logo

ནང་བསྟན་གྱི་མི་ཆོས་རིག་པ་བྱུང་བའི་དཔལ་འབྱོར་རིག་པའི་གཞུང་ལུགས།

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-04-12 ཀློག་གྲངས།:
     ནང་བའི་བསྟན་བཅོས་ལས་འཇིག་རྟེན་མི་ཆོས་དང་དམ་པ་ལྷ་ཆོས་གཉིས་ཡོད་དེ། དམ་པ་ལྷ་ཆོས་ནི་ཚང་མས་ཤེས་གསལ་ལྟར་དང་འཇིག་རྟེན་མི་ཆོས་ནི་འཇིག་རྟེན་སྐྱེས་བུའི་འགྲོ་འདུག་སྤྱོད་གསུམ་གྱི་སྐོར་ཡིན། དེ་ལ་མི་ཆོས་དཀར་ནག་ཁྲ་གསུམ་ཡོད་དེ། བཀའ་གདམས་པའི་གསུང་ལས། འཇིག་རྟེན་མི་ཆོས་དང་མཐུན་ན་ཆོས་མིན་ཞེས་པ་ནི་འཇིག་རྟེན་མི་ཆོས་ནག་པོ་ལ་བཤད་པ་ཡིན་ལ་ཆོས་དང་འཇིག་རྟེན་མི་ཆོས་མི་འགལ་བར་བཤད་པ་ནི་འཇིག་རྟེན་མི་ཆོས་དཀར་བོ་ལ་དགོངས་པ་ཡིན། ད་ལྟ་མང་བོ་ཞིག་གིས་འཇིག་རྟེན་མི་ཆོས་ཡིན་ན་དམ་པའི་ལྷ་ཆོས་དང་འགལ་བར་འཛིན་པ་ནི་ཆོས་འདུལ་བ་འཇིག་རྟེན་མི་ཆོས་དང་བསྟུན་ནས་མཛད་པ་མ་ཤེས་པའོ། །རྫ་དཔལ་སྤྲུལ་གྱི་ཞལ་ནས། དྲང་བོ་མི་ཡི་ཆོས་ལུགས་ཞེས་བྱ་སྟེ། །ཤིན་ཏུ་དྲང་ན་ལྷ་ཡི་ཆོས་ལུགས་ཡིན། །འཁྱོག་པོ་སྙིགས་མའི་སྤྱོད་པའི་ཆོས་ལུགས་ཏེ། །ཤིན་ཏུ་འཁྱོག་པོ་དམྱལ་བའི་ཆོས་ལུགས་ཡིན།།ཞེས་གསུངས་པའི་མི་ཆོས་དེ་མི་ཆོས་དཀར་བོ་ཡིན་ཏེ་རྗེ་དེ་ཉིད་ཀྱིས། མི་ཡི་ཆོས་ལུགས་མཆོག་ཡིན་ཏེ། །མི་ཆོས་ཐམས་ཅད་འདི་རུ་འདུས། །ཞེས་མི་ཆོས་རིག་པའི་གལ་ཆེ་བའི་ཚུལ་དག་གསལ་ཞིང་དག་པའི་སྒོ་ནས་གསུངསཔ་ལྟར་རོ། །
     དེ་ལྟར་ནང་བསྟན་གྱི་འཇིག་རྟེན་མི་ཆོས་ནི་ཆོས་ལུགས་གཞན་དང་ཕྱི་གླིང་བའི་མི་ཆོས་དང་མི་མཐུན་པར་ཡ་རབས་སྤྱོད་བཟང་གི་དམ་པའི་ལྷ་ཆོས་དང་མི་འགལ་བ་ཞིག་ཡིན།འོ་ན་ཅིའི་ཕྱིར་ནང་བར་མི་ཆོས་རིག་པ་ཞིག་དགོས་ཞེ་ན་དེ་ནི་ས་སྐྱ་པ࿄་ཆེན་གྱི་ཞལ་ནས། འཇིག་རྟེན་བྱ་བ་ལེགས་ཤེས་པ། །དེ་ཡིས་དམ་པའི་ཆོས་ལུགས་འགྲུབ། །དེས་ན་ཆོས་ལུགས་སྤྱོད་པ་དེ། །བྱང་ཆུབ་སེམས་དཔའི་རྣམ་ཐར་ཡིན། །ཞེས་འཇིག་རྟེན་གྱི་བྱ་བའི་ལེགས་ཉེས་བླང་དོར་ལེགས་པར་ཤེས་ན་དེ་ཡིས་དམ་པའི་ཆོས་ལུགས་དང་ཐག་ཉེ་བའི་གནས་ལུགས་དེ་གསལ་བོར་བསྟན་པ་དང་། དེ་ལྟར་འཇིག་རྟེན་མི་ཆོས་ལམ་ནས་དམ་པའི་ལྷ་ཆོས་སྒྲུབ་པ་དེ་བྱང་ཆུབ་སེམས་དཔའི་སྤྱོད་པར་བསྟན་ཡོད། དེ་ཡང་མཐར་གཏུགས་ན་ཆོས་ཀྱི་རྗེ་ས་སྐྱ་པ࿄་ཆེན་གྱིས། རིགས་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་། །འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ། །དམ་པ་རྣམས་ཀྱི་སྤྱོད་ཚུལ་ཇི་འདྲ་ཞིག ། བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར། །ཞེས་རིགས་པས་དཔྱད་ན་འཇིག་རྟེན་གྱི་བླང་དོར་དང་དགེ་སྐྱོན་མཐའ་དག་ལེགས་པར་བསྒྲུབ་ཐུབ་པར་གསལ་བོར་གསུངས་ཤིང་། ཁྱད་པར་དུ། འཚོ་བྱེད་ཟས་སུ་སྒྲོ་བཏགས་ནས། །སྨན་གྱིས་ནད་ཆེན་གསོ་བ་ལྟར། །འཇིག་རྟེན་ལུགས་ཀྱི་རྗེས་འབྲངས་ནས། །བདག་གིས་དམ་པའི་ཆོས་འདི་བསྟན། །ཞེས་འཇིག་རྟེན་པའི་འགྲོ་ལུགས་དང་བསྟུན་ནས་དམ་པའི་ཆོས་སྒྲུབ་པ་ནི་ནང་བསྟན་གྱི་མི་ཆོས་རིག་པའི་དགོངས་དོན་ཡིན་པར་བསྟན་པ་དང་། 《ལེགས་བཤད་ཟླ་བའི་སྣང་བ》ལས་ཀྱང་། འཇིག་རྟེན་མི་ཆོས་ལེགས་ཤེས་པ། །དེ་ལ་དམ་པའི་ཆོས་མི་དཀའ། །ཞེས་འཇིག་རྟེན་གྱི་མི་ཆོས་དམ་པའི་ལྷ་ཆོས་དང་མི་འགལ་བ་མ་ཟད་འབྲེལ་བ་ཡོད་ཅིང་འཇིག་རྟེན་མི་ཆོས་ནི་དམ་པའི་ལྷ་ཆོས་ཀྱི་རྨང་གཞིར་འགྲོ་བའི་གནས་ལུགས་དེ་གསལ་བོར་བསྟན་ཡོད། ལྷག་པར《ཤེས་རབ་བརྒྱ་བ》ལས་ཀྱང་། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རུང་། །ལྷ་དང་མི་ཡི་ཐེམ་སྐས་ལས། །འཛེགས་ན་ཐར་བ་གམ་ན་འདུག །ཅེས་དམ་པའི་ལྷ་ཆོས་སྒྲུབ་པའི་སྔ་རོལ་ཏུ་འཇིག་རྟེན་མི་ཆོས་ཀྱི་ཐེམ་སྐས་ཀྱི་འཛེགས་རིགས་པ་གསལ་བོར་བསྟན་ཡོད། དེ་ལྟར་སྟོན་པའི་རྒྱུ་མཚན་ཡང《རིན་ཆེན་ཕྲེང་བ》ལས། བརྡ་སྤྲོད་པ་དག་ཇི་ལྟ་བུར། །ཡི་གེ་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཅི་ཙམ་བཟོད་པའི་ཆོས་བསྟན་ཏོ། །ཞེས་པ་ལྟར་ཡིན་ནོ། །
     དེ་བཞིན་ནང་བསྟན་དཔལ་འབྱོར་རིག་པ་ཡང་ནང་བསྟན་གྱི་མི་ཆོས་རིག་པའི་ཡ་ཀྱལ་ཞིག་ཡིན་པས་ན་མི་ཆོས་ཀྱི་བསྟན་བཅོས་ཆེན་པོ་འདི་དག་གི་ནང་དུའང་ནང་བསྟན་དཔལ་འབྱོར་རིག་པའི་གཞུང་མང་བོ་བསྟན་ཡོད་པས་བདག་གིས་ནང་བསྟན་གྱི་མི་ཆོས་ལས་བྱུང་བའི་དཔལ་འབྱོར་རིག་པའི་སྐོར་དཀྱུས་གཅིག་ཏུ་བསྒྲིག་པར་བྱའོ། ། འདི་ལྟར་གཅིག་ཏུ་བསྒྲིགས་པ་ནི་གཞུང་ལུགས་འགྲུབ་པའི་སྦྱོར་བ་ཞིག་སྟེ། སྦྱོར་བ་འདི་ལས་བདག་གིས་བོད་ཀྱི་མི་ཆོས་རིག་པ་ལས་བྱུང་བའི་ནང་བསྟན་དཔལ་འབྱོར་རིག་པ་ལ་འཇུག་པར་བྱའོ། །

དང་བོ། ནང་བསྟན་དཔལ་འབྱོར་རིག་པ་དགོས་དོན།

     མི་ཆོས་ཀྱི་བསྟན་བཅོས་ཆེན་པོ་འདི་དག་ལས་དཔལ་འབྱོར་རིག་པའི་སྐོར་མང་དུ་བསྟན་སྟེ། དེ་ལྟར་སྟོན་པའི་རྒྱུ་མཚན་ཡང་འཇིག་རྟེན་དགེ་ཕྱོགས་སུ་ཁྲིད་པ་ནི་བསྟན་བཅོས་རྩོམ་པའི་དགོས་པ་ཡིན་པ་བཞིན་དཔལ་འབྱོར་ཕྱོགས་ནས་རྨོངས་པར་ཚུད་པའི་མི་དག་ལ་དགེ་བའི་ཕྱོགས་སུ་མ་ཁྲིད་ན་མི་རྣམས་ཀྱིས་མུན་འཐོམས་ཀྱི་དཔལ་འབྱོར་རིག་པ་ལ་བརྟེན་ནས་མི་ཚེ་ལོག་ལམ་དུ་འགྲོ་ཞིང་དཔལ་འབྱོར་ཀྱང་ལོག་ལམ་དུ་འགྲོ་བའི་རྐྱེན་བྱེད་པས་དེའི་འབྲས་བུ་དངོས་གནས་འཇིགས་སུ་རུང་བ་ཡིན། དེ་བས་ང་ཚོའི་མི་ཆོས་རིག་པ་ལས་དཔལ་འབྱོར་རིག་པ་བཤད་པའི་དགོས་པ་གྲུབ་པ་ཡིན།
     དཔལ་འབྱོར་གྱི་ལྟ་བ། མི་ནི་དཔལ་འབྱོར་གྱིས་འཚོ་དགོས་པས་དཔལ་འབྱོར་ལ་ངོས་འཛིན་ཡང་དག་ཅིག་འབྱུང་བ་ནི་མི་ལ་མཚོན་ན་ཆེས་གལ་ཆེ་བ་ཡིན་ཏེ། གལ་ཏེ་དཔལ་འབྱོར་ལ་ལྟ་བ་ཡང་དག་པ་ཞིག་མེད་ན་མི་དཔལ་འབྱོར་གྱི་བྲན་གཡོག་ཏུ་འགྱུར་ངེས་ལ། དཔལ་འབྱོར་ནི་དུག་སྦྲུལ་གྱི་ཚང་ལྟ་བུར་འགྱུར་ངེས། 《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས》ལས། ལོངས་སྤྱོད་དག་ལ་སྨན་ལྟ་བུའི། །འདུ་ཤེས་ཉེ་བར་བཞག་བྱ་སྟེ།།འདོད་པ་ལོག་པར་མི་སྤྱོད་ཅིང་། །མ་ཆགས་གང་རོལ་སྤྱད་བྱ་བདུན། །ཞེས་གསུངས་པ་ལྟར་དཔལ་འབྱོར་ནི་མི་ཚེ་མཐུན་རྐྱེན་ཞིག་དང་ཆོས་སྒྲུབ་པའི་ཆ་རྐྱེན་ཞིག གཞན་དོན་སྒྲུབ་བྱེད་ཀྱི་ཡན་ལག་ཅིག་ཡིན་པས་སྨན་གྱི་འདུ་ཤེས་གཟུང་དགོས། སྨན་གྱི་འདུ་ཤེས་འཛིན་པའི་བསམ་པ་ཡོད་ན་སྤྱོད་དུས་ཚིམ་མེད་དུ་མི་རོལ་ཅིང་། འཚོལ་དུས་ཀྱང་ཧམ་པས་མི་འཁྱེར་བ་ཡིན། སྲེད་པས་འཚོལ་ཞིང་ཧམ་པས་རོལ་ན་དུག་ལྟར་འགྱུར་བའི་ཉེན་ཁ་ཆེ་བས་སྨན་ལྟར་བདེ་བའི་རྐྱེན་དུ་བཟུང་ནས་མ་ཆགས་པར་རོལ་དགོས་པར་བསྟན་པ་འདི་ནི་ཤིན་ཏུ་གལ་ཆེ།
