logo

ཁྲི་ཀ་རྫོང་གི་མི་ཉག་མགོན་ཁང་མཚམས་སྦྱོར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-05-21 ཀློག་གྲངས།:
     དེ་ཡང་མི་ཉག་མགོན་ཁང་ཞེས་པ་འདི་ནི་ཁྲི་ཀ་རྫོང་གི་རྨ་སྲིབ་གྲོང་རྡལ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ1ཙམ་གྱི་མཚམས་ན་ཡོད་དེ། ཆོས་རྒྱལ་ལྷ་ཁང་ངམ་མི་ཉག་དགུ་ཐོག་གི་ནུབ་ལོགས་སུ་ཡོད། འདི་ནི་ཡོན་རྒྱལ་རབས་ཀྱི་དུས་མཇུག(སྤྱི་ལོ1271ལོ་ནས1368ལོའི་བར)ཏུ་ཡུལ་འདི་གའི་མི་ཉག་ཚོ་བས་བཞེངས་པར་གྲགས་ཤིང་། ལོ་རྒྱུས་སྟེང་མི་ཉག་དགོན་པས་བདག་སྐྱོང་བྱེད་པ་ཞིག་ཡིན་པས་མིང་ཡང་དེ་སྐད་དུ་ཐོསག། མགོན་ཁང་འདིའི་དཀར་ཆག་ཏུ་བཀོད་པ་ལྟར་ན། ད་ལྟའི་མི་ཉག་གྲྭ་ཚང་གནས་འདིར་མ་སྤོས་གོང་།  ཁྲི་ཀའི་གནའ་མཁར་གྱི་བྱང་ཕྱོགས་མི་ཉག་དགུ་ཐོག་གི་ནུབ་འགྲམ་དུ་ཆགས་ཡོད་ལ། ཕྱིས་སུ་རྐྱེན་དབང་གིས་མི་ཉག་མཆོད་རྟེན་གྱི་ཉེ་འགྲམ་དུ་སྤོར་རྩིས་བྱས་མོད། འོན་ཀྱང་མགོན་ཁང་གི་ལྷ་ཤིན་ཏུ་གཉན་ཆ་ཆེ་བས་སྤོར་མ་ནུས་པར་སྔར་གནས་སུ་འཇོག་དགོས་བྱུང་། མགོན་ཁང་འདི་ལ་ར་སྐོར་ཕྱི་ནང་གསུམ་ཡོད། འདིའི་ནང་དུ་བཞེངས་ཡོད་པའི་གསང་འདུས་དང་། འཇིགས་བྱེད། མགོན་པོ་ཕྱག་དྲུག་པ། དམཱ་ཅན་ཆོས་རྒྱལ་སོགས་ཆོས་སྐྱོང་ཡོངས་རྫོགས་ཀྱི་སྐུའི་སྣང་བརྙན་ནི་ལྷ་དངོས་ཀྱི་ཉམས་སྣང་སྟེར་བ་ཞིག་ཡིན་པར་གྲགས་ཤིང་། སྤྱི་ལོ1723ལོར་ཉན་གིན་ཡོ་ཡི་དམག་ཡོང་དུས། ཆོས་རྒྱལ་གྱིས་མགོན་ཁང་གི་སྒོ་ཡི་ཕྱོགས་སུ་གཟིགས་པས་ན་དམག་གི་གནོད་སྐྱོན་མ་བྱུང་བར་བཤད། དུས་དེར་ཡུལ་དཔོན་ཞིག་གིས་མགོན་ཁང་འདིའི་ཉེ་འཁོར་ནས་མཁར་གཞི་བཟུང་བར། འདིའི་ཆོས་སྐྱོང་དག་གིས་མ་ཧེ་དང་ར་ཡི་རྣམ་པར་བརྟེན་ནས་དེ་ལ་ཆོ་འཕྲུལ་དངོས་སུ་བསྟན་བྱུང་བས་ཁོ་དེ་རུ་སྡོད་མ་ནུས་ཟེར་ལ། ཆོས་རྒྱལ་དང་དམ་ཅན་སེང་ཞོན་གྱི་ཆོ་འཕྲུལ་ནི་དེ་ལྟར་དངོས་སུ་མཐོང་རྒྱུ་ཡོད་པ་སོགས་ངོ་མཚར་བའི་ངག་རྒྱུན་ཧ་ཅང་མང་བར་གྲགས། གཞན་ཡང་མི་ཉག་བློ་གྲོས་དར་རྒྱས་ཚང་ཉིན་ཞིག་སྦྱིན་བདག་གི་སར་ཕེབས་བཞིན་པའི་སྐབས་སུ་ཆིབས་རྟ་གློ་བུར་དུ་འདྲོགས་ཏེ་ས་ལ་བརྡབ་འཕྲལ། ཕྱིར་སྒར་ཁ་ལ་ཕེབས་ཏེ་ཏིང་ངེ་འཛིན་ལ་བརྟེན་ནས་ཐེའུ་རང་རྐང་གཅིག་དངོས་སུ་བཟུང་བ་སྔར་མི་ཉག་མགོན་ཁང་གི་སྤྱན་གཟིགས་ནང་དུ་ཡོད་ཅེས་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་གསུངས་མྱོང་བར་གྲགས་སོ།།


འབྲེལ་ཡོད་འོས་སྦྱོར།