མཚོ་ལྷོ་ཁུལ་བོད་བརྒྱུད་ནང་བསྟན་དགོན་སྡེའི་དཔེ་ཁྲིད་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོ་བསྡུས་པ།
སྤྱི་ཟླ11པའི་ཚེས10ཉིན། མཚོ་ལྷོ་ཁུལ་བོད་བརྒྱུད་ནང་བསྟན་དགོན་སྡེའི་དཔེ་ཁྲིད་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གསོ་སྦྱོང་ལྟེ་གནས་སུ་བསྡུས་ཤིང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རིན་ཆེན་རྣམ་རྒྱལ་གདན་ཞུ་ལྟར་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ་བ་དང་། མཚོ་ལྷོ་ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་མཛད་སྒོར་ཞུགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་ཀྱིས་ཟབ་སྦྱོང་ལ་ཞུགས་པའི་བླ་མ་དང་དགེ་རྒན་རྣམས་ལ་འཚམས་འདྲི་ཞུས། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེ30ཡི་བླ་ཆེན་དང་དགེ་རྒན62ཐེངས་འདིའི་ཟབ་སྦྱོང་ལ་ཞུགས། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་མཛད་སྒོའི་སྟེང་ན་ནིང་ཐོབ་ཐང་དཔྱད་བསྡུར་བླངས་པའི་དཔེ་ཁྲིད་དགེ་རྒན17ལ་དཔང་ཡིག་སྤྲད་པ་དང་། དེ་མིན་ཕུལ་བྱུང་དཔེ་ཁྲིད་དགེ་རྒན13ལ་གཟེངས་བསྟོད་བྱ་དགའ་གནང་།
མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སྟག་འབུམ་རྒྱལ་གྱིས་བསྟན་དོན། དགོན་སྡེ་སོ་སོ་ནི་ནང་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་སའི་ལྟེ་གནས་ཡིན་ལ། ལྷག་པར་དུ་བོད་བརྒྱུད་ནང་བསྟན་དགོན་པའི་དཔེ་ཁྲིད་དགེ་རྒན་ནི་རྒྱ་ཆེ་བའི་ཆོས་ལུགས་མི་སྣའི་དྭངས་གཙང་ལྷད་མེད་ཀྱི་ཀུན་སྤྱོད་མཚོན་བྱེད་དང་། བོད་བརྒྱུད་ནང་བསྟན་རིག་གནས་རྒྱུད་འཛིན་མཁན་དང་སྣེ་ཁྲིད་པ་ཡིན་པ་དང་། དགོན་པར་ཆོས་ལུགས་བྱ་འགུལ་སྤེལ་བའི་དཀྱིལ་སྙིང་གི་ནུས་པ་དང་རྐང་འཛིན་མི་སྣ་ཡིན་པས། དགོན་སྡེའི་ཆོས་ལུགས་བྱ་འགུལ་ཁྲོད་དང་། ཆོས་ལུགས་མི་སྣ། ཡང་ན་དད་ལྡན་མང་ཚོགས་ཀྱི་ཁྲོད་དུ་ཡར་སྐུལ་གྱི་ནུས་པ་ཆེན་པོ་ཐོན་བཞིན་ཡོད། དེ་བས་དཔེ་ཁྲིད་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ལེགས་པོ་བྱས་ན། བོད་བརྒྱུད་ནང་བསྟན་ཡར་རྒྱས་གོང་འཕེལ་དང་། རྒྱ་ཆེའི་གྲྭ་བཙུན་གྱི་སྤུས་ཚད་མཐོར་འདེགས། དགོན་པའི་བསླབ་པ་སློབ་གཉེར་འཛིན་སྐྱོང་སྤེལ་གསུམ་དང་། དགོན་པའི་དོ་དམ་སོགས་ཕྱོགས་གང་ཅིའི་ཐད་ནས་དགེ་མཚན་བླ་མེད་ལྡན།
ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་དུས་ཡུན་ཉིན3ལ་སྤེལ་ཞིང་། གཅིག་བསྡུས་ཟབ་སྦྱོང་དང་བཞུགས་མོལ་བགྲོ་གླེང་གི་དཔེ་ཁྲིད་རྣམ་པ་ཟུང་སྦྲེལ་བྱས་ཡོད། ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་དང་མཚོ་སྔོན་ཞིང་ཨུའི་ཏང་གི་སློབ་གྲྭའི་ཆེད་མཁས་པ་ཡང་གདན་ཞུ་སྒོས་ཟུར་ཁྲིད་བྱས།