     དཔལ་འབྱོར་སྒྲུབ་ཚུལ་གྱི་ལྟ་བ། མིའི་འཚོ་བ་ནི་དཔལ་འབྱོར་དང་འབྲལ་ཐབས་མེད་པ་ཞིག་ཡིན་པས་མི་ཞིག་ཡིན་ན་དཔལ་འབྱོར་འཚོལ་དགོས་པ་ནི་སྨོས་མ་དགོས་པ་ཞིག་ཡིན། དཔེར་ན་ཁྱིམ་པས་འཚོ་བའི་ཆེད་དུ་དཔལ་འབྱོར་དགོས་ལ་རབ་བྱུང་བར་ཡང་འཚོ་བའི་ཆེད་དུ་དཔལ་འབྱོར་དགོས་པ་རེད། ཡིན་ན་ཡང་། དཔལ་འབྱོར་གྱི་འཚོ་བ་དགོས་ཞེས་པ་ནི་དཔལ་འབྱོར་གྱི་དབང་དུ་འགྲོ་དགོས་ཞེས་པའི་དོན་གཏན་ནས་མིན། དཔལ་འབྱོར་སྒྲུབ་དུས་ཡང་དག་པར་བསྒྲུབ་དགོས་ཏེ་གནས་ལུགས་དེ་མ་ཤེས་པའི་དཔལ་འབྱོར་ནི་ཉེས་པ་ཀུན་གྱི་འབྱུང་གནས་ལས་མ་འདས་ཏེ། 《ལྷ་དང་དཔལ་འདུ་བའི་ནོར་བུ》ལས། བསག་དང་བསྲུང་དང་བརླག་པ་ཡི། །ནོར་ལ་ཉེས་པ་ཤིན་ཏུ་མང་། །ས་གཞི་ནོར་གྱིས་གང་ན་ཡང་། །སྐྱེས་བོས་འདོད་པ་ངོམ་མི་འགྱུར། །ཞེས་གསུངས་པ་ལྟར་ནོར་ནི་མི་རྣམས་ཀྱི་དགེ་བའི་མཐུན་རྐྱེན་ལས་གཞན་དུ་ན་མི་ཡི་སྲེད་པ་ལ་ངོམ་པ་མེད་པས་དཔལ་འབྱོར་ལས་ཉེས་པ་མི་ཟད་པ་འབྱུང་བ་ཡིན།
     དཔལ་འབྱོར་སྤྱོད་ཚུལ་གྱི་ལྟ་བ། མིས་དཔལ་འབྱོར་སྒྲུབ་པ་ནི་སྤྱོད་པའི་ཆེད་དུ་ཡིན་ཞིང་དཔལ་འབྱོར་མ་སྤྱད་ན་དེའི་སྒྲུབ་པའི་དགོས་པ་མེད། དཔལ་འབྱོར་རིག་པ་ལས་དཔལ་འབྱོར་སྒྲུབ་པ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་དཔལ་འབྱོར་སྤྱོད་ཤེས་པ་དེ་ཡིན། གལ་ཏེ་སྤྱོད་མ་ཤེས་ན་དཔལ་འབྱོར་སྒྲུབ་པ་ནི་མི་རང་ཉིད་ངལ་བའི་དབང་དུ་སོང་བ་ཁོ་ནར་ཟད། དེ་བས་སྤྱོད་པའི་དུས་ལེགས་པར་སྤྱོད་ཅིང་དོན་དང་ལྡན་པར་སྤྱོད་པ་དང་། དུས་དང་མཐུན་པར་སྤྱོད་ཅིང་རྐྱེན་དང་འཚམ་པར་སྤྱོད་པ་ལས་ལོག་པར་རང་གཞན་ལ་གནོད་ཅིང་བག་མེད་རྒྱས་སྤྲོས་སོགས་ལུགས་དང་མི་མཐུན་པ་དང་རྐྱེན་དང་མི་མཐུན་པར་སྤྱོད་མི་རུང་། དེ་བས་དཔལ་འབྱོར་ཡང་དག་ཅིང་ཚུལ་མཐུན་པས་སྤྱད་ན་དགེ་བར་འགྱུར་ཞིང་གཞན་དུ་ན་མི་དགེ་བར་འགྱུར་ཏེ། 《ཆུ་ཤིང་གི་བསྟན་བཅོས》ལས། སེར་སྣས་བཅིངས་པའི་སྐྱེས་བོ་དེས། །ནོར་མང་ལྡན་ཡང་སྤྱོད་མི་ཤེས། །ཞེས་གསུངས་པ་ལྟར་སྤྱོད་ཚུལ་གྱི་མཛངས་བླུན་གྱི་ཁྱད་འབྱུང་ལ། དཔལ་འབྱོར་ལ་སྙིང་བོ་ལོན་མིན་དང་དགེ་མི་དགེའི་རྐྱེན་དུ་འགྱུར་མི་འགྱུར་འབྱུང་བ་རེད། དེ་བས་ང་ཚོས་ནང་བསྟན་ལ་དད་པ་བྱེད་མཁན་དག་གིས་གནས་ལུགས་འདི་ཤེས་པ་ནི་གལ་ཆེ་སྟེ་མང་བོ་ཞིག་དཔལ་འབྱོར་སྤྱོད་སྟངས་ཀྱིས་ཐད་ནས་ལོག་ལམ་དུ་འགྲོ་བཞིན་འདུག  དེ་བས། 《ཆུ་ཤིང་གི་བསྟན་བཅོས》ལས། སྤང་བླང་བྱ་བ་མ་འཆོལ་བར། །ཚུལ་བཞིན་སྤྱད་ན་དགེར་འགྱུར་ཏེ། །ཞེས་དཔལ་འབྱོར་བླང་དོར་ཚུལ་བཞིན་དུ་སྤྱད་ན་དགེ་བར་འགྱུར་ཏེ་ནང་བསྟན་དཔལ་འབྱོར་རིག་པའི་དགོས་པའི་གནད་ཀྱང་མཐར་ཐུག་ན་འདི་ལ་ཐུག་ཡོད།
     མདོར་ན《ལྷ་དང་དཔལ་འདུ་བའི་ནོར་བུ》ལས། གཡོ་ཞིང་སྙིང་བོ་མེད་པ་ཡིས། །ནོར་ལས་སྙིང་བོ་ཅིས་མི་ལེན། །ཞེས་གསུངས་པ་ལྟར་ནང་བསྟན་དཔལ་འབྱོར་རིག་པའི་དགོས་པ་ནི་དཔལ་འབྱོར་ལ་སྙིང་བོ་ལེན་པའི་ཆེད་དུ་ཡིན་ཏེ། དཔལ་འབྱོར་ལ་སྙིང་བོ་ལེན་པ་ནི་འབྱོར་ལྡན་ཞིག་ལ་མཚོན་ན་དེ་ནི་མི་ཚེ་ལ་སྙིང་བོ་ལེན་པའི་ཐབས་གལ་ཆེན་ཞིག་ཡིན་ཏེ། 《ལྷ་དང་དཔལ་འདུ་བའི་ནོར་བུ》ལས། ཟན་སྐྱ་ཁམ་གང་གིས་ཉོས་པའི། །འཁོར་བསྒྱུར་དཔལ་དེ་ཅིས་མ་བསྒྲུབས། ཞེས་དཔལ་འབྱོར་ལ་སྙིང་བོ་ལེན་ཤེས་ན་ཟན་སྐྱ་ཁམ་གང་གིས་ཀྱང་འཁོར་ལོ་སྒྱུར་བའི་གོ་འཕང་བསྒྲུབ་ཐུབ་པར་གསུངས་སོ། །འདི་ལ་གནད་ཆེན་པོ་ཞིག་ཡོད་དེ། དཔལ་འབྱོར་ལ་སྙིང་བོ་ལེན་མི་ལེན་པ་ནི་དཔལ་འབྱོར་སྤྱོད་ཤེས་མིན་གྱི་སྟེང་དུ་ཡོད་ཅིང་སྤྱོད་མ་ཤེས་ན་དཔལ་འབྱོར་ཆོས་དང་འཇིག་རྟེན་གཉིས་ཀ་ཉམས་བྱེད་འབའ་ཞིག་ལས་མ་འདས་ཤིང་། ད་ལྟའི་དཔལ་འབྱོར་འདི་མ་འོངས་པའི་དབུལ་བར་འགྱུར་བའི་རྐྱེན་དུའང་གསུངས་ཏེ། སྔོན་ཆད་བྱིན་པས་འདིར་འབྱོར་ཀྱང་། །འདིར་མ་བྱིན་ན་ཕྱི་མར་དབུལ། །ཞེས་ནོར་བཀོལ་སྤྱོད་ཐད་ནས་བླང་དོར་ལེགས་པོ་ཞིག་སྟོན་པའི་ཆེད་དུ་ཡིན།
     དེ་བས་ནང་བསྟན་དཔལ་འབྱོར་རིག་པ་ནི་དཔལ་འབྱོར་གྱི་སྙིང་བོ་ལེན་པ་ཞེས་པའི་ཚིག་འདིའི་སྟེང་ན་ཡོད་པར་འདོད། དེ་ཡང་མཐར་གཏུགས་ནས་བཤད་ན། 《ཆུ་ཤིང་གི་བསྟན་བཅོས》ལས། བླུན་རྨོངས་འབྱོར་བ་རྒྱ་ཆེ་ཡང་། །སྡུག་བསྔལ་རྒྱུ་ལས་མ་འདས་ཏེ། །གསེར་རིའི་བར་གྱི་རོལ་མཚོ་རྣམས། །རྟག་ཏུ་མུན་པའི་སྨག་གིས་ནོན། །ཞེས་གསུངས་པ་ལྟར་བླུན་རྨོངས་རྣམས་ལ་མི་ནི་དཔལ་འབྱོར་གྱི་བདག་པོ་ཡིན་པ་ལས་བྲན་གཡོག་མིན་པ་ཤེས་པའི་ཆེད་དང་། དཔལ་འབྱོར་ལ་སྙིང་བོ་ལེན་པ་སོགས་དཔལ་འབྱོར་ཐད་བླང་དོར་ཡང་དག་པ་ཞིག་སྟོན་པའི་ཆེད་དུ་ཡིན་ནོ། །

གཉིས་པ། དཔལ་འབྱོར་གྱི་ངོ་བོ།

     ང་ཚོས་དཔལ་འབྱོར་རིག་པ་བཤད་པའི་ཐོག་མར་དཔལ་འབྱོར་ལ་ངོས་ཟིན་པ་ནི་ཤིན་ཏུ་གལ་ཆེ། ང་ཚོའི་མི་ཆོས་རིག་པ་ལས། དཔལ་འབྱོར་གྱི་ངོ་བོ་འདི་ལྟར་བསྟན་ཡོད་དེ། 《ཆུ་ཤིང་གི་བསྟན་བཅོས》ལས། བསམ་པ་བཟང་ན་འཇིག་རྟེན་གྱི། །བྱ་བ་ཀུན་ཀྱང་ཆོས་སུ་འགྲོ། །ཞེས་དགེ་མི་དགེ་ནི་སེམས་པ་བཟང་ངན་གྱི་རྗེས་སུ་འགྲོ་བར་བསྟན་པ་བཞིན་དཔལ་འབྱོར་ཀྱང་དེ་ལས་མ་འདས་ཏེ་དཔལ་འབྱོར་ལས་སྡིག་པ་གསོག་ལ་བསོད་ནམས་ཀྱང་གསག་ནུས་ཀྱང་དེ་ནི་དཔལ་འབྱོར་རང་ངོས་ནས་མ་ཡིན་པར་མིའི་སེམས་པ་དང་འབྲེལ་ཡོད། ནང་བསྟན་དཔལ་འབྱོར་རིག་པ་ལས་རབ་བྱུང་བ་ལ་ཡང་དཔལ་འབྱོར་གྱི་ཐད་ནས་ཁ་ཕྱོགས་ཡང་དག་ཅིག་བསྟན་དགོས་མོད་གཙོ་བོ་ཁྱིམ་པའི་དབང་དུ་བྱ་དགོས་པ་ཡིན་ཏེ་ཁྱིམ་པས་ནོར་གསོག་པ་དང་རང་གིས་སྤྱོད་པ། མཆོད་སྦྱིན་སོགས་ལ་བློ་མིག་རྒྱས་པའི་ཆེད་དུ་ཡིན། སྤྱིར་ན་འཇིག་རྟེན་པ་ནི་བདེ་སྐྱིད་གཉེར་བ་ཡིན་པས་དེ་དཔལ་འབྱོར་ལ་འབྲེལ་བ་ཡོད་དེ། ཚེ་འདིའི་བདེ་སྐྱིད་མཆོག་གཉིས་ཏེ། །ཅི་འདོད་ཕུན་སུམ་ཚོགས་པ་དང་། །གཅིག་ཤོས་འདུ་འཛི་སྤང་བ་འོ། །ཞེས་ཇི་འདོད་ཕུན་སུམ་ཚོགས་པ་ཚེ་འདིའི་བདེ་སྐྱིད་དང་། འདུ་འཛི་སྤངས་པའི་བདེ་སྐྱིད་གཉིས་བཤད་པས་ཁྱིམ་པས་ཚེ་འདིའི་བདེ་སྐྱིད་ལ་སྙིང་བོ་ལེན་པའི་ཆེད་དུ་ཡིན་ནོ། །དེ་ནི་གཤམ་གྱི་གཞུང་འདི་དག་གིས་འགྲུབ་སྟེ།
     དཔལ་འབྱོར་མི་དང་འབྲལ་ཐབས་མེད་པ། དཔལ་འབྱོར་ལ་བརྟེན་ནས་མིའི་བདེ་སྡུག་འབྱུང་བ་ཡིན་ཏེ། 《ས་སྐྱའི་ལེགས་བཤད》ལས། ནོར་གྱིས་མ་གདུང་སུ་ཞིག་ཡོད། །ཅེས་ནོར་མེད་ན་འཇིག་རྟེན་སྡུག་བསྔལ་འབྱུང་བ་མངོན་སུམ་དུ་གྲུབ་པས་འཇིག་རྟེན་འདིས་ནོར་གྱི་ཆེད་དུ་ངལ་བ་རྩོལ་སྒྲུབ་བྱེད་པ་ཡིན། དེ་བས་སྐྱེས་བོ་མཐའ་དག་ནོར་ལ་བརྟེན་ནས་བདེ་བ་དང་སྡུག་བསྔལ་འབྱུང་བཞིན་ཡོད་པས་དཔལ་འབྱོར་ནི་མི་དང་ཁ་འབྲལ་ཐབས་མེད་པའི་སྐོར་གསལ་བོར་བསྟན་ཡོད། འོན་ཀྱང་ཚིག་འདིས་དཔལ་འབྱོར་གྱི་ཆེད་དུ་ཡོད་ཚད་གཏོང་བའི་དོན་དུ་བཟུང་ན་རྩ་བ་ནས་གོ་ལོག་པ་ཡིན།
     དཔལ་འབྱོར་རང་གཞན་གྱི་དོན་སྒྲུབ་བྱེད་ཅིག་ཡིན་པ། མི་ནི་རང་དོན་དུ་འཚོ་བ་ཡིན་ནམ་གཞན་དོན་དུ་འཚོ་བ་ཡིན། འདི་ནི་ང་ཚོས་ཆེད་དུ་བསམ་དགོས་པ་ཞིག་རེད། ང་ཚོས་གསལ་བོར་ཤེས་པ་ནི་རང་ག་བའི་སྐྱེས་པོ་དག་ནི་རང་གཞན་གཉིས་ཀ་འདྲེས་མའི་བྱ་བ་བྱེད་པ་དེ་ཡིན། དེ་བས་མི་ཕལ་བ་ཞིག་ཡིན་ཡང་རུང་། དཔོན་པོ་ཞིག་ཡིན་ཡང་རུང་། རྒྱལ་བོ་ཞིག་ཡིན་ཡང་རུང་། རང་ལ་འཇིག་རྟེན་འདིར་འཐོབ་འོས་པའི་ཐོབ་ཐང་ཞིག་དགོས་ལ། རང་གི་ཚོད་དང་མཐུན་པའི་གཞན་དོན་ཞིག་ཀྱང་བསྒྲུབ་དགོས། དེ་བས་《ཙ་ན་ཀའི་ལུགས་ཀྱི་བསྟན་བཅོས》ལས་ཀྱང་། ནོར་མེད་སྐྱེས་བོ་བུད་མེད་སྤོང་བྱེད་ཅིང་། །རྒྱལ་སྲིད་ཉམས་ན་བློན་པོས་སྤོང་བར་བྱེད། །ཅེས་ནོར་མེད་པའི་སྐྱེས་བུ་འཇིག་རྟེན་པ་ཞིག་ལ་མཚོན་ན་རྒྱལ་སྲིད་ཉམས་པའི་རྒྱལ་བོ་དང་འདྲ་བར་གཞན་དོན་ཕར་ཞོག་རང་གི་དོན་ཡང་ལེགས་པོ་མི་འཁྱོངས་པ་དེ་གསལ་བོར་བསྟན་པས་མི་ཞིག་ཡིན་ན་རང་ལ་འོས་ཤིང་འཚམ་པའི་དཔལ་འབྱོར་ཞིག་དགོས་པར་གསུངས།
     འབྱོར་ལྡན་གྱི་ངག་ལ་གཙིགས་ཆེན་བྱེད་པ། འཇིག་རྟེན་འདི་མཚམས་ལ་ལར་བདེན་པ་གཙིགས་སུ་བྱེད་པའི་སྐྱེས་བོས་གང་བ་ཞིག་ཏུ་མངོན་ན་ཡང་། སྐབས་ལ་ལར་རི་བོང་གི་ཅལ་འདྲོགས་བྱེད་པའི་ཁོར་ཡུག་ཅིག་དང་འདྲ། ང་ཚོས་འཚོ་བ་དངོས་ལས་མཐོང་བ་ནི《ས་སྐྱའི་ལེགས་བཤད》ལས། གང་ལ་ནོར་ཡོད་སྨྲ་བ་མཛེས། །ནོར་མེད་སྨྲ་བ་བདེན་ཡང་སྤོང་། །ཞེས་པ་ལྟ་བུར་བདེན་པ་ནི་རྒྱུ་ནོར་དང་དབང་གྲགས་ཀྱི་རྗེས་སུ་འབྲངས་བཞིན་ཡོད། ས་སྐྱ་པ࿄་ཆེན་གྱིས་མི་མང་བོ་ཞིག་གི་དཔལ་འབྱོར་དེ་མིའི་གོ་ས་དང་སྐད་ཆའི་ནུས་པ་འབྱུང་མིན་གྱི་གནད་དུ་འཛིན་པ་དེ་གསལ་བོར་བསྟན། འདི་ནི་སའི་མཇུག་རྟེན་གྱི་སྐྱེས་པོ་ཕལ་བའི་ཚུལ་བསྟན་པ་ལས་བདག་ཅག་གི་སྟོན་པ་ལྟ་བུ་དཔལ་འབྱོར་ཅི་ཡང་མེད་ན་ཡང་ཁོང་གི་གསུང་དེ་འཛམ་གླིང་གི་སྐྱེས་བོ་དག་གིས་སྐྱེས་པོ་བཀུར་བ་དེ་ལྟ་བུ་མི་འབྱུང་བ་བསྟན་པ་མ་ཡིན་པ་ཤེས་དགོས།
     འབྱོར་བ་ལྡན་ན་ཀུན་གྱིས་མཐོང་ཆེན་བྱེད་པ། འཇིག་རྟེན་གྱི་སྐྱེས་བོ་དག་གིས་མཐོང་ཆེན་བྱེད་མིན་དེ་རང་ག་བའི་སྐྱེས་པོ་ཞིག་ལ་དགོས་པ་དེ་འདྲ་མི་ཆེ་ཡང་གཞན་དོན་སྒྲུབ་མཁན་ཞིག་ལ་མཚོན་ན་དེ་ནི་ཤིན་ཏུ་གལ་ཆེ་བ་སྟེ། ཀུན་གྱིས་མཐོང་ཆེན་མ་བྱས་ན་རང་གི་གཞན་དོན་སྒྲུབ་པའི་དོན་མང་བོ་ཞིག་གི་སྒོ་འགོག་པས་སོ། །དེ་བས《ཆུ་ཤིང་གི་བསྟན་བཅོས》ལས། ལོངས་སྤྱོད་དཔལ་དང་མི་ལྡན་ན། །རིགས་རུས་མཐོ་ཡང་དགོས་པ་ཆུང་། །ཞེས་གསུངས་པ་ལྟར་འཇིག་རྟེན་པ་ཞིག་ཡིན་ན་ལོངས་སྤྱོད་དགོས་པ་ལས་རིགས་རུས་མཐོ་བ་ཙམ་གྱི་དགོས་པ་ཆུང་བར་བསྟན། དེའི་ལྟ་བུའི་སྤྱོད་ཚུལ་དེ་ལུགས་དང་མཐུན་མིན་གང་ལྟར་ཡང་ང་ཚོའི་སྤྱི་ཚོགས་འདི་དང་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་ཆགས་འདུག
     སྟོབས་ཆེ་མིན་དེ་ནོར་དང་འབྲེལ་བ། མི་ཞིག་ཡིན་ནའང་འདྲ། མི་རིགས་ཤིག་ཡིན་ནའང་འདྲ། རྒྱལ་ཁབ་ཅིག་ཡིན་ནའང་འདྲ། དེར་སྟོབས་གང་ཞིག་འབྱུང་མིན་དེ་དཔལ་འབྱོར་གྱི་ཚད་ག་འདྲ་ཞིག་ཡོད་མེད་ལ་ཐུག་ཡོད། དེ་བས་རང་ཉིད་སྟོབས་ལྡན་པར་དཔལ་འབྱོར་གྱི་འཕེལ་ཕྱོགས་ཚད་གང་འདྲ་ཞིག་ཏུ་སླེབས་མིན་ནི་ངེས་པར་བསམ་དགོས་པ་ཞིག་ཡིན་ཏེ། 《ས་སྐྱའི་ལེགས་བཤད》ལས། ནོར་གྱིས་འབྱོར་ན་སྟོབས་ཀྱང་འཕེལ། །ནོར་མེད་པ་ལ་སྟོབས་ཀྱང་འབྲི། །ཞེས་གང་ཞིག་གི་སྟོབས་རྒྱས་མིན་དེ་དཔལ་འབྱོར་ལ་ཐུག་ཡོད་པའི་གནས་ལུགས་གསལ་བོར་བསྟན་ཡོད་ཅིང་དེང་གི་སྤྱི་ཚོགས་ལ་བལྟས་ནའང་ཆེས་གསལ་ཞིང་ལྷག་པར་དཔལ་འབྱོར་དེ་ཚན་རིག་དང་འབྲེལ་བའི་ཆེད་དུ་ཨ་རི་སོགས་ཀྱི་ཤེས་ཡོན་དཔལ་འབྱོར་དར་སྤེལ་བཏང་བ་ལྟར་རོ། །
     གོང་གི་ཚན་པ་གཉིས་པ་དང་གསུམ་པ་བཞི་བ་གསུམ་ནི་མིའི་གནད་དོན་ལས་དཔལ་འབྱོར་གྱི་གནད་དོན་མིན་ན་ཡང་། མིའི་གནད་དོན་འདི་ཐག་གཅོད་བྱེད་དཔལ་འབྱོར་ལ་ཐུག་པས་ང་ཚོས་ངེས་པར་དུ་ལྒིང་དགོས་པ་ཞིག་ཏུ་གྱུར། ཡིན་ན་ཡང་། ནང་བསྟན་དཔལ་འབྱོར་རིག་པའི་དགོངས་དོན་ནི་དཔལ་འབྱོར་གྱིས་རང་ཉིད་བག་མེད་རྒྱས་སྤྲོས་བྱེད་པ་དེ་མ་ཡིན་པར་སྙིང་བོ་བླང་བའི་ཆེད་དུ་སྟེ། དཔལ་འབྱོར་ལ་སྲེད་པའི་མེ་ལྕེ་སྦར་དགོས་པ་མ་ཡིན་པར་འདོད་ཆུང་ཆོག་ཤེས་བྱེད་པ་དང་། ཆོག་ཤེས་དེ་ཡང་གསོག་པའི་དུས་དང་འཚོལ་བའི་སྐབས། སྤྱོད་པའི་དུས་གང་དུ་ཡང་མེད་མི་རུང་བ་ཞིག་ཡིན། ཆོག་ཤེས་དང་འགལ་བ་ནི་སྲེད་པ་ཡིན་ལ་དེ་མེ་ལྕེ་བཞིན་འབར་བས་དེའི་མཁོ་བ་སོལ་པའི་གཏེར་ཁ་ཞིག་འཇིག་རྟེན་འདི་ན་གཏན་ནས་མེད། དེ་བས་ཆོག་ཤེས་ནི་དཔལ་འབྱོར་ལ་སྙིང་བོ་ལེན་པའི་རྨང་གཞི་ཡིན་ལ། དཔལ་འབྱོར་གྱི་སྙིང་བོ་ལེན་པ་ལ་རང་དང་གཞན་གྱི་མཐུན་རྐྱེན་དུ་འགྱུར་བ་ཞིག་དགོས། ཆོག་ཤེས་ཡོད་ན་དཔལ་འབྱོར་རང་གཞན་གྱི་མཐུན་རྐྱེན་དུ་འགྱུར་ངེས་པ་ཡིན་ལ་དེ་ལྟ་བུའི་མཐུན་རྐྱེན་དུ་མི་འགྲོ་ན་དེ་བསྒྲུབས་པའི་དགོས་པ་ཅི་ཡང་མེད། ནང་བསྟན་མི་ཆོས་རིག་པ་ལས། རང་གི་མཐུན་རྐྱེན་དུ་མི་འགྲོ་བའི་དཔལ་འབྱོར་རྣམ་པ་གསུམ་གསུངས་ཏེ།
     སེར་སྣའི་དབང་དུ་གྱུར་ན་དཔལ་འབྱོར་ལ་དགོས་པ་མེད་པ། དཔལ་འབྱོར་རིག་པའི་ཐད་དུ་སེམས་ཁམས་ཀྱི་གནད་དོན་ཆེས་ཆེ་བ་ཞིག་ཡོད་པ་ནི་ཧམ་སེམས་དང་སེར་སྣ་གཉིས། ཧམ་སེམས་ནི་དཔལ་འབྱོར་འཚོལ་བའི་ཐད་ཀྱི་སེམས་ཁམས་ཀྱི་གནད་དོན་ཆེས་ཆེ་བ་ཞིག་ཡིན་ལ། སེར་སྣ་ནི་དཔལ་འབྱོར་སྤྱོད་པའི་ཐད་ཀྱི་གནད་དོན་ཆེས་ཆེ་བ་ཞིག་ཡིན། གལ་ཏེ་སེམས་པའི་འཁྱེར་སོ་འདི་གཉིས་ཡོད་ན་དཔལ་འབྱོར་གྱིས་མི་ཚེ་ལ་བདེ་སྐྱིད་ཅིག་གཏན་ནས་སྟེར་མི་ཐུབ། དཔལ་འབྱོར་རིག་པ་ཚད་ལྡན་ཞིག་ཡིན་ན་ངེས་པར་གནད་དོན་འདི་གཉིས་ལ་འོས་འཚམ་གྱིས་ཐག་གཅོད་བྱ་དགོས། ནང་བསྟན་མི་ཆོས་རིག་པ་ལས་འདིའི་གནད་དོན་ཆེས་གསལ་བོའི་སྒོ་ནས་ཐག་བཅད་ཡོད་དེ་རང་ཉིད་སེར་སྣས་དབང་དུ་གྱུར་ནས་སྤྱོད་མི་ནུས་པ་ཡིན་པས་དཔལ་འབྱོར་དེ་ཡོད་མེད་ཕལ་ཆེར་འདྲ་སྟེ། 《ས་སྐྱའི་ལེགས་བཤད》ལས། ལོངས་སྤྱོད་ཡོད་ཀྱང་ལས་ངན་ཀྱིས།། འཇིངས་པས་སྤྱོད་པའི་རང་དབང་མེད། །ཅེས་གསུངས་པ་ལྟར་སེར་སྣ་ནི་དཔལ་འབྱོར་ལ་སྙིང་བོ་ལེན་པའི་གེགས་རྒྱ་ཞིག་ཡིན་ལ། གེགས་རྒྱ་དེའི་དབང་དུ་སོང་ན་དཔལ་འབྱོར་ཡོད་ཀྱང་མེད་པ་དང་མཚུངས་ཏེ་རང་གཞན་གྱི་བཀོལ་སྤྱོད་ཀྱི་ཐད་ལ་དགོས་པ་ཅི་ཡང་མེད་པ་གསལ་བོར་བསྟན་པའི་ཕྱིར་རོ། །
