logo

ཀུན་བཟང་བླ་མའི་ཞལ་ལུང་ལས་ལས་རྒྱུ་འབྲས།

རྩོམ་པ་པོ།:རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-28 ཀློག་གྲངས།:
      དོན་གསུམ་པ་ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ་ནི། འདི་ལྟར་ཡ་ཀི་སྲིད་པའི་རྩེ་མོ་ཕྱིན་ཆད་ནས། མ་ཀི་དམྱལ་བ་གདན་ལ་ཐུག་པ་ཡན་ཆད་རང་རང་གི་བདེ་བ་དང་སྡུག་བསྔལ་གྱི་རྣམ་གྲངས་བསམ་གྱི་མི་ཁྱབ་པ་མི་འདྲ་བར་སོ་སོར་མྱོང་བ་དེ་དག་ཐམས་ཅད་ཀྱང༌། རང་རང་གི་སྔོན་བསགས་པའི་དགེ་སྡིག་གི་ལས་འབའ་ཞིག་ལས་བྱུང་བ་ཡིན་ཏེ། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་དྲ ་བ་འདི་ཆེའོ། །ཞེས་གསུངས། ད་ལྟ་སྟོབས་དང་མངའ་ཐང་ནོར་དང་ལོངས་སྤྱོད་ཅི་ཙམ་ཡོད་ཀྱང༌། འཆི་བའི་དུས་ལ་བབས་པའི་ཚེ། དེ་དག་ལས་གཅིག་ཀྱང་རྗེས་སུ་མི་འབྲང་ཞིང༌། རང་གིས་ཚེ་འདིར་བསགས་པའི་ལས་དགེ་སྡིག་ཁོ་ན་རང་གི་རྗེས་སུ་འབྲངས་ནས། དེའི་དབང་གིས་འཁོར་བའི་གནས་རིས་མཐོ་དམན་དུ་འཕེན་པ་ཡིན་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་བཤེས་རྣམས་རྗེས་མི་འབྲངས། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང༌། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས། །ཞེས་གསུངས། དེས་ན་ད་ལྟ་དགེ་སྡིག་གི་ལས་བྱས་པ་ལ། འཕྲལ་དུ་དེའི་འབྲས་བུ་འདི་དང་འདིའོ་ཞེས་མི་མངོན་ཀྱང༌། ནམ་ཡང་ཆུད་ཟོས་སུ་མི་འགྱུར་བར་ཚོགས་ཤིང་དུས་ལ་བབས་པའི་ཚེ་རང་རང་གིས་ཉམས་སུ་མྱོང་བར་འགྱུར་ཏེ། ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་དང༌། ཡོན་ཏན་རིན་པོ་ཆེའི་མཛོད་ལས། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི །གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང༌། །ལུས་ཅན་དག་དང་འདུ་འབྲལ་སྤངས་པ་བཞིན། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་གསུངས། དཔེར་ན་བྱ་ནམ་མཁར་འཕུར་བ་ནམ་མཁའི་དབྱིངས་མཐོན་པོར་ཕྱིན་པའི་ཚེ་བྱ་དེའི་གྲིབ་མ་མི་མངོན་པ་ལྟར་སྣང་ཡང༌། གྲིབ་མ་མེད་པ་མིན་ཏེ་མཐར་གང་དུ་བབས་ཀྱང་གྲིབ་མ་དེ། དེར་ནག་ཧྲིལ་གྱིས་འོང་བ་ལྟར་དགེ་སྡིག་གི་ལས་བྱས་པ་འཕྲལ་ལ་མི་མངོན་ཡང༌། མཐར་ཅིས་ཀྱང་རང་གི་སྟེང་དུ་མི་འོང་བའི་ཐབས་མེད་པ་ཡིན། དེར་མ་ཟད་ལས་ཉོན་གྱི་སྒྲིབ་པ་ཐམས་ཅད་སྤངས་པའི་སངས་རྒྱས་དང་དགྲ་བཅོམ་པ་རྣམས་ཀྱང་ལས་བདག་གིར་བཞེས་དགོས་ན། རང་རེ་སོ་སོའི་སྐྱེ་བོ་རྣམས་ལྟ་ཡང་ཅི་སྨོས་ཏེ། སྔོན་ཤཱཀྱའི་གྲོང་དུ་མཉན་ཡོད་ཀྱི་རྒྱལ་པོ་འཕགས་སྐྱེས་པོའི་དམག་འོང་ནས་ཤཱཀྱ་བརྒྱད་ཁྲི་བསད་པའི་ཚེ། བཅོམ་ལྡན་འདས་ཀྱིས་ཀྱང་དབུ་བསྙུང་བ་ལ་འཁོར་རྣམས་ཀྱིས་རྒྱུ་མཚན་ཞུས་པས། སྔོན་ཤཱཀྱ་རྣམས་ཉ་བར་གྱུར་པའི་ཚེ་ཉ་དུ་མ་བསད་ནས་ཟོས་ཤིང༌། ཉིན་གཅིག་ཉ་ཆེན་པོ་གཉིས་བཟུང་བ་འཕྲལ་དུ་མ་བསད་པར་ཀ་བ་ལ་བཏགས་ནས་བཞག་པ། ཉ་དེ་སྐམ་ལ་ཕྱུངས་ནས་འགྲེ་ལྡོག་ལྡོག་བྱེད་ཅིང་འདི་རྣམས་ཀྱིས་བདག་ཅག་ཉེས་པ་མེད་པར་བསད་པས་སླར་བདག་ཅག་གིས་ཀྱང་འདི་དག་ཉེས་མེད་པར་གསོད་པར་གྱུར་ཅིག་སྙམ་པས། ལས་དེ་ལ་འབྲས་བུ་ཉ་ཆེན་གཉིས་རྒྱལ་པོ་འཕགས་སྐྱེས་པོ་དང༌། དེའི་བློན་པོ་མལ་གནོད་གཉིས་སུ་སྐྱེས། ཉ་བསད་པ་རྣམས་དེ་གཉིས་ཀྱི་དམག་མེར་སྐྱེས་ཏེ། དེ་རིང་ཤཱཀྱ་རྣགས་ཁ་དག་པར་བྱས་པ་ཡིན། ང་དེའི་ཚེ་ཉ་བའི་ཁྱེའུར་སྐྱེས་པ་ཉ་ཆེན་གཉིས་སྐམ་ལ་ཕྱུང་བའི་ཟུག་རྔུ་མི་བཟོད་པར་འགྲེ་ལྡོག་བྱེད་པ་ལ་བལྟས་ནས་བགད་པས་ལས་དེས་དེ་རིང་དབུ་སྙུང་བ་ཡིན། ངས་ཡོན་ཏན་གྱི་ཆོས་འདི་ལྟ་བུ་དག་ཐོབ་མེད་ན། འཕགས་སྐྱེས་པོའི་དཔུང་གིས་དེ་རིང་གསོད་པར་འགྱུར་བ་ཡིན་གསུངས། དེ་བཞིན་དུ་སྔོན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ན། མི་ནག་མདུང་ཐུང་ཅན་བསད་པའི་ལས་ཀྱི་འབྲས་བུ་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པ་དང༌། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་འཕགས་པ་མོའུ་གལ་གྱི་བུ་ཡང་ལས་ཀྱི་དབང་གིས་ཀུན་ཏུ་རྒྱུ་རྣམས་ཀྱིས་བཀྲོངས་པ་ཡིན་ཏེ། དེ་ཡང་འཕགས་པ་ཤཱ་རིའི་བུ་དང༌། མོ་གལ་གྱི་བུ་ཆེན་པོ་གཉིས་དུས་དང་དུས་སུ་དམྱལ་བ་དང་ཡི་དགས་ལ་སོགས་པའི་ཡུལ་དུ་བྱོན་ནས་སེམས་ཅན་གྱི་དོན་མཛད་པ་ལས། ཉིན་གཅིག་དམྱལ་བའི་ཡུལ་དུ་བྱོན་པས། དེ་ན་མུ་སྟེགས་ཀྱི་སྟོན་པ་འོད་སྲུང་རྫོགས་བྱེད་ཤི་བ་དམྱལ་བར་སྐྱེས་ནས་སྡུག་བསྔལ་གྱི་རྣམ་གྲངས་མང་པོ་མྱོང་གིན་འདུག་པ་དེ་ན་རེ། སྐྱེས་བུ་དམ་པ་ཁྱེད་གཉིས་མི་ཡུལ་དུ་སླར་བྱོན་ན། ཁོ་བོའི་སློབ་མ་རྣམས་ལ་ཁྱེད་ཀྱི་སྟོན་པ་འོད་སྲུང་རྫོགས་བྱེད་དམྱལ་བར་སྐྱེས་པ་དེ་ན་རེ། ཀུན་ཏུ་རྒྱུ་ལ་དགེ་སྦྱོང་མེད། དགེ་སྦྱོང་ཤཱཀྱའི་ནང་ན་ཡོད། རང་རེ་རྣམས་ཀྱི་ཆོས་ལུགས་དེ་ཕྱིན་ཅི་ལོག་ཏུ་འདུག་པས་ཁྱེད་རྣམས་ཀྱིས་རང་གི་ཆོས་ལུགས་དེ་སྤོངས་ལ། ཤཱཀྱའི་སྲས་ཀྱི་རྗེས་སུ་སློབས་ཤིག །ཁྱད་པར་ཁོ་བོའི་རུས་བུ་ལ་མཆོད་རྟེན་བྱས་ནས་དེར་ཁྱེད་རྣམས་ཀྱིས་མཆོད་པ་བྱེད་པའི་ཚེ། ཁོ་བོའི་སྟེང་དུ་ལྕགས་བསྲེགས་ཀྱི་ཆར་བབས་པར་འདུག་པས་དེ་ལྟར་མ་བྱེད་གསུངས་ཤིག་ཟེར། དེར་མཆོག་ཟུང་གཉིས་མི་ཡུལ་དུ་བྱོན་ནས། ཤཱ་རིའི་བུ་སྔ་བར་ཕེབས་པས་མུ་སྟེགས་རྣམས་ལ་དེ་སྐད་གསུངས་ཀྱང་ལས་འབྲས་མེད་པས་མུ་སྟེགས་རྣམས་ཀྱིས་མ་གོ །མཽ་གལ་གྱི་བུ་རྗེས་ནས་བྱོན་ཏེ་ཤཱ་རིའི་བུ་ལ། ཁྱེད་ཀྱིས་འོད་སྲུང་རྫོགས་བྱེད་ཀྱི་ཕྲིན་སྨྲས་སམ་གསུངས་པ་ལ་ཁོ་བོས་སྨྲས་ཀྱང་ཅང་མི་ཟོར་བར་འདུག་གསུངས། མཽ་གལ་གྱི་བུས་མ་ཐོས་པར་འདུག་པས་ངས་སྨྲའོ་གསུངས་ནས་བྱོན་ཏེ། རྫོགས་བྱེད་ཀྱི་ཕྲིན་བསྐུར་བ་རྣགས་གསུངས་པས། མུ་སྟེགས་པ་རྣགས་ཁྲོས་ཏེ་འདིས་རང་ཅག་ལ་ཁ་ཟེར་བསམ་ཚད་བདག་ཅག་གི་སྟོན་པ་ལ་ཡང་སྐུར་པ་འདེབས་པར་འདུག་པས་འདི་ཆོམས་ཤིག་ཟེར་ནས་བརྡུང་བརྡུངས་ཏེ། སྐུ་ལུས་འདམ་བུ་བཞིན་དུ་བཅོམ་ནས་བཏང༌། སྔོན་ཆད་ཡིན་ན་ཁོང་ཀུན་ཏུ་རྒྱུ་དེ་དག་གིས་བརྡུང་དུ་ཡོད་པ་ལྟ་ཅི། སྲིད་པ་གསུམ་པོ་འདི་ཚོགས་ཀྱང་ཁོང་གི་བ་སྤུའི་རྩེ་མོ་ཙམ་ཡང་བསྒུལ་མི་ནུས་པ་ཡིན་ཀྱང༌། དེའི་དུས་སུ་ནི་སྔར་བྱས་ཀྱི་ལས་ཀྱིས་ནོན་པས་རྫུ་བ་ཙམ་ཡང་མ་དྲན་ན། འཕྲུལ་པ་ལྟ་ཡང་ཅི་སྨོས་ཞེས་གསུངས་ཏེ། རང་བཞིན་ཀྱི་མི་ཕལ་པ་ཞིག་དང་ཁྱད་མེད་པར་གྱུར། དེར་ཤཱ་རིའི་བུས་ཆོས་གོས་ཀྱིས་དཀྲིས་ནས་ཁུར་ཏེ་རྒྱལ་བྱེད་ཚལ་དུ་འོངས་ནས། གྲོགས་པོ་ཤི་བ་ཐོས་པ་ཡང་མི་བྱ་ན། མཐོང་བ་ལྟ་ཅི་ཞེས་གསུངས་ནས་དགྲ་བཅོམ་པ་མང་པོ་དང་ལྷན་ཏུ་སྐུ་མྱ་ངན་ལས་འདས་དེ་འཕྲལ་མཽ་གལ་གྱི་བུ་ཡང་མྱ་ངན་ལས་འདས་པར་གྱུར་པ་ཡིན། ཡང་སྔོན་ཁ་ཆེའི་དགེ་སློང་ར་བ་ཏི་ཞེས་བྱ་བ་མངོན་ཤེས་དང་རྫུ་འཕྲུལ་ཐོབ་པ། སློབ་མ་མང་པོ་ཡོད་པ་ཞིག་ནགས་གསེབ་ན་ཆོས་གོས་དུར་སྨྲིག་ཅིག་འཚོད་ཅིང་ཡོད་ཙམ་ན། དེ་དང་ཉེ་བའི་ཁྱིམ་བདག་གཅིག་གིས་བེའུ་སྟོར་ནས་བཙལ་དུ་ཕྱིན་པས། ནགས་གསེབ་ན་དུ་བ་ཅིག་འདུག་ནས། དེར་བལྟར་ཕྱིན་པས་དགེ་སློང་ཞིག་མེ་གཏོང་གིན་འདུག །ཁྱེད་ཅི་བྱེད་པ་ཡིན་བྱས་པས་ཆོས་གོས་འཚོད་པ་ཡིན་ཟེར། ཚོས་ཕྲུ་ཁ་ཕྱེ་ནས་བལྟས་པས་ཤ་རུ་འདུག་པ་ཟེར། ཁོང་རང་གིས་ཀྱང་ཤ་རུ་མཐོང༌། དེར་ཁོང་ཁྲིད་ནས་རྒྱལ་པོ་ལ་གཏད་དེ། འདིས་བདག་གིས་བེའུ་བརྐུས་པས་ཆད་པ་ཆོད་ཅིག་བྱས་པས། རྒྱལ་པོས་དེ་དོང་དུ་བཅུག །དེ་ནས་ཞག་འགའ་ན་ཁོའི་བ་རང་གིས་བེའུ་རྙེད་ནས། དགེ་སློང་དེས་བེའུ་བརྐུས་པར་མི་གདའ་བས་གཏོང་བར་ཞུ་བ་ཕུལ་ན་ཡང༌། རྒྱལ་པོ་ཡེ་ངས་ནས་ཟླ་བ་དྲུག་ཏུ་གཏོང་བ་མ་བྱུང༌། དེར་ཁོང་རང་གི་སློབ་མ་རྫུ་འཕྲུལ་ཐོབ་པ་མང་པོ་ཡོད་པ་ནམ་མཁའ་ནས་འཕུར་ཏེ་རྒྱལ་པོའི་དྲུང་དུ་འོང་ནས། དགེ་སློང་འདི་ཡང་དག་པ་ཞིག་ལགས་པ་གཏོང་བར་ཞུ། ཞུས་པས། རྒྱལ་པོ་དགེ་སློང་གཏོང་དུ་བྱོན་པས། དགེ་སློང་འོ་བརྒྱལ་བ་གཟིགས་ནས་ཤིན་ཏུ་འགྱོད་དེ་ངས་བྱ་བ་དེ་འགྱངས་ཆེས། སྡིག་ཆེན་པོ་བསགས་འདུག་ཞུས་པས་མི་སྐོན་ང་རང་གིས་ལན་པ་ཡིན་གསུངས། ལས་ཅི་འདྲ་བསགས་ཞུས་པས། སྔོན་རྐུན་པོ་ཞིག་ཏུ་སྐྱེས་དེ་དུས་བེའུ་ཞིག་བརྐུས་པ་བདག་པོས་དེད་ནས་ནགས་གསེབ་ན་རང་སངས་རྒྱས་ཞིག་མཉམ་པར་བཞག་འདུག་པའི་མདུན་ཏུ་བསྐྱུར་ནས་བྲོས་པས། དེས་རང་སངས་རྒྱས་ཁྲེད་ནས་ཞག་དྲུག་དོང་དུ་བཅུག །དེའི་རྣམ་སྨིན་གྱིས་སྐྱེ་བ་མང་པོར་ངན་སོང་གི་སྡུག་བསྔལ་མྱོང༌། ཚེ་འདིར་ཡང་སྡུག་བསྔལ་མྱོང་བ་འདི་རྣམ་སྨིན་གྱི་ཐ་མ་ཡིན་གསུངས། དེ་བཞིན་དུ་རྒྱ་གར་དུ་རྒྱལ་པོ་བདེ་སྤྱོད་ཀྱི་བུ་ལ་མས་ཟ་འོག་གི་གོས་སྲུབ་མེད་པ་ཞིག་བྱིན་པས་བུས་ངས་འདི་ད་དུང་མི་གྱོན། ང་རྒྱལ་སྲིད་ཐོབ་པའི་དུས་སུ་གྱོན་པ་ཡིན་ཟེར། མས་ཁྱོད་ཀྱི་རྒྱལ་སྲིད་ཐོབ་པའི་དུས་མེད། རྒྱལ་པོ་འདས་ནས་བུས་རྒྱལ་སྲིད་ཐོབ་པ་ཡིན་པ་ལ། ཁྱོད་ཀྱི་ཡབ་སློབ་དཔོན་ཀླུ་སྒྲུབ་དང་སྐུ་སྲོག་གཅིག་ཡིན་པས་ཀླུ་སྒྲུབ་མ་གྲོང་བར་མི་འདའ། ཀླུ་སྒྲུབ་ཚེལ་དབང་བ་ཡིན་པས་འདའ་བའི་དུས་མེད། དེས་ན་ཁྱོད་ཀྱི་ཕུ་བོ་དུ་མ་ཡང་རྒྱལ་སྲིད་མ་ཐོབ་པར་འདས་པ་ཡིན་ཟེར་བས་བུས་དེ་ལ་ཐབས་ཅི་ཡོད་ཟེར་བར་མ་ན་རེ། སློབ་དཔོན་ཀླུ་སྒྲུབ་བྱང་ཆུབ་སེམས་དཔའ་ཡིན་པས་དབུ་བསླང་ན་སྦྱིན་མཆི། དེ་ལས་ཐབས་གཞན་མེད་ཟེར། བུས་ཀླུ་སྒྲུབ་ཀྱི་དྲུང་དུ་ཕྱིན་ནས་དབུ་བསླངས་པས་ཆོད་ལ་ཁྱེར་གསུངས། དེར་རལ་གྲི་ཐོགས་ནས་མགུལ་ལ་ཇི་ཙམ་བརྒྱང་ཀྱང་བར་སྣང་ལ་གཡུག་པ་ལྟར་སོང་ནས་མཆོད། དེར་སློབ་དཔོན་གྱི་ཞལ་ནས། ངས་མཚོན་བརྒྱབ་པའི་རྣམ་སྨིན་ཚེ་རབས་ལྔ་བརྒྱའི་གོང་ནས་བྱང་ཚར་བ་ཡིན་པས། ང་ལ་མཚོན་གྱིས་མི་ཆོད། རྩ་ཀུ་ཤ་བཏུ་བའི་དུས་འབུ་བསད་པའི་རྣམ་སྨིན་བྱང་མ་ཚར་བས་ཀུ་ཤས་རྒྱོབ་དང་ཆོད་གསུངས། ཀུ་ཤ་བཏུས་ནས་བརྒྱབ་པས་དབུ་ས་ལ་བྲུལ་ཏེ། ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ། །ཕྱི་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །གསུངས་ནས་ཀླུ་སྒྲུབ་ཞི་བར་གཤེགས་པ་ཡིན། དེ་ལྟར་འཕགས་པའི་གང་ཟག་དེ་རྣམས་ལ་ཡང༌། དེ་ལྟ་བུའི་ལས་ཀྱི་རྣམ་སྨིན་མྱོང་དགོས་པ་ཡོད་ན། རང་རེ་རྣམས་ནི་ཐོག་མ་མེད་པའི་དུས་ནས་འཁོར་བའི་གནས་རིས་འདིར་འཁྱམས་ཏེ་ལས་ངན་བསགས་པ་གྲངས་ཀྱིས་མི་ཆོད་པ་ཡོད་ཀྱང༌། ད་དུང་ཡང་བསགས་ན་འཁོར་བའི་གནས་ལས་ཐར་པའི་དུས་ལྟ་ཅི། ངན་སོང་གི་གནས་ནས་ཀྱང་ཐར་དཀའ་བས་དུས་དང་རྣམ་པ་ཐམས་ཅད་དུ་སྡིག་པའི་ལས་ཕྲ་རབ་ཙམ་ལ་ཡང་འཛེམ། དགེ་བའི་ལས་ཆུང་ངུ་ནས་ཀྱང་ཅི་འགྲུབ་དུ་འབད་དགོས་ཏེ། དེ་ལྟར་མ་འབད་ན་སྡིག་པའི་ལས་སྐད་ཅིག་མ་རེ་རེས་ཀྱང་བསྐལ་པ་མང་པོར་ངན་སོང་དུ་གནས་དགོས་པ་ཡོད་པས་སྡིག་པ་ཆུང་ངུ་འདི་ཙམ་གྱིས་ཅི་ཐུབ་སྙམ་དུ་བརྙས་པར་མི་བྱ་སྟེ།རྒྱལ་སྲས་ཞི་བ་ལྷས། སྐད་ཅིག་གཅིག་བྱས་སྡིག་པས་ཀྱང༌། །བསྐལ་པར་མནར་མེད་གནས་འགྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །ཞེས་དང༌། མཛངས་བླུན་ལས། སྡིག་པ་ཆུང་ངུ་དག་ལ་ཡང༌། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་མདག་ཆུང་ངུ་དག་གིས་ཀྱང༌། །རྩ་ཕུང་རི་ཙམ་བསྲེག་པར་བྱེད།།ཅེས་གསུངས། དེ་བཞིན་དུ་དགེ་བ་ཆུང་ངུ་ཙམ་ཡང་འབྲས་བུ་ཆེན་པོ་འབྱིན་པ་ཡིན་པས་འདི་ཙམ་ཀྱིས་ཅི་བྱ་སྙམ་དུ་བརྙས་པར་མི་བྱ་སྟེ། རྒྱལ་པོ་ང་ལས་ནུ་སྔོན་དབུལ་པོར་གྱུར་པའི་ཚེ། སྲན་མ་སྤར་གང་ཐོགས་ནས་བག་མ་ཞིག་བལྟར་ཕྱིན་པས་ལམ་དུ་སངས་རྒྱས་བསོད་སྐྱབས་གྲོང་ཁྱེར་དུ་བྱོན་པ་དང་མཇལ། ཤིན་ཏུ་དད་དེ་སྲན་མ་སྤར་གང་པོ་སངས་རྒྱས་ལ་གཏོར་བས་བཞི་ལྷུང་བཟེད་དུ་སོང༌། གཉིས་ཐུགས་ཀར་ཕོག་པའི་རྣམ་སྨིན་གྱིས་འཛམ་བུ་གླིང་དུ་འཁོར་ལོ་སྒྱུར་བའི་རྒྱལ་པོར་སྐྱེས། སྔར་སྲན་རྡོག་བཞི་ལྷུང་བཟེད་དུ་ལྷུང་བའི་འབྲས་བུ་གླིང་བཞི་ལ་དབང་བའི་རྒྱལ་སྲིད་ལོ་བརྒྱད་ཁྲིར་བྱས་ཤིང༌། གཉིས་ཐུགས་ཀར་ཕོག་པའི་གཅིག་གི་འབྲས་བུ་རྒྱལ་ཆེན་བཞིའི་བདག་པོ་ལོ་བརྒྱད་ཁྲིར་བྱས། གཅིག་གི་འབྲས་བུ་སུམ་ཅུ་རྩ་གསུམ་དུ་བརྒྱ་བྱིན་སུམ་ཅུ་རྩ་བདུན་བརྗེས་ཀྱི་བར་ལ་བརྒྱ་བྱིན་གྱི་རྒྱལ་སྲིད་ཕྱེད་ལ་དབང་བྱས་པ་ཡིན། གཞན་ཡང་སངས་རྒྱས་ལ་དམིགས་ནས་ཐན་མེ་ཏོག་གཅིག་ནམ་མཁའ་ལ་གཏོར་བའི་དགེ་འབྲས་ཀྱིས་བརྒྱ་བྱིན་དང་འཁོར་ལོས་སྒྱུར་བ་ཐོབ་པའི་མཐའ་ཡང་རྙེད་དཀའ་བར་གསུངས།དེ་སྐད་དུ་ཡང་མཛངས་བླུན་ལས། དགེ་བ་ཆུང་ངུ་ངག་ལ་ཡང༌། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་དང༌། ཡོན་ཏན་མཛོད་ལས་ཀྱང༌། ཇི་ལྟར་ས་བོན་ཡུངས་འབྲུ་ཙམ་པའི་ཤིང༌། །ཨ་ཤོ་ཏ་ཡི་འབྲས་བུ་ལོ་དུས་སུ། །ཡལ་ག་རེ་ལའང་དཔག་ཚད་ཙམ་འཕེལ་བས། །དགེ་སྡིག་གཟུགས་བརྙན་འཕེལ་བའི་དཔེར་མི་ཕོད། །ཅེས་ཤིང་ཨ་ཤོ་ཏ་ཞེས་པ་དེའི་ས་བོན་ཡུངས་འབྲུ་ལས་ཆུང་བ་ཞིག་ལས་མེད་ཀྱང༌། ཤིང་དེ་བསྐྱེད་པའི་ཚེ་ལོ་རེ་ཡལ་ག་དཔག་ཚད་རེ་ཙམ་དུ་འཕེལ་ཡང༌། དེས་ཀྱང་དགེ་སྡིག་གི་འབྲས་བུ་འཕེལ་བའི་དཔེ་མི་ཕོད་པར་གསུངས་པ་ཡིན་ནོ། །གཞན་ཡང་བསླབ་པའི་གནས་ཕྲ་མོ་ཙམ་ལ་འགལ་ན་ཡང་ཉེས་པ་ཆེན་པོ་འབྱིན་པ་ཡིན་ཏེ། སྔོན་ཀླུའི་རྒྱལ་པོ་ཨེ་ལའི་འདབ་བཅོམ་ལྡན་འདས་ཀྱི་སྤྱིན་སྔར་འཁོར་ལོས་སྒྱུར་བའི་གཟུགས་ཀྱིས་འོངས་པ་ན། བཅོམ་ལྡན་འདས་ཀྱི་ཞལ་ནས། ཁྱོད་ཀྱིས་འོད་སྲུང་གི་བསྟན་པ་ལ་རྨ་འབྱིན་པར་མ་ཟད། ངའི་བསྟན་པ་ལའང་རྨ་འབྱིན་པར་བྱེད་དམ། རང་གི་གཟུགས་ཀྱིས་ཆོས་ཉོན་གསུངས་པས། བདག་ལ་གནོད་པར་བྱེད་པ་མང་བས་རང་གཟུགས་ཀྱིས་འོང་མི་ནུས་པར་འདུག་ཟེར་བ་ལ། ལག་ན་རྡོ་རྗེ་ལ་སྲུང་དུ་བཅུག་པས། སྦྲུལ་ཆེན་པོ་དཔག་ཚད་མང་པོ་ཁྱབ་པ་ཞིག་གི་མགོར་ཤིང་ཨེ་ལའི་འདབ་ཀྱི་སྡོང་པོ་ཆེན་པོ་སྐྱེས་པའི་ལྕིད་ཀྱིས་ནོན་ཞིང་རྩ་བ་འབུས་གཡེང་བས་སྡུག་བསྔལ་ཆེན་པོ་མྱོང་བ་ཞིག་བྱས་ནས་བྱུང་བ། དེའི་རྒྱུ་མཚན་ཞུས་པས། ཁོ་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་ཡིན་པ་ལ། ལམ་ཁ་ཞིག་ཏུ་ཤིང་ཨེ་ལའི་འདབ་ཀྱི་སྡོང་པོ་ཆེན་པོ་སྐྱེས་པ་ཞིག་ལ་ཆོས་གོས་འཐོགས་པ་ཁོ་ཤིན་ཏུ་ཁྲོས་ཏེ་བསླབ་པ་ཁྱད་དུ་བསད་ནས། ཤིང་དེ་བཅད་པས་དེའི་ཉེས་པ་ཡིན་པར་གསུངས། དེ་ལྟ་བུའི་དགེ་བ་དང་སྡིག་པའི་ལས་དེ་དག་ཐམས་ཅད་ཀྱང་ལས་དཀར་ནག་ཏུ་བྱེད་པ་དང༌། ལྕི་ཡང་དུ་བྱེད་པ་ཐམས་ཅད་ཀྱང་བསམ་པའི་ཀུན་སློང་ཁོ་ན་གཙོ་ཆེ་སྟེ། དཔེར་ན་ཤིང་སྡོང་པོ་ཆེན་པོ་ཞིག་གི་རྩ་བ་སྨན་ཡིན་ན། དེའི་སྡོང་པོ་དང་ལོ་མ་ཡང་སྨན་ཡིན་ལ། རྩ་བ་དུག་ཡིན་ན་ལོ་མ་དང་སྡོང་པོ་ཡང་དུག་ཡིན་གྱི། དུག་གི་རྩ་བ་ལ་སྨན་གྱི་ལོ་མ་སོགས་སྐྱེ་མི་སྲིད་པ་བཞིན་དུ། ཀུན་སློང་ཆགས་སྡང་གིས་བསྐྱེད་ཅིང་བསམ་པ་རྣམ་པར་མ་དག་ན། ལས་དགེ་བ་ལྟར་སྣང་བ་ཞིག་བྱས་ཀྱང་དོན་དུ་མི་དགེ་བར་འགྱུར་ཞིང༌། བསམ་པ་རྣམ་པར་དག་ན་ལྟར་སྣང་ལ་མི་དགེ་བ་ལྟ་བུ་ཞིག་བྱས་ཀྱང་དོན་དུ་དགེ་བ་ཡིན་ཏེ། ཡོན་ཏན་མཛོད་ལས། རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན། །རྩ་བ་དུག་ཡིན་མྱུ་གུ་སྨོས་ཅི་དགོས། །བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་གསུངས། དེས་ན་རང་འདོད་ཀྱི་འཁྲིས་རྩ་བ་ནས་མེད་ཅིང་བསམ་པ་རྣམ་པར་དག་ན། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་ལུས་ངག་གི་མི་དགེ་བདུན་པོ་དངོས་སུ་གནང་བའི་སྐབས་ཡོད་དེ། དཔེར་ན་དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསད་པ་དང༌། བྲམ་ཟེའི་ཁྱེའུ་སྐྲ་མས་བྲམ་ཟེའི་བུ་མོ་ལ་མི་ཚངས་པ་སྤྱོད་པ་ལྟ་བུ་ཡིན། དེ་ཡང་སྔོན་བདག་ཅག་གི་སྟོན་པ་དེད་དཔོན་སྙིང་རྗེ་ཆེན་པོར་སྐུ་སྐྱེ་བ་བཞེས་སྐབས་ཚོང་པ་ལྔ་བརྒྱ་དང་བཅས་རྒྱ་མཚོར་ཕྱིན་པའི་ལམ་དུ་མི་ནག་མདུང་ཐུང་ཅན་བྱ་བའི་ཆོམ་རྐུན་གདུག་པ་ཅན་ཞིག་ཚོང་པ་ལྔ་བརྒྱ་གསོད་དུ་བྱུང་བས། ཁོང་གི་ཐུགས་དགོས་ལ་ཚོང་པ་ལྔ་བརྒྱ་པོ་འདི་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་ཡིན་པས་འདི་ཐམས་ཅད་མི་གཅིག་གིས་བསད་ན་དེ་བསྐལ་པ་དཔག་ཏུ་མེད་པའི་བར་དམྱལ་བར་གནས་དགོས་པར་འགྱུར་བས་སྙིང་རེ་རྗེ། དེ་བས་ངས་འདི་བསད་ན་འདི་དམྱལ་བར་མི་འགྲོ་བར་འདུག་པས་ང་རང་དམྱལ་བར་སོང་ཡང་ཐབས་མེད་སྙམ་དུ་བློ་སྟོབས་ཆེན་པོས་དགོངས་ནས་ཆོམ་རྐུན་པ་དེ་བསད་པས་བསྐལ་པ་བདུན་ཁྲིའི་ཚོགས་རྫོགས་པ་ཡིན། དེ་ཡང་ལྟར་སྣང་ལ་མི་དགེ་བ་ཡིན་ཏེ་ཁོང་བྱང་ཆུབ་སེམས་དཔའ་ཞིག་གིས་དངོས་སུ་མི་ཞིག་བསད་པ་ཡིན། དོན་དུ་དགེ་བ་ཡིན་ཏེ་ཁོང་ལ་རང་འདོད་ཀྱི་འཁྲིས་མེད་ཅིང་འཕྲལ་དུ་ཚོང་པ་ལྔ་བརྒྱའི་སྲོག་བསྐྱབས་པ་དང༌། ཕུགས་སུ་མི་ནག་མདུང་ཐུང་ཅན་དམྱལ་བའི་སྡུག་བསྔལ་ལས་བསྐྱབས་པས་དགེ་བ་རླབས་པོ་ཆེར་གྱུར་བ་ཡིན། དེ་བཞིན་བྲམ་ཟེའི་ཁྱེའུ་སྐར་མ་ལ་དགའ་བས་ལོ་གྲངས་མང་པོར་ནགས་སུ་ཚངས་པར་སྤྱོད་ནས། གྲོང་དུ་བསོད་སྙོམས་ལ་བྱོན་སྐབས་བྲམ་ཟེའི་བུ་མོ་ཞིག་ཁོང་ལ་ཆགས་ནས་འཆི་བར་རྩོམ་པ་དེ་ལ་སྙིང་རྗེ་སྐྱེས་ཏེ་ཁྱིམ་ཐབས་བྱས་པས་བསྐལ་པ་བཞི་ཁྲིའི་ཚོགས་རྫོགས་པ་ཡིན། དེས་ན་སྲོག་གཅོད་པ་དང་མི་ཚངས་པར་སྤྱོད་པ་ཡང་དེ་དང་དེ་ལྟ་བུ་ལ་གནང་བ་ཡིན་གྱི། རང་འདོད་ཀྱི་སྒོ་ནས་ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་བསླངས་ཏེ་སྤྱོད་པ་ནི་སུ་ལ་ཡང་གནང་བ་མེད། མ་བྱིན་པར་ལེན་པ་ཡང་ཕྱུག་པོ་སེར་སྣ་ཅན་གྱི་ལོངས་སྤྱོད་ལས་བརྐུ་བ་སོགས་བྱས་ནས། དེ་ཉིད་ཀྱི་ཆེད་དུ་དཀོན་མཆོག་མཆོད་པ་དང༌། ངན་སློང་ལ་སྦྱིན་པར་གཏོང་བ་སོགས་བྱེད་པའི་བྱང་ཆུབ་སེམས་དཔའ་བློ་སྟོབས་ཆེན་པོ་རང་འདོད་རྩ་བ་ནས་མེད་པ་ལ་གནང་བ་ཡིན། རྫུན་དུ་སྨྲ་བ་ཡང་གསོད་པ་ལ་ཐུག་པའི་སེམས་ཅན་གྱི་སྲོག་བསྲུང་བ་དང༌། དཀོན་མཆོག་གི་དཀོར་སྲུང་བ་ལ་སོགས་པའི་ཆེད་དུ་གནང་བ་ཡིན་གྱི། རང་འདོད་ཀྱི་སྒོ་ནས་གཞན་བསླུ་བའི་ཆེད་དུ་གནང་བ་མིན། ཕྲ་མ་ནི་དཔེར་ན་དགེ་བ་བྱེད་པ་ཞིག་དང་སྡིག་པ་ལ་དགའ་བའི་མི་ཞིག་གཉིས་གྲོགས་མཐུན་པོ་ཡོད་བ་ལ། སྡིག་པ་བྱེད་པ་དེ་དབང་ཆེ་བས་དགེ་བ་བྱེད་པ་དེ་སྡིག་པའི་ལམ་དུ་སྒྱུར་གྱིས་དོགས་ན། དེ་གཉིས་དབྱེན་བྱེད་པ་ལྟ་བུའི་ཆེད་དུ་གནང་བ་ཡིན་གྱི། རང་བཞིན་དུ་མཐུན་གཉིས་འབྱེད་པ་ལ་གནང་བ་མིན། ཚིག་རྩུབ་པོ་ཡང་འཇམ་པོས་འདུལ་མི་ནུས་པའི་རིགས་བཙན་ཐབས་ཀྱིས་ཆོས་ལ་གཟུད་པ་དང༌། གདམས་ངག་བརྗོད་པས་མཚང་ལ་རྒོལ་བ་སོགས་ཀྱི་ཆེད་དུ་གནང་སྟེ། ཇོ་བོས། བླ་མའི་མཆོག་མཚང་ལ་རྒོལ་བ་ཡིན། གདམས་ངག་གི་མཆོག་མཚང་ཐོག་ཏུ་འབེབས་པ་ཡིན། ཞེས་པ་ལྟ་བུ་ཡིན་གྱི་ཕ་རོལ་པོ་ཁྱད་དུ་གསོད་པའི་ཚིག་རྩུབ་གནང་བ་མིན། ངག་འཁྱལ་ཡང༌། གཏམ་ལ་དགའ་བའི་མི་ཁ་ཅིག་སྨྲ་བ་བཅད་དེ་ཆོས་ལ་འཇུག་མི་ནུས་པ་ལ་ཐབས་ཀྱིས་བྲིད་དེ་ཆོས་སྒོར་གཞུག་པའི་ཆེད་དུ་ངག་འཁྱལ་གནང་བ་ཡིན་གྱི། རང་གཞན་རྣམ་པར་གཡེང་བའི་རྒྱུར་གནང་བ་མིན། ཡིད་ཀྱི་ཉེས་པ་གསུམ་པོ་ནི། ཀུན་སློང་དགེ་བར་བསྒྱུར་དུ་མེད་ཅིང་རྣམ་རྟོག་དན་པ་གཅིག་སྐྱེས་ནས་མི་དགེ་བར་འགྱུར་བས་ནམ་ཡང་སུ་ལ་ཡང་གནང་བ་མེད་དོ། །དེ་ལྟར་ལས་དགེ་བ་དང་མི་དགེ་བའི་བྱེད་པོ་ནི་སེམས་ཁོ་ན་ཡིན་ཅིང་ལུས་ངག་གི་སྒོར་མ་ཐོན་ཀྱང༌། སེམས་ཀྱི་རྣམ་རྟོག་དགེ་བ་དང་མི་དགེ་བའི་འབྲས་བུ་ཆེན་པོ་འབྱིན་པ་ཡང་དུ་མ་ཡོད་པ་ཡིན་པས། དུས་རྟག་ཏུ་རང་གི་སེམས་ལ་བརྟགས་ནས་སེམས་དགེ་བར་འདུག་ན་དགའ་བ་བསྒོམ་ཞིང་དགེ་བ་གོང་འཕེལ་དུ་བྱ། མི་དགེ་བར་འདུག་ན་འཕྲལ་དུ་བཤགས་པ་བྱ་ཞིང༌། ང་རེ་ངན་ཆོས་དེ་ཙམ་ཐོས་ཀྱང་ད་དུང་ཡང་རྣམ་རྟོག་དེ་ལྟ་བུ་སྐྱེ་བ་ངོ་རེ་ཚ། ད་ཕྱིན་ཆད་དེ་ལྟ་བུའི་ཀུན་རྟོག་རྒྱུད་ལ་མི་འཆར་བ་ཞིག་འབད་དགོས་སྙམ་དུ་བསམ། དགེ་བ་ཞིག་བསྒྲུབ་པའི་དུས་ན་ཡང་དང་པོ་རང་གི་ཀུན་སློང་ལ་ལེགས་པར་བརྟགས་ཏེ། ཀུན་སློང་དགེ་བར་འདུག་ན་དགེ་བ་དེ་བསྒྲུབ། ཀུན་སློང་གཞན་ལ་འགྲན་སེམས་དང་ཚུལ་འཆོས་དང་གྲགས་འདོད་ལ་སོགས་པར་འདུག་ན་ཀུན་སློང་ནན་གྱིས་བཅོས་ནས་བྱང་ཆུབ་སེམས་ཀྱིས་ཟིན་པར་བྱ། ཅིས་ཀྱང་ཀུན་སློང་བསྒྱུར་དུ་མ་བཏུབ་ན་དགེ་རྩ་བྱེད་པ་དེ་བཤོལ་ན་ལེགས་ཏེ། སྔོན་དགེ་བཤེས་འབན་ལ་ཡོན་བདག་མང་པོ་མཇལ་དུ་འོང་བ་ཡོད་པ་ལ། དེའི་སྔ་དྲོ་རྟེན་གསུམ་རྣམས་ཀྱི་དྲུང་དུ་མཆོད་བཤམ་སོགས་ཤིན་ཏུ་ལེགས་བོ་ཞིག་བྱས། དེར་ཁོང་གིས་རང་གི་ཀུན་སློང་ལ་བརྟགས་པས་ཡོན་བདག་རྣམས་ཀྱི་མིག་སྔར་མཛེས་ཆོས་སུ་སོང་ནས། ཀུན་སློང་མ་དག་པར་འདུག་པས་རྟེན་མཆོད་རྣམས་ལ་ཐལ་བ་སྤར་གང་གཏོར་ནས། དགེ་སློང་རང་ཟག་ཟོག་མ་བྱེད་པར་བཞུགས་ཤིག་གསུངས། དེ་ཕ་དམ་པས་གསན་ནས། བོད་ཀྱི་མཆོད་རྫས་ཤིག་ལ་འབན་གུང་རྒྱལ་གྱི་ཐལ་བ་སྤར་གང་པོ་དེ་བཟང་གསུངས་སྐད། དེ་ལྟར་དུས་དང་རྣམ་པ་ཐམས་ཅད་དུ་རང་གི་རྒྱུད་ལ་ལེགས་པར་བརྟགས་ན། སྡིག་པའི་ལས་བྱེད་པ་ན་འཕྲལ་དུ་ངོས་ཟིན་ནས་བཤགས་སྡོམ་བྱེད་པ་སོགས་ཀྱིས་རྒྱུད་མི་དགེ་བ་དང་མི་འགྲོགས་པ་ཡིན་གྱི། སོ་སོའི་སྐྱེ་བོའི་ས་འདིར་ཀུན་རྟོག་ངན་པའི་བསམ་སྦྱོར་རྒྱུད་ལ་མི་སྐྱེ་བ་ནི་མི་འོང་སྟེ། ཡང་སྔོན་དགེ་བཤེས་འབན་ཡོན་བདག་ཅིག་གི་ཁྱིམ་དུ་བཞུགས་སྐབས་ཡོན་བདག་རྣམས་ཕྱི་རོལ་དུ་སོང༌། ཁོང་གི་ཐུགས་དགོངས་ལ་ང་ལ་ཇ་མེད་པས་ད་གཟོད་རི་ཁྲོད་ཕྱིན་སྐབས་བསྐོལ་རྒྱུའི་ཇ་ཞིག་བརྐུ་དགོས་སྙམ་ནས་ཇ་ཁུག་ནང་ཕྱག་བརྒྱབ་འཕྲལ་དྲན་པས་ཟིན་ནས་ཡོན་བདག་རྣམས་ལ་བོས་ཏེ། ང་འདི་ལྟར་བྱེད་ཀྱིན་འདུག་པས་འདིའི་ལག་པ་འདི་མཁྲིག་མ་ནས་ཆོད་ཅིག་གསུངས་སྐད། དེ་བཞིན་དུ་ཇོ་བོ་རྗེ་ལྷ་གཅིག་གི་ཞལ་ནས་ཀྱང༌། ང་རང་སོ་སོར་ཐར་པའི་སྒོར་ཞུགས་ནས་ཉེས་བྱས་ཕྲ་མོས་ཀྱང་མ་གོས། བྱང་སེམས་ཀྱི་བསླབ་བྱ་ལ་ཉེས་པ་རེ་རེ་གཉིས་གཉིས་བྱུང༌། གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་ཉེས་པ་ཅོ་ལེ་ཉོ་ལེ་བྱུང་ཡང་ཉེས་ལྟུང་དང་འགྲོགས་ནས་ཞག་གཅིག་ཀྱང་སྡོད་མ་མྱོང་གསུངས། །ལམ་དུ་བྱོན་པའི་བར་ལ་ཡང་ཀུན་རྟོག་ངན་པ་རེ་