སྟོན་པ་དང་དེའི་རྗེས་འཇུག་པ་དག་གིས་ཆོས་མཐུན་གྱི་འབྱོར་བའི་ཕྱོགས་ལ་ཐུགས་སྨོན་གནང་ཚུལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-02-02
ཀློག་གྲངས།:
བདག་ཅག་གི་སྟོན་པའི་ཁྱིམ་ལས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ནོར་དང་ལོངས་སྤྱོད་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་སྤངས་པ་ཡིན་མོད། བསྟན་པའི་སྦྱིན་བདག་ལ་རྗེས་སུ་བརྩེ་བས་ནོར་དང་ལོངས་སྤྱོད་འབྱུང་བའི་ཐབས་ལམ་མང་དུ་གསུངས་པ་གོང་དུ་བརྗོད་པ་ལྟར་ཡིན་ལ། དེ་བཞིན་བསྟན་པའི་སྦྱིན་བདག་ཉམ་ཆུང་དབུལ་བོ་དག་གི་ཆེད་དུ་དེ་དག་ལ་ནོར་ལོངས་སྤྱོད་འབྱུང་བའི་ཐུགས་སྨོན་ཡང་རྒྱ་ཆེན་པོ་གནང་ཡོད་དེ། བདག་ཅག་གི་སྟོན་པས་འགྲོ་བའི་ལོངས་སྤྱོད་ཀྱི་ཆེད་དུ་ཐུགས་སྨོན་རྒྱ་ཆེན་པོ་མཛད་པ་ཡིན་ཏེ། མདོ་ལས། སེམས་ཅན་གང་དག་བཀྲེས་སྲེད་སྐོམ་གྱིས་གཟིར། །དེ་དག་ཟས་སྐོམ་སྣ་ཚོགས་རྙེད་པར་ཤོག །ཅེས་དང་། ནོར་འབྲུ་རིན་ཆེན་སྣ་ཚོགས་མང་བོ་ཡིས། །སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་ཤོག །ཅེས་དང་། རྟག་ཏུ་མཐོན་པོའི་རིགས་སུ་སྐྱེ་བར་ཤོག །ནོར་དང་འབྲུ་ཡིས་མཛོད་རྣམས་འབྱོར་གྱུར་ཅིག ། ཅེས་ཐུགས་སྨོན་རྒྱ་ཆེར་གནང་བ་དག་སྟོན་པའི་གསུང་མ་རེད་ཅེས་སུ་ཞིག་གིས་སྨྲ་བར་སྤོབས། ཐུགས་སྨོན་དེ་དག་ཀྱང་བསྟན་པའི་སྦྱིན་བདག་གི་ཆེད་དུ་ཡིན་པ་ལས་རབ་ཏུ་བྱུང་བ་ཐམས་ཅད་ཕྱུག་པོར་གྱུར་ཅིག་ཅེས་ཏེ་སྨོན་ལམ་བཏབ་པ་གཏན་ནས་མ་ཡིན་པའི་ཕྱིར་རོ། །རྒྱལ་སྲས་ཞི་བ་ལྷས། བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག །མྱ་ངན་ཉམ་ཐག་དགའ་ཐོབ་ཤོག ། ཅེས་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་བོས། དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །ཞེས་དང་། སློབ་དཔོན་པད་མས། བསྟན་པའི་གསོས་བྱེད་ཁྱིམ་བདག་འབྱོར་ལྡན་རྣམས། །ལོངས་སྤྱོད་ལྡན་ཞིང་ཉེར་འཚེས་མེད་པར་ཤོག །འགྲོ་མགོན་འཕགས་པས། གང་ཡོད་ན་ནི་བདག་གཞན་ཕུན་ཚོགས་ཤིང་། །གནས་སྐབས་དགའ་དང་བདེ་བ་འཕེལ་བྱེད་ལ། །ཐབས་ཀྱིས་ཟིན་ན་སྲིད་ཞིའི་དཔལ་བསྐྱེད་པའི། །ལོངས་སྤྱོད་ཆུད་མི་གཟན་ཞིང་སྤེལ་བར་བགྱིད། །ཅེས་དང་། རྗེ་ཙོང་ཁ་བ་ཆེན་མོས། རིགས་གཟུགས་འབྱོར་དང་དབང་ཕྱུག་ཤེས་རབ་དང་། །ཚེ་རིང་ནད་མེད་བདེ་དང་ལྡན་གྱུར་ཅིག །ཅེས་དང་། བསྟན་པའི་སྒྲོན་མེས། བསོད་ནམས་ཞིང་གི་མཆོག་གྱུར་དགེ་འདུན་དང་། །བསོད་ནམས་དད་གཏོང་འཛོམས་པའི་སྦྱིན་བདག་དང་། །བསོད་ནམས་སྡིག་དང་མ་འདྲེས་རྒྱུ་སྦྱོར་གྱིས། །བསོད་ནམས་དུས་སྟོན་དར་བའི་ཕྭ་གཡང་སྩོལ། །ཅེས་དང་། རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྗེས། ལོངས་སྤྱོད་མཆོག་རབ་ཡོངས་ལ་རྟག་རོལ་བའི། །ལོངས་སྤྱོད་རྫོགས་སྐུ་ཨོ་རྒྱན་རིན་པོ་ཆེ། །གསོལ་བ་འདེབས་སོ་འདོད་རྒུའི་ལོངས་སྤྱོད་ཀྱི། །ཆར་ཆེན་འབེབ་པའི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ དང་། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས། ཡོན་བདག་བསོད་ནམས་ལོངས་སྤྱོད་འཕེལ་ཕྱིར་གཏེར། །ལོངས་སྤྱོད་འབྱོར་བ་དབྱར་མཚོ་ལྟར་འཕེལ་ཤོག །ཅེས་དེ་བཞིན་སྐྱེས་བུ་དམ་པ་དག་གིས་བསྟན་པའི་སྦྱིན་བདག་གཙོ་བྱས་ཏེ་སྐྱེས་བུ་ནོར་གྱིས་དབུལ་བ་དག་ལ་འབྱོར་བའི་ཆ་ནས་ཐུགས་སྨོན་རྒྱ་ཆེན་པོ་གནང་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།