     དཔལ་འབྱོར་རང་གི་གནོད་བྱེད་དུ་འགྲོ་ཚུལ། དཔལ་འབྱོར་ལ་ཡང་དག་པའི་ལྟ་བ་ཞིག་མེད་ན་སེམས་པའི་འཁྱེར་སོ་ནོར་བའི་དབང་གིས་དཔལ་འབྱོར་གྱིས་རང་གིས་དགོས་མཁོ་སྒྲུབ་མི་ཐུབ་པའི་ཁར། རང་གིས་བཙལ་བའི་དཔལ་འབྱོར་དེ་རང་ཉིད་ཀྱི་གནོད་བྱེད་དུ་འགྲོ་བ་ཡིན་ཏེ《ས་སྐྱའི་ལེགས་བཤད》ལས། རྙེད་པ་ལ་ལ་རྙེད་པ་སྟེ། །རྙེད་པ་ལ་ལ་དགྲ་བོ་ཡིན། །ཞེས་བདེ་བའི་ཆེད་དུ་བཙལ་བའི་དཔལ་འབྱོར་དེ་རང་ཉིད་ཀྱི་གནོད་བྱེད་དུ་འགྱུར་བའི་མི་ལ་ལ་ཞིག་གི་དཔལ་འབྱོར་མི་དེའི་དགྲ་བོར་འགྱུར་ངེས་པ་ཡིན། དེ་བས་དཔལ་འབྱོར་བདེ་བའི་ཆེད་དུ་ཡིན་མོད། དཔལ་འབྱོར་རིག་པའི་ལྟ་བ་ནོར་བའི་དབང་གིས་སྡུག་བསྔལ་གྱི་རྐྱེན་དུ་འགྱུར་ངེས་པ་ཡིན། གནས་ལུགས་འདི་ཤེས་པའི་ཆེད་དུ་དཔལ་འབྱོར་རིག་པ་བྱུང་བ་ཡིན་མོད། དེང་གི་ཡང་དག་པ་མ་ཡིན་པའི་དཔལ་འབྱོར་རིག་པ་ནི་སེམས་ཀྱི་གཅོང་ནད་དེ་དག་གསོ་བྱེད་དུ་གྱུར་པས་ལྟ་བ་དེ་རྒྱུད་ལྡན་གྱི་མི་དག་གིས་བདེ་བ་འདོད་ཀྱང་བདེ་བ་འདོད་པ་དེ་ནི་གཏི་མུག་གསོ་བྱེད་དུ་གྱུར་ནས་རང་གི་བདེ་བ་དགྲ་ལྟར་འཇོམས་པར་བྱེད་པ་ཡིན་ནོ། །གལ་ཏེ་དགྲ་ལྟར་འགྱུར་བའི་དཔལ་འབྱོར་དེ་ནི་བདག་ཅག་གི་སྟོན་པས་གསུངས་པ་ལྟར་དུག་སྦྲུལ་གྱི་ཚང་ལྟ་བུ་ཡིན་ནོ། །
     རང་གི་ཆེད་དུ་བསགས་པའི་དཔལ་འབྱོར་གཞན་གྱི་རྐྱེན་དུ་འགྱུར་ཚུལ། སྤྱིར་ན་དཔལ་འབྱོར་བསགས་པ་ཐམས་ཅད་རང་ཉིད་ཀྱི་བདེ་ཐབས་སུ་བསགས་པ་ཡིན་མོད། མི་མང་བོ་ཞིག་དཔལ་འབྱོར་རིག་པ་དང་ལྷག་པར་ཡང་དག་པའི་དཔལ་འབྱོར་རིག་པར་རྒྱུས་མེད་དུ་གྱུར་པས་རང་ཉིད་ཀྱི་ཆེད་དུ་བསགས་པ་ནི་རང་གི་ཆེད་དུ་འགྱུར་མ་ཐུབ་པར་རྒྱུན་དུ་གཞན་གྱི་རྐྱེན་དུ་འགྱུར་བཞིན་ཡོད། རྟོགས་པ་མཐོན་པོ་ཞིག་གི་དབང་དུ་བྱས་ན་དེ་ལ་འགལ་བ་ཅི་ཡང་མེད་པའི་དཔལ་འབྱོར་དེ་ཡང་གཞན་དོན་ལས་རང་དོན་གྱི་ཆེད་དུ་བསགས་པ་མིན་མོད། སྐྱེས་བོ་རང་ག་བའི་དབང་དུ་བྱས་ན་དེ་ནི་མི་ཚེའི་ཆེས་ཆེ་བའི་གོལ་ས་ཞིག་ཏུ་བཤད་ཆོག 《ས་སྐྱའི་ལེགས་བཤད》ལས། བསོད་ནམས་མེད་པའི་ལོངས་སྤྱོད་དེ། །བསགས་ཀྱང་སུ་ཡིས་ཟ་བ་སོམས། །ཞེས་གསལ་བོར་བསྟན་ཡོད། འདི་ནི་ངེས་པར་བསམ་དགོས་པ་ཞིག་ཡིན་ཞིང་ནང་བའི་ལྟ་བས་བཤད་ན་དེ་མི་རང་ལ་དཔལ་འབྱོར་ཐོབ་པའི་བསོད་ནམས་ཡོད་ཀྱང་སྤྱོད་པའི་བསོད་ནམས་མེད་པའི་ལས་འབྲས་ཀྱི་འབྲེལ་བ་ལ་ཐུག་ཡོད། གལ་ཏེ་དཔལ་འབྱོར་དེ་ཡང་དག་པའི་ཐད་ལ་སྤྱོད་མ་ཐུབ་ན་དཔལ་འབྱོར་ལ་བརྟེན་ནས་བསོད་ནམས་བསགས་མི་ཐུབ། དེ་བས་རང་གིས་བསགས་ཀྱང་རང་གི་བདེ་ཐབས་སུ་མི་འགྱུར་བའི་དཔལ་འབྱོར་དཔལ་འབྱོར་མ་བསྒྲུབས་པ་ལས་ཀྱང་ཐུའོ། །
     དེ་བས་ཕྱི་མ་གཉིས་ནི་དཔལ་འབྱོར་ཡོད་པ་དེ་དཔལ་འབྱོར་མེད་པ་ལས་ཀྱང་ཆེས་སྡུག་བསྔལ་བ་ཞིག་ཏུ་བསྟན་པས་དེ་ནི་མི་སུས་ཀྱང་རང་གི་འདོད་པ་དང་གཏན་ནས་མི་མཐུན་པ་ཞིག་སྟེ། གནད་དོན་དེ་ཐག་གཅོད་པ་ལ་མི་རང་གིས་བསོད་ནམས་གསོག་པ་སྟེ་དེ་ནི་མི་དགེ་བར་འཛེམས་ནས་དགེ་བ་སྒྲུབ་པ་དེའོ། །དེ་ལ་རང་གིས་དགེ་བ་གསག་པ་དང་དཔལ་འབྱོར་ལ་བརྟེན་ནས་དགེ་བ་གསག་པ་གཉིས་ཡོད་དེ། འོག་ནས་འབྱུང་ངོ་། །

གསུམ་པ། དཔལ་འབྱོར་དང་མི།

     དང་བོ། ཕྱུག་པོ་དང་དབུལ་བོ། ནང་བསྟན་མི་ཆོས་ཀྱི་གཞུང་ལུགས་ལས་དབུལ་ཕྱུག་ནི་མི་རང་གི་བསོད་ནམས་དང་འབྲེལ་ཡོད་ལ། མི་ལ་རྒྱུ་ནོར་ཡོད་པ་ཙམ་གྱིས་ཕྱུག་པོར་གྱུར་པ་ཞིག་དེ་བས་ཀྱང་མིན་ཏེ། དབུལ་བོ་ཞེས་པ་གཅིག་ནི་རྒྱུ་ནོར་མེད་པ་ལ་གོ་དགོས་ལ། གཉིས་སུ་སེར་སྣ་ཅན་ལ་གོ་དགོས་པ་ཡིན། སྔ་མ་ནི་ང་ཚོའི་རྒྱུན་ཏུ་གོ་བ་ལྟར་ཡིན་ལ་སེར་སྣ་ཅན་གྱི་འབྱོར་ལྡན་ནི་ཕྱུག་པོ་མ་ཡིན་པར་དབུལ་བོ་ཡིན་ཏེ། 《ས་སྐྱའི་ལེགས་བཤད》ལས། བྱེ་བ་སྟོང་ཕྲག་གཏེར་ཡོད་ཀྱང་། །སུ་ཞིག་ལ་ཡང་གཏོང་མི་བྱེད། །དེ་དག་འཇིག་རྟེན་འདི་དབུལ་ཞེས། །ཐོས་མང་རྣམས་ཀྱིས་དེ་སྐད་བཤད། །ཅེས་གསུངས་སོ། །དེ་བཞིན་ཕྱུག་པོ་ལ་ཡང་གོ་བ་གཉིས་ཡོད་དེ་གཅིག་ནི་རྒྱུ་ནོར་གྱི་འབྱོར་ཕྱུག་ལྡན་པ་དང་གཅིག་ནི་ཆོག་ཤེས་དང་ལྡན་པ་ལ་གོ་དགོས་པ་ཡིན། དེ་ཡང་མཐར་གཏུགས་ནས་བཤད་ན་རྒྱུ་ནོར་གཏོང་ལ་དཔའ་བ་དང་གཏོང་བ་དེ་ཡང་དགེ་ཕྱོགས་སུ་གཏོང་བ་དགོས་སོ། །
     དབུལ་ཕྱུག་ལ་ཕྱི་ནང་གི་རྒྱུ་རྐྱེན་མང་བོ་ཡོད་ཅིང་། ནང་གི་རྒྱུ་རྐྱེན་ལས་གཙོ་བོ་ཞིག་ནི་མི་རང་གི་བསོད་ནམས་ལ་ཐུག་ཡོད། བསོད་ནམས་དེ་ལས་ཐོན་ཁུངས་དང་རྒྱུ་ནོར་སྒྲུབ་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་འབྱུང་། དེ་ལ་གཅིག་ནི་ཚེ་སྔོན་མར་སྦྱིན་པ་བཏང་བ་ལ་ཐུག་ཡོད་ལ། གལ་ཏེ་ཚེ་སྔོན་མར་སྦྱིན་པས་བསོད་ནམས་མ་བསགས་ཀྱང་ཚེ་འདིར་རྒྱུ་ནོར་གཞན་ལ་བཏང་ནས་བསོད་ནམས་གསོག་པ་ཡང་ཚེ་འདིའི་དབུལ་ཕྱུག་ལ་འབྲེལ་བ་ཆེ་སྟེ། 《ས་སྐྱའི་ལེགས་བཤད》ལས། འཇུངས་ལ་ཕྱུག་པོ་མི་སྲིད་ཅིང་། །གཏོང་ལ་དབུལ་པོ་མི་སྲིད་པས། །ཞེས་སེར་སྣས་གཞན་དོན་དུ་མི་གཏོང་བ་ནི་འབྱོར་བའི་འཕེལ་བའི་གནས་མིན་པར་གསུངས་ཤིང་། ཡང་དེ་ཉིད་ལས། རིགས་རྒྱུད་རྒུད་ཀྱིས་དོགས་པས་ན། །བློ་ཆུང་ཅུང་ཟད་རྙེད་པ་གསོག ། མཁས་པ་རིགས་རྒྱུད་མཐོ་ཐོབ་ཕྱིར། །གསུག་བཞིན་གཞན་ལ་སྦྱིན་པ་གཏོང་། །བྱིན་ན་དབུལ་གྱུར་དོགས་པ་ཡིས། །འཇུངས་པས་སྦྱིན་པ་མི་གཏོང་ལ། །སེར་སྣས་ངེས་པར་ཕོངས་འགྱུར་བས། །བློ་ལྡན་ཅུང་ཟད་རྙེད་པ་གཏོང་། །སྲིད་པའི་ཁོལ་བོར་གྱུར་པ་རྣམས། །སྲོག་དང་བསྡོས་ནས་ནོར་ཕྱིར་འབྲང་། ། ཆོག་ཤེས་ཅན་གྱིས་ནོར་རྙེད་ཀྱང་། །དེས་པ་བཞིན་དུ་གཞན་ལ་སྟེར། །ཞེས་གོང་གི་སྦྱིན་པ་བཏང་ན་ལོངས་སྤྱོད་འཕེལ་ཞིང་སེར་སྣ་བྱས་ན་སྡུག་བསྔལ་འབྱུང་བའི་གནས་ལུགས་དེ་རྒྱ་ཆེར་གསུངས་སོ། །
