logo

《གཅན་ཚའི་རྔ་བ་དགོན་གྱི་བསྐལ་བཟང་སངས་རྒྱས་སྟོང་སྐུ་རྡོ་བརྐོས་མ》ཐོག་འགྲེམ་གྱི་བགྲོ་ཚོགས་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-22 ཀློག་གྲངས།:


གཅན་ཚའི་རྔ་བ་དགོན།

     ཟླ5བའི་ཚེས22ཉིན། 《གཅན་ཚའི་རྔ་བ་དགོན་གྱི་བསྐལ་བཟང་སངས་རྒྱས་སྟོང་སྐུ་རྡོ་བརྐོས་མ》ཐོག་མའི་འགྲེམ་སྤེལ་གྱི་བགྲོ་གླེང་ཚོགས་འདུ་དེ་ཟི་ལིང་གྲོང་ཁྱེར་སྐུ་འབུམ་དགོན་གྱི་མཚོ་སྔོན་བོད་ཀྱི་རིག་གནས་ཁང་དུ་སྤེལ་ཞིང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པའམ་སྐུ་འབུམ་དགོན་གྱི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཨ་ལགས་གཟིམ་ཁང་ཚང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་རིག་གནས་ཐིན། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་སོགས་སྡེ་ཁག་དང་ས་ཁུལ་གྱི་བློ་མཐུན་ཐེངས་འདིའི་བྱེད་སྒོར་ཞུགས་ལ། བོད་རིག་པ་དང་ནང་བསྟན་རིག་པའི་ཆེད་མཁས་པ་དང་ཤེས་ཡོན་པ་དག་གིས་སངས་རྒྱས་སྟོང་སྐུ་དང་རྡོ་བརྐོས་ལྷ་སྐུ། དེ་མིན་དེ་མྱུར་སྐྱོབ་ལེགས་སྒྲིག་སོགས་ཀྱི་ཐད་བགྲོ་གླེང་མཛད།

《གཅན་ཚའི་རྔ་བ་དགོན་གྱི་རྡོ་བརྐོས་སངས་རྒྱས་སྟོང་སྐུ》ཐོག་མའི་འགྲེམ་སྤེལ་གྱི་བགྲོ་ཚོགས།
གཅན་ཚའི་རྔ་བ་དགོན་གྱི་
བསྐལ་བཟང་སངས་རྒྱས་སྟོང་སྐུ་རྡོ་བརྐོས་མ།

     《གཅན་ཚའི་རྔ་བ་དགོན་གྱི་བསྐལ་བཟང་སངས་རྒྱས་སྟོང་སྐུ་རྡོ་བརྐོས་མ》ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས25ཡི་གནའ་དཔེ་ལས་གཞི་གལ་ཆེན་དང་གཅན་ཚ་རྫོང་རིག་གནས་ཁྱད་རྫས་ཀྱི་བཟོ་བཀོད་ཅིག་ཡིན། དེ་ཡང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ་ལག་བསྟར་གནང་བ་དང་། མཚོ་སྔོན་ཞིང་ཆེན་བོད་རིག་གནའ་དཔེ་ཞིབ་འཇུག་ལྷན་ཚོགས་ཀྱིས་ཞིབ་ཕྲའི་འགན་ཁུར་བ་ཡིན། དུས་ཡུན་ལོ་ངོ5ཡི་རིང་། རྟོག་ཞིབ་དང་། སྲུང་སྐྱོབ། ལེགས་སྒྲིག ཞུ་དག རྒྱ་ཡིག་ཏུ་བསྒྱུར་བ། པར་བསྐྲུན་སོགས་གོ་རིམ6བརྒྱུད་དེ། ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་།

