logo

བིས་མདོ་སྒོ་མང་མཆོད་རྟེན་ལ་འཛམ་གླིང་ཅི་ཉི་སི་ཡང་རྩེ་ཡི་མཚན་སྙན་ཐོབ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-02-08 ཀློག་གྲངས།:

     ཉེ་ལམ། བིས་མདོ་སྒོ་མང་མཆོད་རྟེན་ཏེ་འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་ལ་ཧྲང་ཧའེ་འཛམ་གླིང་ཆེན་མོའི་ཅི་ཉི་སི་སྤྱི་ཁྱབ་པུའུ་ཡིས་ཞིབ་དཔྱད་ནན་མོ་བརྒྱུད། བོད་ལུགས་སྲོལ་རྒྱུན་མཆོད་རྟེན་གྱི་བཀོད་པ་མཆོག་ཏུ་གྱུར་བའི་མཚན་སྙན་ལས་ཀྲུང་གོའི་བོད་ལུགས་སྲོལ་རྒྱུན་མཆོད་རྟེན་ཆེ་ཤོས་སུ་གྱུར་བ་མ་ཟད། 2018ལོའི་ཟླ1པོར་དཔང་ཡིག་གནང་།

      མཆོད་རྟེན་འདི་ནི་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་བིས་མདོ་ཡུལ་ཚོ་སྟེ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་འཁྲུངས་ཡུལ་དུ་ཆགས་ཤིང་། བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་དཀྱིལ་འཁོར་བཟོ་བཀོད་ལྟར་བོད་ལུགས་སྲོལ་རྒྱུན་འཛུགས་སྐྲུན་བཟོ་རྩལ་ལས་གྲུབ་ཡོད། མཐོ་ཚད་ལ་སྨི60དང་ཞེང་ཚད་ལ་སྨི57ཡོད།
     མཆོད་རྟེན་འདིར་ཕྱི་ནང་བར་གསུམ་བཅས་རིམ་པ་གསུམ་དུ་དབྱེ་ཞིང་། ནང་དུ་རིམ་ལྔ་དང་། ཕྱོགས་བཞི་རུ་སྒོ་མོ108། ལྷ་ཁང་ཆེ་ཆུང128བཅས་ཡོད། མཆོད་རྟེན་ནང་དུ་རྟེན་གཙོ་སྣ་ཚོགས་དང་། བྱང་ཆུབ་སེམས་དཔའ། ཆོས་སྐྱོང་སྲུང་མ། ནོར་ལྷ་སོགས་ཟངས་སྐུ10000དང་། 《བཀའ་འགྱུར》དང《བསྟན་འགྱུར》། དེ་མིན་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་དང་དཔེ་ཚོགས10000བཅས་ཡོད།

     2004ལོའི་ཟླ2པའི་ཚེས11ཉིན། པཎ་ཆེན་སྐུ་ཕྲེང་བཅུ་བའི་ཚ་བོ་སྒར་བ་ངག་དབང་བཟང་བོས་བསྐྱར་བསྐྲུན་གྱི་བློ་བཏོན་ཏེ། 2016ལོའི་ཟླ8པའི་ཚེས10ཉིན་དངོས་སུ་ལེགས་འགྲུབ་བྱུང་ལ། པཎ་ཆེན་མཚན་ཉིད་གླིང་གིས་བདག་དམ་བྱེད་པ་ཡིན།
     2016ལོའི་ཟླ9བའི་ཚེས10ཉིན། རྒྱ་བརྒྱུད་ནང་བསྟན་དང་། ལྷོ་བརྒྱུད་ནང་བསྟན། བོད་བརྒྱུད་ནང་བསྟན་བཅས་སྐད་ཁོངས་གསུམ་གྱི་བླ་ཆེན་རྣམས་འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་བསྐྱར་བསྐྲུན་ལེགས་འགྲུབ་དང་རབ་གནས་ཀྱི་མཛད་སྒོ་ཆེན་མོར་ཞུགས།
འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་གྱི་ཡང་རྩེ་བཅུ་ནི།
1.ལོ་རྒྱུས་སྟེང་འཛམ་གླིང་ཞི་བདེའི་སླད་བསྐྲུན་པའི་ལོ་རྒྱུས་ཀྱི་ཡུན་རིང་བའི་ཡང་རྩེ།
2.དེའི་མཐོ་ཚད་སྨི60སྟེ། བོད་ལུགས་མཆོད་རྟེན་གྱི་ཆེས་མཐོའི་ཡང་རྩེ་ཡིན།
3.དེའི་ཞེང་དུ་སྨི57སྟེ། བོད་ལུགས་མཆོད་རྟེན་གྱི་ཞེང་ཚད་ཀྱི་ཡང་རྩེ་ཡིན།
4.ས་འོག་རིམ་ལྔ་སྟེ། མཆོད་རྟེན་གྱི་ས་འོག་རིམ་པ་ཆེས་མང་བའི་ཡང་རྩེ་ཡིན།
5.ལྷ་ཁང་ཆེ་ཆུང128སྟེ། ལྷ་ཁང་གྲངས་ཀའི་ཡང་རྩེ་ཡིན།
6.མཆོད་རྟེན་ཧྲིལ་བོར་ཕྱི་ནང་བར་གསུམ་གྱི་ལྷ་ཁང་དབྱེ་སྟེ། ཕྱི་ནང་བར་གསུམ་གྱི་རིམ་པའི་ཡང་རྩེ་ཡིན།
7.མཆོད་རྟེན་དུ་ལྷ་སྐུ་སྣ་ཚོགས་བཞུགས་ཤིང་། ལྷ་སྐུ་གྲངས་ཀའི་ཡང་རྩེ་ཡིན།
8.མཆོད་རྟེན་དུ་ཕལ་ཆེར་ཟངས་སྐུ་སྟེ། ཟངས་སྐུ་ཡོངས་ཀྱི་ཡང་རྩེ་ཡིན།
9.གསུང་རབ་ཁྲི་ཕྲག་སྟེ། མཆོད་རྟེན་དུ་གསུང་རབ་གྲངས་ཀའི་ཡང་རྩེ་ཡིན།
10.བོད་ལུགས་བཟོ་རྩལ་གྱི་སྒོ་མོ108ཅན་མཆོད་རྟེན་གྱི་སྒོ་མང་གི་ཡང་རྩེ་ཡིན།


འབྲེལ་ཡོད་འོས་སྦྱོར།