     གཉིས་པ། དཔོན་པོ་དང་དཔལ་འབྱོར། དཔོན་པོ་དང་དཔལ་འབྱོར་བར་དུ་འབྲེལ་བ་ག་འདྲ་ཡོད་མེད་ནི་དཔལ་འབྱོར་རིག་པའི་གནད་དོན་ཆེན་པོ་ཞིག་ཡིན་ཏེ། མི་ལ་ལ་ཞིག་དཔོན་པོར་འདུག་པ་ནི་དཔལ་འབྱོར་གྱི་ཆེད་དུ་འདོད་ལ་མི་ལ་ལ་ཞིག་གིས་དཔལ་འབྱོར་ནི་དཔོན་པོར་འདུག་པའི་རྐྱེན་དུ་བསམ་བཞིན་ཡོད་ཅིང་། ད་ལྟའི་སྤྱི་ཚོགས་ལས་བལྟས་ན་ཡང་དེ་བཞིན་དུ་གྲུབ་མོད། ནང་བསྟན་མི་ཆོས་རིག་པ་ལས་བཤད་ན་རང་ཉིད་ལ་དཔལ་འབྱོར་རྒྱས་པ་དཔོན་པོ་བཟང་བོ་ཞིག་གི་རྟགས་མ་ཡིན་ལ། དཔལ་འབྱོར་གྱིས་གོ་ས་ཉོ་བའང་དཔོན་པོ་བཟང་བོ་ཞིག་གི་རྟགས་ག་ལ་ཡིན།
     དེ་ནི《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས》ལས། ནོར་དང་མངའ་འབངས་རྒྱལ་བོའི་རྒྱན། །འཆད་དང་རྩོམ་པ་མཁས་པའི་རྒྱན། །ཞེས་གསུངས་པ་ལྟར་ནང་བསྟན་མི་ཆོས་རིག་པ་ལས། རྒྱལ་བོ་ཞིག་ལ་འབངས་དང་དཔོན་པོ་དང་རྒྱུ་ནོར་གྱི་ཁྱད་པར་མང་བོ་ཞིག་གསུངས་ཏེ། དཔོན་པོར་འདུག་པ་ནི་གཞན་དོན་གྱི་ཆེད་ཡིན་པས་སོ། །དེ་བས་དཔོན་པོ་ཞིག་གིས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་དཔལ་འབྱོར་དང་དཔོན་པོ། མང་ཚོགས་བཅས་ཀྱི་འབྲེལ་བ་ཤེས་པ་ནི་ཆེས་གལ་ཆེ་བ་ཞིག་ཡིན། 《ཤེས་རབ་སྡོང་བུ》ལས། མི་བསྲུན་སྐྱེ་བོ་གདུལ་བར་བྱ། །ཡོན་ཏན་ཅན་ནི་བཀུར་བར་བྱ། །དྲང་པོའི་སྤྱོད་པས་དཀོར་མཛོད་དགང་། །རང་གི་ཡུལ་འཁོར་བསྐྱང་བར་བྱ། །མི་བསྲུན་གྱི་སྐྱེ་བོ་གདུལ་བར་བྱ་བ་དང་། ཡོན་ཏན་ཅན་ནི་བཀུར་བར་བྱ་བ། དྲང་པོའི་སྤྱོད་པས་དཔལ་འབྱོར་བསགས་ནས་དཀོར་མཛོད་དགང་བ། རང་གི་ཡུལ་དང་འཁོར་བདེ་བར་བསྐྱང་བར་བྱ་བ་རྒྱལ་བོ་ཞིག་ལ་དགོས་པའི་ཁྱད་ཆོས་བཞི་ཡིན་པར་གསུངས། ཁྱད་ཆོས་བཞི་བོ་དེ་ནི《རྒྱལ་བོ་ལུགས་ཀྱི་བསྟན་བཅོས》ཀྱི་ཆེས་གལ་ཆེ་བའི་གནད་བཞི་ཡིན། གནད་བཞི་བོ་དེ་དག་འཛོམས་དུས་ད་གཟོད་རྒྱལ་བོ་བཟང་བོ་ཞིག་ཡིན།
     ལྷག་པར་རྒྱལ་བོ་ཞིག་ལ་མཚོན་ན་མང་ཚོགས་དཔལ་འབྱོར་གྱིས་ཡང་དག་པའི་འཚོ་བ་ཞིག་ལ་རོལ་བར་བྱེད་པ་ནི་ཤིན་ཏུ་གལ་ཆེ་སྟེ《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས》ལས། འབངས་རྣམས་བདེ་བར་བྱ་བའི་ཕྱིར། །འཚོ་བའི་ཚུལ་གྱིས་བསྐྱང་བར་བྱ། །ཞེས་དང་། 《ས་སྐྱའི་ལེགས་བཤད》ལས། འཁོར་ལ་ཕུན་སུམ་ཚོགས་གྱུར་ན། །རྗེ་དཔོན་ཉིད་ཀྱི་ཆེ་བ་ཡིན། །ཞེས་འཁོར་འབངས་རྣམས་དཔལ་འབྱོར་དང་ལྡན་པར་བསྒྲུབས་ཏེ་འཚོ་བ་ཡར་རྒྱས་སུ་གཏོང་བ་ནི་དཔོན་པོ་བཟང་བོ་ཞིག་གི་ཁྱད་ཆོས་ཡིན་པ་གསལ་བར་གསུངས་ལ། དེ་བཞིན་དཔོན་པོ་ངན་པའི་རྟགས་ཀྱང་དཔལ་འབྱོར་གྱི་སྟེང་ནས་གསལ་བོར་མངོན་འོང་སྟེ《ཆུ་ཤིང་གི་བསྟན་བཅོས》ལས། རྒྱལ་ངན་འབངས་ཀྱི་ཟས་ནོར་ཀུན། །ཕྲོགས་ཀྱང་ད་དུང་ལྟོགས་ཤིང་བཀྲེན། །ཞེས་དང་། གཙོ་བོ་ངན་པ་རྟག་བཀུར་ཡང་། །གསུག་དང་བྲལ་བ་ཙམ་གྱིས་སྡང་། །ཆེ་མཐོ་བརྟེན་པས་དཔལ་ཐོབ་ཀྱང་། །དེ་ལས་ལྷག་པའི་འཇིགས་པ་འབྱུང་། །ཞེས་རང་གི་བདེ་ཐབས་ཀྱི་ཆེད་དུ་དཔོན་པོ་ངན་པ་དག་ནི་འབངས་ཀྱི་རྒྱུ་ནོར་ལ་ཅི་མི་སྙམ་པར་དཔལ་འབྱོར་ཁོ་ནའི་བྲན་དུ་འགྱུར་བའི་ཚུལ་གསལ་བོར་གསུངས་ཤིང་དཔོན་པོ་དེ་ལྟ་བུ་ནི་བདེན་དྲང་སྐྱོང་བའི་དཔོན་པོ་མིན་པ་གསལ་བོར་བསྟན་ཡོད།
     ང་ཚོའི་མི་ཆོས་རིག་པ་ལས་དཔོན་པོ་དང་རྒྱུ་ནོར་གྱི་སྐོར་མང་དུ་གསུངས་ཡོད་ཅིང་། དཔེར་ན་དཔེ་དོན་འབྲེལ་བ་ལས། ངེས་པར་འབབ་པའི་དཔྱ་དང་ཁྲལ། །སྟོབས་པར་ནུས་བཞིན་མ་བསྟབས་ན། །རྒྱལ་བོའི་བང་མཛོད་ཉམས་པའི་ཕྱིར། །ལ་ཡོགས་རྣམ་སྨིན་ཉིད་ལ་འཛེམ། །ཞེས་དཔྱ་དང་ཁྲལ་ནི་དགོས་ངེས་སུ་གསུངས་ཤིང་འབངས་ཀྱིས་ཀྱང་རྒྱལ་བོར་འབུལ་འོས་པ་ཞིག་ཡིན་མོད། འབངས་ཀྱི་འཚོ་བའི་ཚད་ལས་བརྒལ་ཞིང་ཁུར་ལྕི་བའི་དཔྱ་ཁྲལ་བསྡུ་བ་ནི་དཔོན་པོ་དེ་ཉིད་ཀྱི་སྐྱོན་ཆ་འབའ་ཞིག་ཡིན་ཏེ། དེ་ཉིད་ལས། འབངས་རྣམས་རྒྱལ་བོའི་དཔལ་ཡིན་ཡང་། །དཔྱ་ཐང་ཡང་ཡང་སྡུད་ན་ཉམས། །ཞེས་སོགས་དཔྱ་ཇི་ལྟར་སྡུད་ཚུལ་ཡང་མང་བོ་ཞིག་གསུངས་ཡོད་དེ།
     འབངས་ལ་དཔྱ་འབུལ་རྒྱུ་ཡོད་ན་ངེས་པར་འབུལ་དགོས་པ། རྒྱལ་ཁབ་ཀྱི་དཔྱ་ནི་དམངས་ཀྱིས་ངེས་པར་དབུལ་དགོས་པ་ཞིག་ཡིན་ལ། གལ་ཏེ་དབུལ་བྱ་མེད་ན་དེའི་ལུགས་གསལ་བར་ཞུ་ན་ཉེས་པ་མེད་མོད། དབུལ་རྒྱུ་ཡོད་བཞིན་དུ་མ་ཕུལ་ན་ཉེས་པར་འགྱུར་ཏེ《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས》ལས། ཡོད་བཞིན་འོས་པའི་དཔྱ་དག་ནི། ། རྒྱལ་བོ་ལ་ནི་མ་ཕུལ་ན། །དེ་ནི་མ་བྱིན་ལེན་མིན་ཡང་། །སེར་སྣའི་ཁ་ན་མ་ཐོར་འགྱུར། ། ཞེས་གསུངས་པ་ལྟར་རང་ལ་རྒྱལ་ཁབ་ལ་དཔྱ་ཁྲལ་འབུལ་བའི་ནུས་པ་ཡོད་ན་ངེས་པར་དབུལ་དགོས་པ་དང་མ་ཕུལ་ན་ཉེས་པ་ཡོད་པར་གསུངས། འདི་ནི་རྒྱལ་ཁབ་དང་འབངས་བར་གྱི་དཔལ་འབྱོར་གྱི་འབྲེལ་བ་ལས་ཁྲལ་གྱི་རིགས་གསལ་བོར་བསྟན་ལ་ཕབ་པ་སྟེ་རྒྱལ་ཁབ་དང་དམངས་ཚོགས་གཉིས་ཀྱི་འབྲེལ་བ་ནི་ཕུན་ཚུན་ལ་ལྟོས་ནས་གྲུབ་པས་རྒྱལ་ཁབ་ལ་དཔྱ་འབུལ་བ་ནི་ཆོས་དང་འཇིག་རྟེན་གང་གི་དབང་དུ་བྱས་ཀྱང་འོས་པ་ཞིག་ཏུ་གསུངས་ཤིང་གལ་ཏེ་ཁྲལ་འབུལ་མི་ཐུབ་ན་དེ་ནི་གནད་དོན་གཞན་ཞིག་ཡིན།
     ནོར་ཡོད་པ་ལས་དཔྱ་ནན་གྱིས་བླངས་ཀྱང་ཉེས་པར་མི་འགྱུར་བ། ཕྱུག་པོ་དག་གིས་རང་གི་དཔལ་འབྱོར་གྱི་བབ་དང་མཐུན་པའི་དཔྱ་འབུལ་དགོས་པ་ནི་ལུགས་དང་མཐུན་པ་ཞིག་ཡིན་ལ། དེང་གི་ཁྲིམས་ལུགས་ལའང་འགལ་བ་ཅི་ཡང་མེད། གལ་ཏེ་ནོར་ཡོད་པ་དག་གིས་བསམ་བཞིན་དུ་དཔྱ་ལ་གཡོལ་ན་ནན་གྱིས་ལེན་དགོས་ཏེ།《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས》ལས། ནོར་ཡོད་པ་ལས་འོས་པའི་དཔྱ། །མ་བྱིན་ནན་གྱིས་བླངས་གྱུར་ཀྱང་། །གླ་བརྔན་བསྒྲུབ་པའི་དཔེ་བཞིན་དུ། །རྒྱལ་བོས་མ་བྱིན་བླངས་མི་འགྱུར།།ཞེས་གལ་ཏེ་དཔལ་འབྱོར་ཡོད་པ་དག་གིས་དཔྱ་དུས་ལྟར་མ་ཕུལ་ན་བཙན་ཤེད་ཀྱིས་བླངས་ཀྱང་རྒྱལ་བོ་ལ་མ་བྱིན་ལེན་པར་མི་འགྱུར་ཞིང་། ནོར་ཡོད་པ་དག་གིས་འོས་འཚམ་གྱིས་ཁྲལ་མི་འབུལ་བ་ནི་ཆོས་དང་འཇིག་རྟེན་གང་གི་དབང་དུ་བྱས་ཀྱང་ཉེས་པ་ཡིན་པར་གསུངས།
