logo

རྒྱལ་རོང་ཕྱོགས་ཀྱི་དཔལ་ལྡན་སྨན་རིའི་མཁན་སློབ་རིམ་བྱོན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-05-16 ཀློག་གྲངས།:
     བླ་ཆེན་དྲན་པའི་ཞལ་བྱང་ལས། སྟོང་རྒྱུང་སྤྲུལ་པ་ཤེས་རབ་རྒྱན་མཚན་གྱིས། །དབུས་རུའི་དཀྱིལ་དུ་བསླབ་གསུམ་བསྟན་པ་འཛུགས། །ཅེས་པའི་ལུང་གིས་བསྔགས་པའི་སྐྱེས་མཆོག་དམ་པ་ཀུན་མཁྱེན་རྒྱལ་བ་གཉིས་པ་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་ཉིད་ཀྱིས་སྤྱི་ལོ(1405)ལོར་གཡས་རུ་གཙང་གི་ས་ཆ། ཐོབ་རྒྱལ་ཤར་རི་ཕོ་བ་རིའི་མགུལ་དུ་དགོན་སྡེ་གསར་དུ་ཕྱག་བཏབས་མཛད་དེ་མཚན་ལ་བཀྲ་ཤིས་སྨན་རི་དགོན་ཞེས་གསོལ། དགོན་དེ་ཉིད་ཀྱི་གདན་སའི་མཁན་སློབ་རིམ་བྱོན་གྱི་རྣམ་ཐར་མདོ་ཙམ་བཀོད་པ་ལ། ཀུན་མཁྱེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ནི་མཁན་པོ་དང་པོ། མཁན་རབས་གཉིས་པ་གསང་འདུས་ཐུགས་སྤྲུལ་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་ནི། བོད་རབ་བྱུང་དྲུག་པའི་ལྕགས་བྱི་ལོ་སྟེ་སྤྱི་ལོ1360ལོར་རྒྱལ་རོང་སྒོ་འཛུང་ས་ཆར། ཡབ་བཀྲ་ཤིས་དང་ཡུམ་བསྐལ་བཟང་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་གྲངས་ང་བདུན་མེ་སྤྲེལ་ལོར་རྗེ་མཉམ་མེད་ཆེན་པོའི་གསེར་ཁྲིར་བཀོད། གྱ་དྲུག་ཤིང་གླང་ལོར་དགོངས་པ་བོན་དབྱིངས་སུ་གཤེགས། མཁན་རབས་གསུམ་པ། སྙ་ཆེན་ལི་ཤུའི་སྤྲུལ་པ་ནམ་མཁའ་ཡེ་ཤེས་ནི་རབ་བྱུང་བདུན་པའི་ས་གླང་སྤྱི་ལོ1409ལོར་རྟའུ་རྦ་ཞབས་སུ། ཡབ་ཚེ་དབང་དང་ཡུམ་ཡེ་ཤེས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སོ་བརྒྱད་མེ་སྟག་ལོར་ཁྲིར་བཀོད། རེ་དྲུག་ཤིང་རྟ་ལོར་དགོངས་པ་བོན་དབྱིངས་སུ་གཤེགས། མཁན་རབས་བཞི་པ། ཚེ་དབང་ཐུགས་སྤྲུལ་ཀུན་བཟང་རྒྱལ་མཚན་ནི་རབ་བྱུང་བརྒྱད་པའི་ལྕགས་ལུག་སྤྱི་ལོ1424ལོར་རྒྱལ་རོང་རྫུ་ཡུལ་དུ་སྐུ་འཁྲུངས། ང་གཉིས་ཤིང་ལུག་ལོར་ཁྲིར་བཀོད། རེ་གཅིག་ཤིང་འབྲུག་ལོར་གཤེགས། མཁན་རབས་ལྔ་པ། སྟོང་རྒྱུང་སྤྲུལ་པ་རིན་ཆེན་རྒྱལ་མཚན་ནི་སྤྱི་ལོ1451ལོར་རྒྱལ་རོང་ནངས་སོར་སྐུ་འཁྲུངས། སོ་ལྔ་ཤིང་སྦྲུལ་ལོར་ཁྲིར་བཀོད། དྲུག་ཅུ་བཞེས་པའི་ལྕགས་རྟ་ལོར་ཕུང་པོ་ལྷག་མེད་འཇའ་ལུས་འོད་སྐུར་གཤེགས། མཁན་རབས་དྲུག་པ། ཚེ་དབང་ཐུགས་སྤྲུལ་ཚུལ་ཁྲིམས་རྒྱལ་མཚན་ཚ་བ་རོང་དུ་སྐུ་འཁྲུངས། མཁན་རབས་བདུན་པ། སྟག་ལྷའི་ཐུགས་སྤྲུལ་བསོད་ནམས་གཡུང་དྲུང་ཁྲོམ་སྡེ་དགེར་སྐུ་འཁྲུངས། མཁན་རབས་དགུ་པ། འབྲུག་གསས་སྤྲུལ་པ་ཤེས་ཙུ་དྲུང་མུ་རྒྱལ་རོང་རྫུ་ཡུལ་དུ་སྐུ་འཁྲུངས། མཁན་རབས་བཅུ་པ། དྲན་པའི་སྤྲུལ་པ་ཤེས་རབ་འོད་ཟེར་རྒྱལ་རོང་སྤྲོ་ནང་ཡུལ་དུ་སྐུ་འཁྲུངས། མཁན་རབས་བཅུ་གཅིག་པ། སྟོང་རྒྱུང་སྤྲུལ་པ་གཡུང་དྲུང་རྒྱལ་མཚན་རྒྱལ་རོང་བྲག་སྟེང་དུ་སྐུ་འཁྲུངས། མཁན་རབས་བཅུ་གཉིས་པ། ཁྲི་སྡེ་འོད་པོའི་སྤྲུལ་པ་ཤེས་རབ་བློ་གྲོས་རྒྱལ་རོང་ཁྲོ་སྐྱབས་དུ་སྐུ་བལྟམས། མེ་མོ་སྦྲུལ་ལོར་གོང་མའི་གསེར་ཁྲིར་ཕེབས། མཁན་རབས་བཅུ་གསུམ་པ། ཛོ་མེན་གྱེར་རྒྱུང་རྣམ་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་རོང་འབྲུག་སྨན་དུ་སྐུ་བལྟམས། མེ་སྟག་ལོར་གསེར་ཁྲིར་བཀོད། མཁན་རབས་བཅུ་བཞི་པ། གཙུག་སྲས་རྨ་བོའི་སྤྲུལ་པ་གཙུག་ཕུད་འོད་ཟེར་རྒྱལ་རོང་སོག་པོ་སྒོ་ཚེར་སྐུ་འཁྲུངས། ཉེར་བརྒྱད་མེ་གླང་ལོར་ཁྲིར་བཀོད། ཞེ་དགུ་ལོར་དགོངས་པ་བོན་དབྱིངས་སུ་གཤེགས། མཁན་རབས་བཅོ་ལྔ་པ། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་སྐུ་སྤྲུལ་མཁན་གཡུང་དྲུང་ཚུལ་ཁྲིམས་མདོ་སྨད་མངའ(རྔ)ཡུལ་དུ་རབ་བྱུང་བཅུ་གཅིག་པའི་ཤིང་འབྲུག་སྤྱི་ལོ1664ལོར་སྐུ་བལྟམས། སོ་ལྔ་ས་སྟག་ལོར་གསེར་ཁྲིར་བཀོད། དྲུག་ཅུ་བཞེས་པ་ཆུ་ཡོས་ལོར་བོད་ཟླ་དང་པོའི་ཚེས་བཅོ་ལྔར་བོན་དབྱིངས་སུ་གཤེགས། མཁན་རབས་བཅུ་དྲུག་པ། ཞང་ཞུང་ཏིང་གསས་སྐུ་སྤྲུལ་རིན་ཆེན་འོད་ཟེར་རྒྱལ་རོང་ཡུལ་དུ་རབ་བྱུང་བཅུ་གཅིག་པའི་མེ་ལུག་སྤྱི་ལོ1667ལོར་སྐུ་འཁྲུངས། ང་བརྒྱད་ཤིང་ལུག་ལོར་གསེར་ཁྲིར་འཁོད། རེ་དགུ་ཤིང་ཡོས་ལོར་དགོངས་པ་བོན་དབྱིངས་སུ་གཤེགས། མཁན་རབས་བཅུ་བདུན་པ། འདོད་དགུའི་སྤྲུལ་པ་རིན་ཆེན་ལྷུན་གྲུབ་རྒྱལ་རོང་བཙན་ལྷར་རབ་བྱུང་བཅུ་གཅིག་པའི་མེ་འབྲུག་སྤྱི་ལོ1676ལོར་སྐུ་འཁྲུངས། ང་དགུ་ཤིང་སྟག་ལོར་གདན་སའི་ཁྲིར་ཕེབས། གྱ་ལྔ་ས་ཡོས་ལོར་དགོངས་པ་བོན་དབྱིངས་སུ་གཤེགས། མཁན་རབས་བཅོ་བརྒྱད་པ། སྟང་ཆེན་དམུ་ཚའི་སྤྲུལ་པ་ཤེས་རབ་བསྟན་འཛིན་རྒྱལ་རོང་ཕོ་བྲང་སྟེང་དུ་རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་ལོ1704ལོར་སྐུ་བལྟམས། ང་བདུན་ལྕགས་འབྲུག་ལོར་གསེར་ཁྲིར་བཀོད། དོན་གཉིས་ཤིང་ལུག་ལོར་དགོངས་པ་བོན་དབྱིངས་སུ་གཤེགས། མཁན་རབས་བཅུ་དགུ་པ། ཚེ་དབང་དངོས་བྱོན་ཤེས་རབ་དབང་རྒྱལ་རྒྱལ་རོང་ལྕགས་ཟམ་སྟོད་འགབ་ཏུ་རབ་བྱུང་བཅུ་གཉིས་པའི་མེ་སྟག་ལོ་སྤྱི་ལོ1746ལོར་སྐུ་འཁྲུངས། སོ་གཅིག་མེ་སྤྲེལ་ལོར་ཁྲིར་ཕེབས། ཞེ་གསུམ་ས་སྤྲེལ་ལོར་དགོངས་པ་དབྱིངས་སུ་གཤེགས། མཁན་རབས་ཉི་ཤུ་པ། དྲང་སྲོང་རྒྱལ་བའི་རྣམ་སྤྲུལ་གཡུང་དྲུང་དབང་རྒྱལ་རྒྱལ་རོང་ཕོ་བྲང་སྟེང་དུ་རབ་བྱུང་བཅུ་གསུམ་པའི་ཆུ་བྱ་སྤྱི་ལོ1753ལོར་སྐུ་འཁྲུངས། སོ་བདུན་ས་བྱ་ལོར་གསེར་ཁྲིར་བཀོད། ང་གཉིས་ཤིང་བྱི་ལོར་གཤེགས། མཁན་རབས་ཉེར་གཅིག་པ། འ་ཞའི་སྤྲུལ་པ་ཕུན་ཚོགས་རྣམ་རྒྱལ་རྒྱལ་རོང་། སྤྲོ་ནང་དུ་རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ལོ1762ལོར་སྐུ་བལྟམས། ཞེ་བཞི་ཤིང་ལུག་ལོར་གོང་མའི་ཁྲིར་འཁོད། ཞེ་བརྒྱད་ས་སྦྲུལ་ལོར་དགོངས་པ་བོན་དབྱིངས་སུ་གཤེགས། མཁན་རབས་ཉེར་གཉིས་པ། སྟོང་རྒྱུང་སྤྲུལ་པ་བསོད་ནམས་བློ་གྲོས་སམ་སྨྲ་དབང་ཤེས་རབ་དགོངས་རྒྱལ་རྒྱལ་རོང་རྫུ་ཡུལ་རྒྱ་གར་ཚང་། ཡབ་ཤཱཀྱ་བཀྲ་ཤིས་དང་ཡུམ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་སྤྱི་ལོ1784ལོར་སྐུ་བལྟམས། ཉེར་བདུན་ལྕགས་རྟ་ལོར་དགོངས་པ་བོན་དབྱིངས་སུ་གཤེགས། མཁན་རབས་ཉེར་གསུམ་པ། ཚེ་དབང་དངོས་བྱོན་ཀུན་མཁྱེན་ཉི་མ་བསྟན་འཛིན་སྡེ་དགེ་ཀམ་ཚང་གདུང་ལས་རབ་བྱུང་བཅུ་བཞི་པའི་ཆུ་བྱ་སྤྱི་ལོ1813ལོར་སྐུ་འཁྲུངས། ཉེར་བཞི་མེ་སྤྲེལ་ལོར་གོང་མའི་གསེར་ཁྲིར་བཀོད། ཆུ་ཁྱི་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ལ་དགོངས་པ་བོན་དབྱིངས་སུ་གཤེགས། མཁན་རབས་ཉེར་བཞི་པ། རྒྱལ་སྲས་འཕགས་སྤྲུལ་བསོད་ནམས་ཕུན་ཚོགས་མདོ་སྨད་ཤར་བའི་ཡུལ་དུ་སྐུ་འཁྲུངས། མཁན་རབས་ཉེར་ལྔ་པ། མཉམ་མེད་ཡང་སྲིད་འགྲོ་མགོན་ཤེས་རབ་གཡུང་དྲུང་རྒྱལ་རོང་རོང་མི་བྲག་འགོར་རབ་བྱུང་བཅུ་ཞིབ་པའི་ས་ཁྱི་ལོ1838ལོར་སྐུ་བལྟམས། ལྕགས་སྤྲེལ་ལོར་གསེར་ཁྲིར་བཀོད། མཁན་རབས་ཉེར་དྲུག་པ། རྗེ་བཙུན་བྱམས་མའི་སྤྲུལ་པ་སངས་རྒྱས་བསྟན་འཛིན་མདོ་ཁམས་རྔ་སྨད་དུ་སྐུ་འཁྲུངས། མཁན་རབས་ཉེར་བདུན་པ། རིག་འཛིན་མཆོག་སྤྲུལ་བསྟན་འཛིན་ཚུལ་ཁྲིམས་རྒྱལ་རོང་ཅོག་ཙེར(མཆོག་རྩེ)སྐུ་འཁྲུངས། མཁན་རབས་ཉེར་བརྒྱད་པ་མཉམ་མེད་མངོན་བྱོན་ཕུན་ཚོགས་བློ་གྲོས་ཚ་བ་རོང་གི་ཡུལ་དུ་རབ་བྱུང་བཅོ་ལྔའི་མེ་བྱི་སྤྱི་ལོ1876ལོར་སྐུ་བལྟམས། མཁན་རབས་ཉེར་དགུ་པ། ཚེ་དབང་རྣམ་སྤྲུལ་རྒྱལ་བ་བློ་གྲོས་རྒྱལ་རོང་རོང་མི་བྲག་འགོར་སྐུ་འཁྲུངས། མཁན་རབས་སུམ་ཅུ་པ། སྨྲ་སེང་སྤྲུལ་པ་བསྟན་པ་བློ་གྲོས་རྒྱལ་རོང་ཁྲོ་སྐྱབས་ཡུལ་དུ་སྐུ་བལྟམས། མཁན་རབས་སོ་གཅིག་པ། སྟག་ལྷའི་ཐུགས་སྤྲུལ་ཉི་མ་དབང་རྒྱལ་རྒྱལ་རོང་དགུ་རྫོང་དུ་ལྕགས་ཁྱི་སྤྱི་ལོ1910ལོར་སྐུ་འཁྲུངས། དགུང་གྲངས་ཞེ་གཅིག་བཞེས་པ་ལྕགས་སྟག་སྤྱི་ལོ1950ལོར་སྨན་སྒྲུབ་འོད་ཟེར་འཁྱིལ་པའི་སྒྲུབ་ཆེན་བཙུགས། ཞེ་ལྔ་ཤིང་ལུག་སྤྱི་ལོ1954ལོར་དགོངས་པ་བོན་དབྱིངས་སུ་བསྡུས།


འབྲེལ་ཡོད་འོས་སྦྱོར།