     ལས་གཞི་འདིར་སྔ་གཞུག་ཏུ་རྡོ་བརྐོས་ལྷ་སྐུ1053མྱུར་སྐྱོབ་དང་ལེགས་སྒྲིག་བྱས་ལ། དེ་ལས་ལྷ་སྐུ1013ནི་བརྐོས་རིས་དང་ལྷ་སྐུ40ནི་མཚོན་རིས་ཡིན་པ་དང་། དེ་ལས་དཔེ་ཆ་འདིའི་ནང་ལྷ་སྐུ1004འདུས། མ་ཟད་ཆེད་དུ་ནུས་ཤུགས་རྩ་འཛུགས་བྱས་ཏེ《ཏཱ་ཀྲིན་བཀའ་བསྟན་འགྱུར》དང《ཆེན་ལུང་བཀའ་བསྟན་འགྱུར》། 《ཀྲུང་ཧྭའི་བཀའ་བསྟན་འགྱུར》སོགས་པར་གཞི་ལ་ཞུ་དག་དང་ལོ་ཙཱ་གནང་སྟེ། བོད་རྒྱ་ཤན་སྦྱར་གྱི་སངས་རྒྱས་སྟོང་སྐུའི་མཚན་གསོལ་ལ་གཅིག་སྡུད་ཀྱིས་ལོ་ཙཱ་དང་གཅིག་གྱུར་བྱས།
ཞར་བཀོད།
གཅན་ཚའི་རྔ་བ་དགོན་གྱི་བསྐལ་བཟང་སངས་རྒྱས་སྟོང་སྐུ་རྡོ་བརྐོས་མ་ངོ་སྤྲོད་རགས་བསྡུས།
     གཅན་ཚ་རྫོང་ཐོག་ནས་ལྷོ་ཟུར་གྱི་ནུབ་ཕྱོགས་སུ་སྤྱི་ལེ15ཙམ་སོང་ན་ད་ལྟའི་སྣང་ར་ཞང་དུ་ཐོན་ལ། དེའི་ནུབ་ཕྱོགས་ཀྱི་སྤྱི་ལེ3ཙམ་གྱི་ལུང་བའི་ནང་དུ་རྔ་བ་བྱང་ཆུབ་གླིང་ངམ་རྔ་སྒར་བྱང་ཆུབ་གླིང་ཆགས་ཡོད་དེ། ཁྱད་མཚར་བའི་རྡོ་བརྐོས་ཀྱི་སངས་རྒྱས་སྟོང་སྐུ་ནི་དགོན་པ་དེའི་ནང་རྟེན་གཙོ་བོར་བཞུགས་ཡོད།
     དེ་ཡང་རྡོ་བརྐོས་ཀྱི་སངས་རྒྱས་སྟོང་སྐུ་ནི་སྤྱི་ལོ་དུས་རབས14བའི་ཡས་མས་ཙམ་ལ་ད་ལྟའི་གཅན་ཚ་སྣང་ར་ས་ཆར་ཕེབས་ནས་རྔ་བ་བྱང་ཆུབ་གླིང་ངམ་རྔ་སྒར་བྱང་ཆུབ་གླིང་འདེབས་མཁན་གྱི་རྔ་བ་ཆོས་རྗེའམ་བླ་མ་རྡོ་རྗེ་བཟང་པོས་བརྐོས་ཤིང་གནས་འདིར་གདན་་དྲངས་པ་དང་། ད་ལྟའི་བར་དུ་ལོ་ངོ700ལྷག་གི་ལོ་རྒྱུས་ཡོད་པར་བཤད།
     རྡོ་བརྐོས་ཀྱི་སངས་རྒྱས་སྟོང་སྐུ་ལ་དོན་དམ་དུ《འཕགས་པ་བསྐལ་བ་བཟང་པོའི་མདོ》ལས་བྱུང་བའི་བསྐལ་བཟང་གི་སངས་རྒྱས་སྟོང་གི་སྐྱེས་རབས་རྣམ་ཐར་ལྟར་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་གི་སྣང་བརྙན་དང་མཚན་ཡིག་བཅས་ཆ་ཚང་བར་བརྐོས་པའི་སྟོང་སྐུ་གཅིག་དང་། སངས་རྒྱས་འོད་དཔག་མེད་ཀྱི་སྣང་བརྙན་བརྐོས་པའི་སྟོང་སྐུ་གཅིག་བཅས་སྟོང་སྐུ་གཉིས་ཡོད་ཅིང་། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་དུས་འགྱུར་སྣ་ཚོགས་ཀྱི་དབང་གིས་བོར་སྟོར་སོགས་གནོད་སྐྱོན་ལན་དུ་མར་བྱུང་ནའང་སྔར་བཞིན་གསོན་ཉམས་ལྡན་པར་འདུག་ལ། ད་ལྟ་ཕྱིར་དགོན་པའི་ནང་རྟེན་གྱི་གཙོ་བོར་བཞུགས་སུ་གསོལ་ཞིང་རྒྱལ་ཁབ་ཀྱིས་དེར་ཆེད་དམིགས་ཀྱིས་བདག་སྐྱོང་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།