     དབུལ་བོ་ལས་རྒྱུ་ནོར་བླངས་ན་ཉེས་པ་འབྱུང་མིན་གཉིས་ཡོད་པ། སྤྱིར་ན་དབུལ་བོའི་རྒྱུ་ནོར་བཙན་གྱིས་བླངས་ན་རྒྱལ་བོའམ་དཔོན་པོ་དག་ལ་ཉེས་པ་འབྱུང་མོད་ཀྱང་། དགོས་པའི་དབང་གིས་མི་འབྱུང་བའི་སྐབས་ཤིག་ཀྱང་གསུངས་ཏེ། 《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས》ལས། དབུལ་ལ་ནན་གྱིས་བླངས་གྱུར་པ། །སྡིག་པ་ཡོད་མེད་གཉིས་སུ་དབྱེ། །གང་ནི་ལོངས་སྤྱོད་མེས་ཚིག་སོགས། །ཆུད་ཟད་གྱུར་ཚེ་དཔྱ་ཡང་བླངས། །མ་བྱས་སེམས་ཅན་ཐབས་བྲལ་དེ། །མ་བསྐྱངས་པས་ན་སྡིག་པར་འགྱུར། །ཞེས་མང་ཚོགས་རང་བྱུང་གི་གནོད་འཚེ་སོགས་ཀྱིས་ཐབས་བྲལ་བའི་སྐབས་སུ་དཔྱ་བླངས་ན་རྒྱལ་བོ་ལ་ཉེས་པ་འབྱུང་བ་མ་ཟད། རྒྱལ་བོས་དེ་དག་ལ་དཔལ་འབྱོར་གྱི་རོགས་རམ་ངེས་པར་བྱ་དགོས་པ་ཞིག་ཏུ་གསུངས་མོད་སྨད་འཚོང་མ་དང་། ཤོ་བ། འཕྲོག་བཅོམ་སོགས་ཚུལ་མིན་གྱི་ལོངས་སྤྱོད་ཆུད་ཟ་བ་ལ་སོགས་པས་དགག་ཕྱིར་རྒྱལ་བོས་དེ་དག་ལས་བཙན་གྱིས་རྒྱུ་ནོར་གཞུང་བཞེས་བྱས་ན་ཡང་ཉེས་པར་མི་འགྱུར་བར་གསུངས་ཏེ། 《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས》ལས། རྒྱལ་བོ་སྨད་འཚོང་ལ་སོགས་པས། །ཚུལ་མིན་ལོངས་སྤྱོད་ཆུད་ཟ་བ། །དགག་ཕྱིར་བླངས་ན་དོན་གཉིས་བྱས། །དེ་ལ་སྡིག་པ་མེད་པར་བཤད། །ཅེས་གསུངས་སོ། །
     འོ་ན་རྒྱལ་ཁབ་ཀྱིས་དཔྱ་ལེན་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། དེ་ནི་དཔོན་པོས་ཇི་འདོད་དུ་རྒྱས་སྤྲོས་བྱེད་པའི་ཆེད་མ་ཡིན་པར་འབངས་རྣམས་བསྐྱང་བའི་ཆེད་དུ་ཡིན་ཏེ། 《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས》ལས། གནོད་པ་མེད་པའི་དཔྱ་ཁྲལ་གྱིས། །འབངས་རྣམས་སླར་ཡང་བསྐྱངས་བྱས་པས། །ཞེས་གསུངས་པ་ལྟར་འབངས་ལས་ཁྲལ་བླངས་པའི་རྒྱུ་ནོར་དེ་དག་གིས་དཀའ་སྡུག་གི་གནས་སུ་ལྷུང་བའི་འབངས་དག་སྐྱོང་བའི་ཆེད་དུ་བཀོལ་དགོས་པ་ལས་རང་གི་མཛོད་འགང་ཕྱིར་མིན་པ་གསལ་བོར་བསྟན་ཡོད།
     དེ་ལས་གཞན་ད་དུང་ཁྲིམས་དང་རྒྱུ་ནོར་སྐོར་མང་དུ་གསུངས་ཡོད་དེ། 《རྒྱལ་བོ་ལུགས་ཀྱི་བསྟན་བཅོས》ལས། ནོར་ལ་བལྟས་ནས་ཁྲིམས་འཕྱུགས་པ། །སྐྱེ་རྒུའི་དབང་བོར་མི་འོས་པས། །ཞེས་ཁྲིམས་ཀྱི་ལས་བྱེད་པ་ཡིན་ལས་ཁྲིམས་ལུགས་གཙོ་བོར་གཟུང་དགོས་པ་ལས་ནོར་གྱི་ངོ་སོ་བལྟ་མི་རུང་བ་དང་། དེ་ལྟར་བྱས་ན་འཇིག་རྟེན་མི་ཆོས་ཕྱོགས་ནས་ཉེས་པ་ཅན་དུ་འགྱུར་བས་ཁྲིམས་ཀྱི་ལས་བྱེད་པར་གཏན་ནས་མི་རུང་། ཡང《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས》ལས། རྒྱལ་བོ་ནོར་ལ་བརྐམ་གྱུར་ན། །ནོར་གྱིས་རྒྱལ་ཁྲིམས་བསླུ་བར་རྩོམ། །ཞེས་དང་། ནོར་གྱིས་བསླུ་དང་ངོ་བསྟོད་དང་། །ཟོལ་ཚིག་རྣམས་ལ་དགའ་མི་བྱ། །ཞེས་སོགས་དེའི་སྐོར་གྱི་གནས་ལུགས་མང་བོ་ཞིག་བསྟན་ཡོད་པ་དེ་དག་དཔོན་པོ་དག་ལ་མཚོན་ན་ཤིན་ཏུ་གལ་ཆེ་བ་ཡིན།

བཞི་བ། དཔལ་འབྱོར་དང་ཀུན་སྤྱོད།

     ནོར་དང་ཀུན་སྤྱོད་བར་གྱི་འབྲེལ་བ་ནི་ཆེས་གལ་ཆེ་བ་ཞིག་ཡིན་ཏེ། མང་བོ་ཞིག་དཔལ་འབྱོར་ལ་བསྟུན་ནས་ཀུན་སྤྱོད་སྣ་ཚོགས་འབྱུང་བཞིན་ཡོད། དེ་ནི་མི་རང་ལ་ཀུན་སྤྱོད་ཀྱི་ལྟ་བ་ཡང་དག་པ་ཞིག་མེད་པ་ལ་ཐུག་པ་ལས། དཔལ་འབྱོར་ཐད་ཀར་ཀུན་སྤྱོད་ལ་འབྲེལ་བ་ཡོད་པ་ཞིག་གཏན་ནས་མིན། ང་ཚོས་སྤྱི་ཚོགས་ལས་དངོས་སུ་མཐོང་བ་ལྟར《ས་སྐྱའི་ལེགས་བཤད》ལས། ལོག་འཚོ་ཟས་ནོར་རྙེད་པ་འགའ། །མཁས་པ་དབུལ་བོ་ཁྱད་དུ་གསོད། །ཅེས་མི་ལ་ལ་ཞིག་འབྱོར་བ་ཅུང་རྒྱས་ན་རང་ཉིད་བར་སྣང་ལ་སྤུར་ཏེ་བློ་གྲོས་རྣམ་པར་རྒྱས་པ་མཁས་པ་དག་ཀྱང་ཁྱད་དུ་གསོད་པ་དང་། 《ཤེས་རབ་སྡོང་བུ》ལས། མ་བརྙས་མི་ཡི་རྩ་བ་ཡིན། །བརྙས་པའི་ནོར་གྱིས་ཅི་ཞིག་བྱ། །ང་རྒྱལ་དྲེགས་པས་རབ་བཅོམ་པའི། །ནོར་དང་སྲོག་གིས་ཅི་ཞིག་བྱ། །ཞེས་ནོར་དང་སྟོབས་ལ་སོགས་པས་གཞན་ལ་བརྙས་པར་བྱེད་ན་དེ་ནི་དགོས་པ་ལོག་པ་ཡིན་ཏེ། དེ་ནི་ནོར་གྱིས་མི་དགེ་བ་བསྒྲུབས་པ་ཡིན་པས་དེ་ལྟ་བུའི་ནོར་ཡོད་པ་ལས་མེད་ན་བཟང་ཞིང་། དེ་ལྟ་བུའི་འབྱོར་བ་ནི་གོང་དུ་བཤད་པ་ལྟར་རང་གི་གཤེད་དུའང་འགྲོ་བའི་དཔལ་འབྱོར་དེ་ཡིན་པས་ནང་བསྟན་མི་ཆོས་རིག་པ་ལས་བཤད་ན་དགོས་པ་མེད་པའི་དཔལ་འབྱོར་གྱི་ཁོངས་སུ་གཏོགས་པ་ཡིན་ནོ། །ང་ཚོས་ནང་བསྟན་མི་ཆོས་རིག་པ་ལས་བལྟས་ན་དཔལ་འབྱོར་དང་ཀུན་སྤྱོད་བར་གྱི་འབྲེལ་བ་ནི་གསོག་ཚུལ་དང་ཐོབ་ཚུལ། ཐོབ་དུས་སྤྱོད་དུས་བཅས་ཕྱོགས་གསུམ་ན་མཛངས་བླུན་གྱི་སྤྱོད་པ་ཡོད་པ་མཐོང་།
     དཔལ་འབྱོར་གསོག་ཚུལ་མངོན་པའི་མཛངས་བླུན་གྱི་སྤྱོད་པ། ནང་བསྟན་དཔལ་འབྱོར་རིག་པ་ལས་བཤད་ན་གསོག་ཚུལ་ནི་ཆེས་གལ་ཆེ་བ་ཞིག་ཡིན་ཏེ། 《ས་སྐྱའི་ལེགས་བཤད》ལས། དམ་པ་ཇི་ལྟར་རྒུད་གྱུར་ཀྱང་། །སྡིག་དང་འདྲེས་པའི་ཟས་མི་ཟ། ། ཞེས་སྐྱེས་བུ་དམ་པ་རྣམས་ནི་ཚུལ་མིན་གྱིས་དཔལ་འབྱོར་མི་གསོག་སྟེ། ཚུལ་མིན་གྱི་དཔལ་འབྱོར་གསོག་ཚུལ་ནི་མ་བྱིན་ལེན་གྱིས་དཔལ་འབྱོར་སྒྲུབ་སྟངས་དང་། དངོས་པོ་རྫུན་མ་བཟོ་བ། རྒྱ་མ་དང་སྲང་བརྣོགས་པ། ཉལ་ཐ་སོགས་འགྲོ་བར་གནོད་པའི་རིགས་ཉོ་ཚོང་བྱེད་པ། སྡིག་འགྲོ་གསོད་པ་ལ་སོགས་པའི་སྡིག་དང་འདྲེས་པའི་རིགས་ཏེ། སྐྱེས་བུ་ཐ་ཤལ་རྣམས་ཀྱིས་ལོག་འཚོ་ལ་བརྟེན་ནས་དཔལ་འབྱོར་གསོག་པ་བསྟན་ན་ཡང་སྐྱེས་བུ་དམ་པ་རྣམས་ནི་ཇི་ལྟར་རྒུད་ན་ཡང་དཔལ་འབྱོར་ཀུན་སྤྱོད་ལ་མི་བརྗེ་སྟེ། ཀུན་སྤྱོད་ལ་འགྱུར་བ་མེད་པ་སྐྱེས་བུ་དམ་པའི་རྟགས་ཡིན་ཏེ།《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས》ལས། བློ་ལྡན་རབ་ཏུ་ཉམ་ཐག་ཀྱང་། །བརྙས་ཐབས་བསྲེས་པའི་ནོར་མི་ལེན། །ཞེས་གསུངས་པའང་གོང་གི་གནད་དེ་དང་འབྲེལ་ཡོད་པས་སོ། །
     དཔལ་འབྱོར་འབྱོར་དུས་སུ་མཐོང་བའི་མཛངས་བླུན་གྱི་སྤྱོད་པ། འབྱོར་བ་དང་བསྟུན་ནས་དྲེགས་པར་འགྱུར་བ་ནི་སྐྱེས་བུ་ཐ་ཤལ་བའི་རིགས་ཡིན་ཏེ། སྐྱེས་བུ་དམ་པ་རྣམས་ལ་དཔལ་འབྱོར་ཇི་ལྟར་རྒྱས་ན་ཡང་རང་གི་སྤྱོད་པ་སྔོན་བཞིན་ཞི་ཞིང་དུལ་བར་གསུངས་ཏེ《ཤེས་རབ་སྡོང་བུ》ལས། དམ་པ་ནོར་གྱི་འབྱོར་པ་ཐོབ་གྱུར་ཀྱང་། །སཱ་ལུ་སྨིན་པ་ལྟ་བུར་ཤིན་ཏུ་འདུད། །ཅེས་གསུངས། དེས་དངོས་སུ་བསྟན་པ་ནི་ཀུན་སྤྱོད་ལས་དཔལ་འབྱོར་རྒྱས་ཤིང་དཔལ་འབྱོར་ལས་ཀུན་སྤྱོད་ལ་འགྱུར་བ་འབྱུང་མི་རུང་བ་གསལ་བོར་བསྟན་ཅིང་། སྐྱེས་བུ་དམ་པ་རྣམས་དཔལ་འབྱོར་ཇི་ལྟར་རྒྱས་ཀྱང་སྔར་བཞིན་ཞི་དུལ་གྱིས་གནས་པར་བསྟན་པའི་ཤུགས་ལ་སྐྱེས་བུ་ངན་པ་ནི་དེ་ལས་ལྡོག་སྟེ་སྤྱོད་པ་ངན་པར་འགྱུར་བ་བསྟན་ཡོད། དེ་བས་སྐྱེས་བུ་ངན་པ་རང་གི་དཔལ་འབྱོར་དེ་ལས་དྲེགས་པ་རྒྱས་ཤིང་གཞན་དག་ཁྱད་དུ་གསོད་པ་ཡིན་ཏེ། 《ས་སྐྱའི་ལེགས་བཤད》ལས། སྐྱེ་བོ་ངན་པ་འབྱོར་ཐོབ་ཀྱང་། །ལྷག་པར་སྤྱོད་པ་ངན་པར་འགྱུར། །ཞེས་དང་། 《ས་སྐྱའི་ལེགས་བཤད》ལས། ནང་དུ་ཅུང་ཟད་འབྱོར་གྱུར་ན། །ཕྱི་རུ་དྲེགས་པའི་རྣམ་འགྱུར་སྟོན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཀུན་སྤྱོད་རློག་བྱེད་དུ་འགྲོ་བའི་དཔལ་འབྱོར་ནི་ཉེས་པ་དང་རྒུད་པའི་འབྱུང་གནས་སྟེ་དངོས་གནས་དུག་སྦྲུལ་གྱི་ཚང་ལྟ་བུ་ཡིན་ནོ། །
