མཚོ་ལྷོ་ཁུལ་གྱིས2017ལོའི་བོད་བརྒྱུད་ནང་བསྟན་དགོན་སྡེའི་དཔེ་ཁྲིད་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།
ད་ལོའི་ལོ་སྟོད་ཀྱི་གསོ་སྦྱོང་འཆར་འགོད་ལྟར། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་འཛུགས་བྱ་བ་དམ་པོར་དམིགས་ཏེ། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དཔེ་ཁྲིད་དགེ་རྒན་གྱི་འདུ་ཤེས་སྔར་བས་མཐོ་རུ་བཏང་སྟེ། ཆབ་སྲིད་ཐད་བློས་འཁེལ་ཐུབ་པ་དང་། ཤེས་ཡོན་ཐད་མཁྱེན་རྒྱ་ཡངས་པ། ཀུན་སྤྱོད་ཐད་ཚང་མས་ཁས་ལེན་པ། གནད་འགག་ལ་ཐུག་དུས་ནུས་པ་འདོན་ཐུབ་པའི་དགོན་སྡེའི་དཔེ་ཁྲིད་དགེ་རྒན་གྱི་དཔུང་ཁག་ལེགས་པོར་སྐྱོང་བར་ནུས་པ་གང་ལེགས་བཏོན།
སེམས་ཞིབ་མོས་སློབ་ཁྲིད་ནང་དོན་ཇུས་འགོད་བྱས་ཐོག གསོ་སྦྱོང་སྐབས་སུ་གཙོ་བོར་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་དོན་སྲོལ་ཡིག་དང་། བོད་བརྒྱུད་ནང་བསྟན་དགོན་པའི་གྲྭ་བཙུན་ཤེས་ལྡན་མི་སྣའི་སློབ་གསོ་དང་དོ་དམ་སྐོར་གྱི་བྱེད་ཐབས། གནས་བབ་གསར་བའི་འོག་ཏུ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་སྦྱོར་ཅི་ལྟར་བྱེད་དགོས་པའི་སྐོར། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱེད་པ། བོད་བརྒྱུད་ནང་བསྟན་ཆོས་སྤྱོད་དོ་དམ་སྐོར་གྱི་བསམ་ཚུལ་གླེང་བ། ཏང་གི་མི་རིགས་ཆོས་ལུགས་བྱ་བའི་སྲིད་ཇུས་སྐོར་གླེང་བ། རྩ་ཁྲིམས། བོད་བརྒྱུད་ནང་བསྟན་དགོན་པའི་གྲྭ་བཙུན་ཤེས་ལྡན་མི་སྣའི་གསོ་སྐྱོང་ཐད་ཀྱི་བསམ་འཆར་བཅས་ཀྱི་སྐོར་ནས་འཆད་ཁྲིད་བྱས་པ་མ་ཟད། སློབ་ཁྲིད་ནང་དོན་སྐོར་ནས་བགྲོ་གླེང་བྱས་པ་དང་། དེ་མིན་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་སྒྲུབ་གནས་ཚུལ་ལ་ལྟ་སྦྱོང་བྱས་པ་རེད།