟེ་བསླབ་གསུམ་ཉམས་ལེན་དང་མཐུན་པ་ཞིག་དགོས་ལ། འབྲས་ཀྱི་སྙེ་མ་དང་རིན་པོ་ཆེའི་ཕྲེང་བས་འབྱོར་བ་མཚོན། དེ་ཡང་ལྷ་མོ་རང་གིས་ཇི་ལྟར་ཉམས་སུ་བླངས་ནས་མི་ཟད་པའི་མཛོད་ལ་མངའ་བརྙེས་པ་དེ་ལྟར་དུ་སྒྲུབ་ན་འགྲུབ་སླ་བའི་ཁྱད་ཆོས་དང་ལྡན་པའོ། །
འབྲེལ་ཡོད་འོས་སྦྱོར།