     དཔལ་འབྱོར་དང་རང་གི་ཀུན་སྤྱོད་ཀྱི་འབྲེལ་བ་ནི་དཔལ་འབྱོར་རིག་པ་ལས་ཆེས་གལ་ཆེ་བ་ཞིག་ཡིན་ཏེ། མི་དེའི་ཀུན་སྤྱོད་རང་གི་དཔལ་འབྱོར་འཕེལ་མིན་དང་འབྲེལ་བ་ཡོད་ལ། རང་གི་དཔལ་འབྱོར་དེས་གཞན་ལ་ཤུགས་རྐྱེན་ག་འདྲ་ཐེབས་མིན་ལ་ཡང་འབྲེལ་བ་ཡོད། དེ་བས《ས་སྐྱའི་ལེགས་བཤད》ལས། དམན་པ་འབྱོར་ན་དྲེགས་རྒྱུ་སྟེ། །དམ་པ་འབྱོར་ན་དུལ་བའི་རྒྱུ། །ཞེས་དང་། 《ཆུ་ཤིང་གི་བསྟན་བཅོས》ལས། རིགས་ངན་ཅུང་ཟད་འབྱོར་ན་ཡང་། །རྒྱལ་བོ་ལྟ་བུའི་ཁེངས་དྲེགས་འཛིན། །ཞེས་སྐྱེས་བུ་མཆོག་དམན་གྱི་སྤྱོད་པ་གསལ་བོར་བསྟན་པ་བཞིན་དུ་གྲུབ་པས་མི་ཆོས་རིག་པའི་ངོས་ནས་བཤད་ན་དཔལ་འབྱོར་རྒྱས་ན་ཡང་ཞི་ཞིང་དུལ་བར་གནས་དགོས་པ་ལས་དཔལ་འབྱོར་དེ་རང་ཉིད་བཟི་བྱེད་དུ་འགྱུར་མི་རུང་ངོ་། །
     དཔལ་འབྱོར་སྤྱོད་དུས་སུ་མངོན་པའི་མཛངས་བླུན་གྱི་སྤྱོད་པ། དཔལ་འབྱོར་སྒྲུབ་པའི་དགོས་པ་ནི་སྤྱོད་པ་ཡིན་པ་གཞུང་མང་བོ་ལས་གསུངས་པ་བཞིན་སྤྱོད་སྟངས་ཐད་ནས་མཛངས་བླུན་གྱི་ཁྱད་འབྱུང་ཞིང་། དཔལ་འབྱོར་ལ་སྙིང་བོ་ལོན་མིན་གྱི་གནད་ཀྱང་འབྱུང་ངེས་ཡིན། ནང་བསྟན་དཔལ་འབྱོར་རིག་པ་ལས་བཤད་ན་སྤྱོད་པ་ནི་འཚོལ་བ་ལས་ཀྱང་གལ་ཆེ་སྟེ། གལ་ཏེ་ཡང་དག་པའི་སྤྱོད་ཚུལ་ཞིག་མེད་ན་དཔལ་འབྱོར་ལ་སྙིང་བོ་ཅི་ཡང་མེད་པའི་ཕྱིར་རོ། །དེ་བས་སྤྱོད་ཚུལ་ལས་བཤད་ན་སྐྱེས་བུ་དམ་པ་རྣམས་ནི་རང་དང་གཞན་གྱི་དོན་དུ་གཏོང་བས་འབྱོར་བ་ཅུང་ཟད་ཙམ་ཡང་ཆུད་ཟོས་སུ་མི་འགྲོ་བར་མ་ཟད་སྙིང་བོ་ལོན་པ་ཡིན་མོད་ཀྱང་ཐ་ཤལ་རྣམས་ནི་རང་གིས་སྤྱོད་མི་ནུས་ལ་གཞན་དོན་དུ་གཏོང་མི་ནུས། གལ་ཏེ་གཞན་གྱི་སླད་དུ་གཏོང་བར་བྱེད་ནའང་དེ་ནི་གཞན་ལ་གནོད་བྱེད་དང་དགོས་པ་མེད་པའི་དོན་དུ་གཏོང་བ་ལས་ཕན་བདེ་ཆེད་དུ་མི་འགྱུར་བ་ཡིན་ཏེ《ས་སྐྱའི་ལེགས་བཤད》ལས། མཁས་པས་ལོངས་སྤྱོད་ལྷག་པར་སྤྱད། ། མི་སྟེར་ན་ཡང་འཕྲོག་པ་མེད། །ཅེས་ལོངས་སུ་སྤྱོད་མིན་ལས་མཛངས་བླུན་གྱི་ཁྱད་འབྱུང་བ་དང་། 《དགེ་ལྡན་ལེགས་བཤད》ལས། བླུན་པོ་ཅུང་ཟད་འབྱོར་ན་ཡང་། །གཞན་ལ་གནོད་པ་ཁོ་ན་སྐྱེལ། །ཞེས་བླུན་པོར་འབྱོར་བ་ཅུང་ཟད་ཙམ་རེ་རྒྱས་ན་ཡང་གཞན་ལ་གནོད་བྱེད་འབའ་ཞིག་ཏུ་འགྲོ་བར་གསུངས་སོ། །ང་ཚོས་བདེ་བའི་ཆེད་དུ་དཔལ་འབྱོར་སྒྲུབ་པ་ཡིན་པས་དཔལ་འབྱོར་འཚོལ་གསོག་སྤྱོད་པའི་དུས་གང་དུ་ཡང་གཞན་མི་བདེ་བར་བྱེད་མི་རུང་ལ། གལ་ཏེ་གཞན་མི་བདེ་བར་བྱས་ན་ནམ་ཞིག་དེའི་རྐྱེན་ལས་རང་ཉིད་ཀྱང་མི་བདེ་བར་བྱེད་པ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ཡིན་ནོ། །
     དཔལ་འབྱོར་གཏོང་ཡུལ་ལས་མངོན་པའི་མཛངས་བླུན་གྱི་སྤྱོད་པ། གཏོང་ཡུལ་གྱི་སྟེང་ནས་ཀྱང་སྐྱེས་བུ་དམ་པས་དཔལ་འབྱོར་དགེ་བའི་ཕྱོགས་དང་བླུན་པོ་རྣམས་ནི་མི་དགེ་བའི་ཕྱོགས་ཁོ་ནར་གཏོང་ཏེ། སྐྱེས་བུ་དམ་པ་རྣམས་ཀྱི་རང་གི་མཐུན་པའི་རྐྱེན་དང་། ལྟོགས་པའི་ཟས། གྲང་བའི་གོས། ནད་པའི་ཡོན། བགྲོད་དཀའི་ཡོན་སོགས་ཆོས་དང་འཇིག་རྟེན་གྱི་ཐེབས་སུ་གཏོང་ལ་དེ་ལྟར་བཏང་བའི་དཔལ་འབྱོར་དེ་ཕན་པ་དང་བདེ་བའི་རྐྱེན་དུ་འགྲོ་བའི་ཕྱིར་དཔལ་འབྱོར་ལ་སྙིང་བོ་ལེན་པ་ཡིན་ལ། སྐྱེས་བུ་ཐ་ཤལ་དག་ནི་སྨད་འཚོང་མ། དུད་ཆང་། ཤོ ཐ་ན་གཞན་ལ་གནོད་པའི་རྐྱེན་དུ་གཏོང་བས་དཔལ་འབྱོར་དེ་ཡང་ནག་པོ་ཧ་ལ་བཞིན་དུ་རང་གཞན་འཇོམས་བྱེད་དམ། མི་དགེ་བ་གསོག་བྱེད་དུ་འགྱུར་བས་སླད་མར་རྣམ་སྨིན་སྡུག་བསྔལ་འབྱིན་པས་དགོས་པ་ལོག་པ་ཡིན་ཏེ《ས་སྐྱའི་ལེགས་བཤད》ལས། ནོར་གཏོང་ཚུལ་ནི། །བླུན་པོས་དགོས་པའི་སར་མི་བྱིན། །མི་དགོས་པ་ལ་ལྷུག་པར་འཆོར། །ཞེས་གསུངས།
     གཞན་གྱི་དཔལ་འབྱོར་དང་འབྲེལ་བའི་མཛངས་བླུན་གྱི་སྤྱོད་པ། སྐྱེས་བུ་ཕལ་བ་མང་བོ་ཞིག་གཞན་ལ་འབྱོར་བ་ལྡན་མིན་ལས་རང་གིས་དེ་ལྟ་འཛིན་པའི་ལྟ་བ་འགྱུར་བཞིན་ཡོད་མོད། སྐྱེས་བུ་དམ་པ་དག་གིས་གཞན་ལ་འཛིན་པའི་ལྟ་སྟངས་ནི་དེ་ལ་དཔལ་འབྱོར་ཡོད་མེད་ལ་འབྲེལ་བ་གང་ཡང་མེད། བོད་ཀྱི་ནང་བསྟན་མི་ཆོས་རིག་པའི་བསྟན་བཅོས་དག་ལས་དཔལ་འབྱོར་དང་རང་གཞན་གྱི་འབྲེལ་བའི་ཐད་དུ་གནད་དུ་འབབ་པ་མང་དུ་གསུངས་ཡོད་དེ། 《ས་སྐྱའི་ལེགས་བཤད》ལས། འབྱོར་བའི་དུས་ན་ཐམས་ཅད་གཉེན། །རྒུད་པའི་དུས་ན་ཐམས་ཅད་དགྲ། །ཞེས་མི་ངན་པ་མང་བོ་ཞིག་གི་འབྲེལ་བ་ནི་དཔལ་འབྱོར་གྱི་འབྲེལ་བ་ཡིན་པ་ལས་མིའི་བརྩེ་བ་ལས་བྱུང་བའི་འབྲེལ་བ་མིན་ལ། འབྲེལ་བ་དེ་རིགས་ནི་མཐའ་ཆོད་པའི་འབྲེལ་བ་མིན་པར་དཔལ་འབྱོར་ཡོད་མེད་ཀྱི་རྗེས་སུ་འགྲོ་བའི་འབྲེལ་བ་རེད། དེ་ལྟ་བུའི་དཔལ་འབྱོར་གྱི་རྗེས་སུ་འགྲོ་བའི་འབྲེལ་བ་དེ་ཡང་འཇིག་རྟེན་པར་མཚོན་ན་དགོས་ངེས་ཤིག་མིན་པ་ག་ལ་སྲིད་ཀྱང་མིའི་བརྩེ་སེམས་ཀྱི་ངོས་ནས་བཤད་ན་དེ་ནི་ཕྱི་ཚུལ་ཙམ་ལས་ཕན་ཚུན་ལ་གདུང་སེམས་མཉམ་སྐྱེས་འབྱུང་བའི་འབྲེལ་བ་དེ་རིགས་མིན་ནོ། །
     མདོར་ན། 《ཤེས་རབ་སྡོང་བུ》ལས། དམན་པས་གང་ཚེ་ནོར་ནི་ཅུང་ཟད་རྙེད། །འགྲོ་བ་ཐམས་ཅད་བརྙས་བའི་ང་རྒྱལ་ལྡན། །ཞེས་གསུངས་པ་ལྟར་དཔལ་འབྱོར་འཚོལ་བ་དང་ཐོབ་པ་སྤྱོད་པ་བཅས་ཕྱོགས་གང་གི་ཐད་ནས་ཀྱང་མི་དང་སྲོག་ཆགས། ཁོར་ཡུག སྐྱེ་ཁམས་སོགས་རློག་བྱེད་དུ་གཏན་ནས་འགྱུར་མི་རུང་། འདི་ལྟར་འགྱུར་མིན་དེ་མཐར་གཏུགས་ན་དཔལ་འབྱོར་སྤྱོད་མཁན་གྱི་ཀུན་སྤྱོད་ལ་ཐུག་ཡོད་པས་དཔལ་འབྱོར་སྒྲུབ་པ་དང་དུས་མཉམ་དུ་ཀུན་སྤྱོད་སློབ་གསོ་ནི་ངེས་པར་བརྗེད་མི་རུང་བའི་གནད་དོན་ཆེན་པོ་ཞིག་ཡིན་ལ། ནང་བསྟན་མི་ཆོས་རིག་པ་ལས་བཤད་ན་ཀུན་སྤྱོད་དེ་ནི་ཆོས་ཀྱི་སློབ་གསོ་སྟེ་སེམས་པ་བཟང་བོ་དང་བརྩེ་སེམས། གཞན་ཕན་གྱི་བསམ་པ་དེ་ངེས་པར་དགོས་པ་ཞིག་ཡིན་པས། དཔལ་འབྱོར་འཚོལ་མཁན་དང་། གསོག་མཁན། སྤྱོད་མཁན་ཀུན་གྱི་ཀུན་སྤྱོད་ལེགས་ན་དཔལ་འབྱོར་ནི་འཇིག་རྟེན་གྱི་བདེ་སྐྱིད་དུ་འགྱུར་བ་ལས་གཞན་དུ་ན་རང་གཞན་ལ་སྡུག་བསྔལ་སློང་བྱེད་དུ་འགྱུར་རོ། །

ལྔ་བ། དཔལ་འབྱོར་སྒྲུབ་སྟངས།

     ནང་བསྟན་དཔལ་འབྱོར་རིག་པ་ལས་དཔལ་འབྱོར་སྒྲུབ་སྟངས་ནི་ཤིན་ཏུ་གལ་ཆེ་སྟེ།དཔལ་འབྱོར་སྒྲུབ་སྟངས་ཡང་དག་པ་ཞིག་མེད་ན། དཔལ་འབྱོར་སྒྲུབ་དུས་ནོར་འཁྲུལ་གང་མང་ཞིག་འབྱུང་ངེས་ལ་སྡུག་བསྔལ་གང་མང་ཞིག་ཀྱང་འབྱུང་ངེས་པ་མ་ཟད། ཐ་ན་བཙོན་ཁང་དུ་འགྲོ་སྲིད་ལ་རང་གི་སྲོག་ཀྱང་གཏང་ངེས་པ་ཡིན་ནོ། །ནང་བསྟན་དཔལ་འབྱོར་རིག་པ་ལས་བཤད་ན་རྩོལ་བ་བྱེད་ཚད་ལ་དཔལ་འབྱོར་ཐོབ་པ་ཞིག་གཏན་ནས་མིན་ཏེ། དཔལ་འབྱོར་ཐོབ་པ་ལ་ཕྱི་ནང་གི་རྐྱེན་གཉིས་ཡོད་པས་རྐྱེན་དེ་གཉིས་གསལ་བོར་ངོས་ཟིན་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན། ཕྱི་རྐྱེན་ནི་ཕྱིའི་ཐོན་ཁུངས་དང་། དཔལ་འབྱོར་སྒྲུབ་པའི་ཕྱིའི་ཆ་རྐྱེན་ལ་རག་ལས་ཤིང་། ནང་གི་རྐྱེན་ལ་ཚེ་སྔ་མར་བསགས་པའི་བསོད་ནམས་དང་། ཚེ་འདི་ལ་བསགས་པའི་བསོད་ནམས། མི་རང་གི་དཔལ་འབྱོར་སྒྲུབ་པའི་བརྩོན་པ་དང་ཤེས་རབ་བཞི་ཡོད། ཕྱི་རྐྱེན་དེ་དག་ཀྱང་མཐར་གཏུགས་ན་ནང་གི་རྐྱེན་ཡིན་པས་འདིར་དེ་དག་རགས་ཙམ་བཤད་པ་བྱ་སྟེ།
     དང་བོ། དཔལ་འབྱོར་སྒྲུབ་སྟངས་ཐད་ཀྱི་ལས་འབྲས་ཀྱི་འབྲེལ་བ། གོང་དུ་བཤད་པའི་དཔལ་འབྱོར་ཐོབ་པའི་རྐྱེན་དེ་དག་ལས་ཆེས་གལ་ཆེ་བ་ནི་མི་རང་གི་བསོད་ནམས་གྱི་སྟོབས་ཡིན་ཏེ། 《ཆུ་ཤིང་གི་བསྟན་བཅོས》ལས། དམན་པས་བསགས་ཀྱང་མི་འགྲུབ་ལ། །བསོད་ནམས་ལྡན་པས་བཏང་ཡང་འབྱོར། །ཞེས་གསུངས་པ་ལྟར་དཔལ་འབྱོར་ལག་ཏུ་འབྱོར་བ་ལ་བསོད་ནམས་དགོས་ཤིང་། ཐོབ་པའི་དཔལ་འབྱོར་མི་ཉམས་པའི་ཆེད་དུ་ཡང་བསོད་ནམས་གསག་དགོས། བསོད་ནམས་ཞེས་པ་ནི་ཆོས་ལུགས་ཀྱི་ཐ་སྙད་ཅིག་ཡིན་མོད་ཀྱང་མཐར་གཏུགས་ནས་བཤད་ན་རྒྱུ་ཁྱད་པར་ཅན་ཞིག་གི་མིང་ཡིན།
     1.དཔལ་འབྱོར་ཐོབ་མི་ཐོབ་བསོད་ནམས་ལ་འབྲེལ་ཡོད་པ། དེ་ཡང་འབྱོར་བ་ཐོབ་མི་ཐོབ་དེ་མི་རང་གི་བསོད་ནམས་ལ་འབྲེལ་ཡོད་དེ། བསོད་ནམས་དེ་ལ་ཚེ་སྔོན་མའི་བསོད་ནམས་ཡོད་ལ། ཚེ་འདིར་བསགས་པའི་བསོད་ནམས་ཀྱང་ཡོད། བསོད་ནམས་ཞེས་པ་ནི་དགེ་བའི་ལས་ཀྱི་མིང་ཡིན་ཏེ། མཐར་ཐུག་ནས་བཤད་ན་དཔལ་འབྱོར་ཐོབ་མི་ཐོབ་ཀྱི་སྟེང་ན་ལས་འབྲས་ཀྱི་འབྲེལ་བ་ཞིག་ཡོད་དེ་མི་ལ་ལ་ཞིག་གིས་རྩོལ་བ་དེ་འདྲ་མ་བྱས་ཀྱང་དཔལ་འབྱོར་ཐོབ་ལ། ལ་ལས་རྩོལ་སྒྲུབ་མང་དུ་བྱས་ཀྱང་མི་ཐོབ་པ་ནི་བསོད་ནམས་ལ་རག་ལས་ཏེ།《ས་སྐྱའི་ལེགས་བཤད》ལས། མི་གང་བསོད་ནམས་ལ་སྤྱོད་པ། །   བཏང་ཡང་ལོངས་སྤྱོད་ཆར་བཞིན་འབབ། །ཅེས་དང་། 《ཆུ་ཤིང་གི་བསྟན་བཅོས》ལས། དབུལ་ཕྱུག་དར་རྒུད་མཐོ་དམན་ཀུན། །སྔོན་སྤྱད་ལས་ཀྱི་གོ་རིམ་སྟེ། །ཞེས་པ་ལྟར་ལོངས་སྤྱོད་ལྡན་པ་ལ་བསོད་ནམས་གསག་དགོས་ཏེ། བསོད་ནམས་ཀྱི་ཕྱིར་ཏུ་གཞན་ལ་བཏང་བས་ན་དེའི་འབྲས་བུར་ལོངས་སྤྱོད་ཟད་པ་མེད་པར་འབྱུང་བ་ཡིན་གསུངས།
     2.བསོད་ནམས་མེད་ན་ལོངས་སྤྱོད་འཛོམས་ཀྱང་ཉམས་འགྲོ། དཔལ་འབྱོར་དང་འབྲེལ་བའི་བསོད་ནམས་ལ་དཔལ་འབྱོར་རྒྱས་མིན་དང་འབྲེལ་བའི་བསོད་ནམས་ཤིག་དང་དཔལ་འབྱོར་བརྟན་མིན་དང་འབྲེལ་བའི་བསོད་ནམས་ཤིག  དཔལ་འབྱོར་རང་གི་མཐུན་རྐྱེན་དུ་འགྲོ་མིན་དང་འབྲེལ་བའི་བསོད་ནམས་ཤིག་དང་གསུམ་ཡོད། གལ་ཏེ་ཁྱོད་ཀྱིས་དཔལ་འབྱོར་རྒྱས་པའི་བསོད་ནམས་བསགས་ཀྱང་བརྟན་པའི་བསོད་ནམས་མ་བསགས་ན་ལོངས་སྤྱོད་འཛོམས་ཀྱང་དེ་མུར་ཉམས་འགྲོ་ངེས་ཏེ། སྔ་དྲོའི་ཕྱུག་པོ་ཕྱི་དྲོར་དབུལ་བོར་འགྱུར་བ་ད་ལྟའང་མང་དུ་མཐོང་བས་སོ། །དེ་བས《ཆུ་ཤིང་གི་བསྟན་བཅོས》ལས། འབྱོར་ལྡན་བསོད་ནམས་གསོག་དགོས་ཏེ། །བསོད་ནམས་ཉམས་ན་རྒུད་པ་སླ། །ཞེས་རང་གི་རྒྱུ་ནོར་ལོངས་སྤྱོད་སྙན་པའི་གྲགས་པ་སོགས་ཉམས་པ་ནི་རང་གི་བསོད་ནམས་ཡིན་པར་གསུངས་པ་དེ་ནང་བའི་བསྟན་པའི་སྦྱིན་བདག་དག་ལ་མཚོན་ན་ཚུལ་དེ་ངེས་པར་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན།
     3.བསོད་ནམས་མ་བསགས་ན་དཔལ་འབྱོར་བསགས་ཀྱང་དབུལ་བ་མི་སེལ་བ། བསོད་ནམས་གསོག་པ་ནི་གོང་དུ་བཤད་པའི་དཔལ་འབྱོར་རྒྱས་པ་དང་བརྟན་པ་ལ་འབྲེལ་བ་ཡོད་པ་མ་ཟད། དཔལ་འབྱོར་རང་གི་མཐུན་རྐྱེན་དུ་འགྲོ་བ་ལའང་འབྲེལ་བ་ཡོད། གལ་ཏེ་དཔལ་འབྱོར་རང་གི་མཐུན་རྐྱེན་དུ་མི་འགྲོ་ཞིང་དབུལ་བ་མི་སེལ་ན་དཔལ་འབྱོར་དེ་ནི་ཡི་དྭགས་ཀྱི་འབྱོར་བ་བཞིན་དུ་འགྱུར་བས་གསེར་གྱི་གཏེར་ཁ་ལ་དབང་དུ་འབྱོར་ཡང་སྔར་བཞིན་དབུལ་བོ་ཡིན་པ་ལས་ཕྱུག་པོ་ཞིག་ཏུ་ནམ་ཡང་འགྱུར་མི་སྲིད་དེ《ཆུ་ཤིང་གི་བསྟན་བཅོས》ལས། རྩ་བ་བསོད་ནམས་མེད་གྱུར་ན། །བསགས་པས་དབུལ་བ་མི་སེལ་ཏེ། །སྡོང་པོ་རླན་དང་བྲལ་བ་ལ། །ཡལ་གར་ཆུ་བོས་བྱུགས་ཀྱང་ཅི། །ཞེས་བརླན་དང་བྲལ་བའི་སྡོང་བོ་རྒྱས་མི་སྲིད་པའི་དཔེའི་སྒོ་ནས་གསུངས་ཤིང་རྒྱུ་ནོར་ལོངས་སྤྱོད་བསགས་ཀྱང་དབུལ་བའི་གདུང་བ་མི་སེལ་བས་དཔལ་འབྱོར་དེ་རིགས་བསྒྲུབས་ཀྱང་དོན་མེད་པ་ཉིད་དོ། །
     4.དཔལ་འབྱོར་ཆོས་ཀྱིས་བསྒྲུབ་ན་བསྒྲུབ་སླ་བ། ནང་བའི་ཆོས་ལས་དཔལ་འབྱོར་སྒྲུབ་ཐབས་ཀྱི་སྐོར་མང་དུ་གསུངས་པས་དེ་བཞིན་དུ་སྒྲུབ་པ་ནི་ཤིན་ཏུ་སླ་བ་ཡིན་ཏེ། 《རླུང་གི་བསྟན་བཅོས》ལས། ཚེ་འདིའི་བདེ་འབྱོར་སྒྲུབ་ན་ཡང་། །ཆོས་ཀྱིས་བསྒྲུབ་ན་མོད་ལ་འགྲུབ། །ཅེས་གསུངས། འདི་ལ་གོ་རྒྱུ་ཡོད་པ་ནི་གཅིག་ནི་ཆོས་ལ་བརྟེན་ནས་བསོད་ནམས་བསགས་པ་དང་། གཉིས་སུ་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་ནོར་ལྷ་བསྟེན་པ་དང་དམ་པའི་ཆོས་སྒྲོག་པ། གཡང་འབོད་གཏེར་སྒྲུབ་སོགས་ཀྱང་དཔལ་འབྱོར་ཆོས་ཀྱིས་བསྒྲུབ་ཅེས་པའི་ནང་དུ་འདུས་པས་ནང་བསྟན་དཔལ་འབྱོར་རིག་པ་ནི་དེང་རབས་དཔལ་འབྱོར་རིག་པ་དང་མི་འདྲ་བའི་གནད་ཅིག་འདི་ན་ཡོད་དོ། །
     ཤེས་རབ་ནི་དཔལ་འབྱོར་སྒྲུབ་མཁན་ལ་མེད་དུ་མི་རུང་བ། ཆོས་དང་འཇིག་རྟེན་གང་སྒྲུབ་ན་ཡང་ཤེས་རབ་མེད་དུ་མི་རུང་སྟེ། ཤེས་རབ་ནི་ལེགས་ཉེས་བླང་དོར་འབྱེད་བྱེད་ཀྱི་མིག་ཟུང་ལྟ་བུ་ཡིན་པས་སོ། །གལ་ཏེ་ཤེས་རབ་མེད་པར་བརྩོན་པ་ཁོ་ན་ལ་བརྟེན་ནས་ལས་ལ་འཇུག་པ་ནི་འཁོར་ལོ་ཡ་གཅིག་མེད་པའི་རླངས་འཁོར་བཞིན་དུ་ལམ་དུ་རྒྱུ་བར་ནུས་པ་གཏན་ནས་མ་ཡིན། དེ་བས་ནང་བསྟན་དཔལ་འབྱོར་རིག་པ་ལས་ཀྱང་ཆེས་གལ་ཆེ་བ་ཞིག་ནི་ཤེས་རབ་ཡིན་ཏེ། ཤེས་རབ་ནི་ལས་གང་ལ་ཡང་མེད་མི་རུང་བ་ཡིན་པས་ཤེས་པ་ཐམས་ཅད་ལས་རབ་ཏུ་གྱུར་པས་ཤེས་རབ་ཅེས་འབོད་པ་ཡིན། དེ་བས《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས》ལས། ཕལ་བས་སྒྲུབ་པར་མི་ནུས་པ། །ཤེས་རབ་ལྡན་པས་ཐབས་ཀྱིས་འགྲུབ། །ཅེས་གསལ་བོར་གསུངས་ལ་རྒྱས་པར་ནི་འོག་ཏུ་བརྗོད་དོ། །


འབྲེལ་ཡོད་འོས་སྦྱོར།