ཙམ་བྱུང་ཙ་ན་ཤིང་གི་མཎྜལ་ཞིག་ཡོད་པ་བླངས་ནས་འཕྲལ་འཕྲལ་བཤགས་སྡོམ་མཛད། དེ་བཞིན་འཕན་ཡུལ་རྒྱལ་དུ་དགེ་བཤེས་མང་པོ་ཚོགས་པའི་གྲལ་ལ་ཞོ་སྟོན་ཞིག་བྱུང་བའི་ཚེ། དགེ་བཤེས་འབན་གྲལ་སྐེད་ཙམ་ན་བཞུགས་པ་ལ། གྲལ་གོང་མ་རྣམས་ལ་ཞོ་མང་དུ་དྲངས་པ་གཟིགས་པས། ཞོ་ལེགས་པོ་ཞིག་འདུག་སྟེ། ངའི་སྐལ་པ་རང་འདི་ནས་མི་ཐོབ་པ་འདྲ་སྙམ་པ་ཞིག་བྱུང་བ་ལ། དེ་མ་ཐག་དྲན་པས་ཟིན་ནས་ཞོ་འཐུང་དད་ཅན་ཁྱོད་འདྲ་བ་དགོངས་ནས་ཕོར་པ་ཁ་སྦུབ་བཞག །ཕྱག་བདེ་བ་འོང་ནས་ཞོ་གསོལ་བར་ཞུ་བྱས་པས། བློ་ཉེས་པོ་ཁོས་ད་ཅི་ནས་འཐུང་ཟིན་གྱིས་གསུངས་ནས་གསོལ་དུ་མ་འདོད། ཁོང་དགེ་སློང་རྣམ་དག་གི་སྟོན་སྐལ་མཉམ་པོར་འདོད་པ་ཙམ་ལ་མི་དགེ་བའི་ཆ་ཅི་ཡང་མེད་ཀྱང༌། ཞོ་ལེགས་པ་དེ་ནས་ཐོབ་ཏུ་རེ་བའི་རང་འདོད་ཙམ་ལ་དགོངས་ནས་མ་གསོལ་བ་ཡིན། དེ་ལྟར་དུས་དང་རྣམ་པ་ཐམས་ཅད་དུ་རང་རྒྱུད་ལ་བརྟགས་ནས་དགེ་སྡིག་གི་སྤང་བླང་བྱས་ན་བློ་ལས་སུ་རུང་ནས་རྒྱུད་དགེ་བ་འབའ་ཞིག་ཏུ་འགྱུར་བ་ཡིན་ཏེ། སྔོན་བྲམ་ཟེ་སྒྲ་མཁན་བྱ་བས་རྒྱུན་དུ་རང་གི་སེམས་ལ་བརྟགས་ནས་མི་དགེ་བའི་རྟོག་པ་རེ་སྐྱེས་ཙ་ན་རྡེའུ་ནག་པོ་རེ་བཞག །དགེ་བའི་རྟོག་པ་རེ་སྐྱེས་ཙ་ན་རྡེའུ་དཀར་པོ་རེ་བཞག་པས་དང་པོ་ནག་པོ་རྐྱང་པ་བྱང༌། གཉེན་པོ་བསྐྱེད་དེ་འབད་ནས་སྤང་བླང་བྱས་པས། བར་དུ་དཀར་ནག་ཕྱེད་མ་ཙམ་བྱུང༌། མཐར་དཀར་པོ་ཤ་སྟག་བྱུང་བ་ཡིན། དེ་ལྟར་དུས་དང་རྣམ་པ་ཐམས་ཅད་དུ་དྲན་པ་དང༌། ཤེས་བཞིན་གྱིས་བཟུང་ནས་དགེ་བའི་གཉེན་པོ་བསྐྱེད་དེ། སྡིག་པའི་ལས་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པར་བྱ་དགོས། ཚེ་འདིར་སྡིག་པའི་ལས་བསགས་པ་མེད་ཀྱང་འཁོར་བ་ཐོག་མ་མེད་པའི་དུས་ནས་བསགས་པའི་ལས་ཀྱི་མཐའ་མི་མངོན་ཞིང༌། དེ་ལྟ་བུའི་མྱོང་འགྱུར་གྱི་ལས་ཀྱང་བསམ་གྱིས་མི་ཁྱབ་པ་ཡོད་པས། ད་ལྟ་དགེ་བ་འབའ་ཞིག་བྱེད་པ་དང༌། སྟོང་པ་ཉིད་ལ་གོམས་པར་བྱེད་པ་རྣམས་ལ། ཕྱི་མ་ངན་སོང་ལ་སོགས་པར་སྐྱེ་འགྱུར་གྱི་ལས་བག་ལ་ཉལ་དུ་ཡོད་པ་གཉེན་པོའི་མཐུས་མངོན་དུ་བསླངས་ནས་ཚེ་འདིར་སྨིན་ཏེ་སྡུག་བསྔལ་བ་ཡང་ཡོད་དེ། རྡོ་རྗེ་གཅོད་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་མནར་ཞིང་རབ་ཏུ་མནར་བར་འགྱུར་ཏེ། དེ་མ་འོངས་པ་ན་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ཚེ་འདིར་སྨིན་པའོ། །ཞེས་གསུངས། དེ་བཞིན་དུ་སྡིག་པ་འབའ་ཞིག་བྱེད་པའང༌། དགེ་བའི་ལས་ཀྱི་མྱོང་འགྱུར་ཕྲ་མོ་ཡོད་པ་འཕྲལ་དུ་སྨིན་པའང་ཡོད་དེ། སྔོན་ཉི་འོག་གི་རྒྱལ་ཁམས་སུ་དང་པོ་ཞག་བདུན་རིན་པོ་ཆེའི་ཆར་བབས། དེ་ནས་རིམ་བཞིན་གོས་དང་འབྲུའི་ཆར་བབས་ཏེ། མཐར་སའི་ཆར་བབས་ནས་ཐམས་ཅད་ས་འོག་ཏུ་ནོན་ནས་ཤི་སྟེ་དམྱལ་བར་སྐྱེས་པ་ལྟ་བུ་ཡིན། དེས་ན་དགེ་བ་ཅན་ལ་སྡུག་བསྔལ་འབྱུང་བ་དང༌། སྡིག་པ་ཅན་སྐྱིད་པོར་འབྱུང་བ་ཐམས་ཅད་ཀྱང་སྔོན་གྱི་ལས་སྨིན་པ་ཡིན་ཞིང༌། ད་ལྟ་དགེ་སྡིག་གི་ལས་གང་བྱས་ཕྱི་མའམ། ཕྱི་མའི་ཕྱི་མ་ལ་སོགས་པར་སྨིན་པར་འགྱུར་བ་ཡིན་པས། དུས་རྟག་ཏུ་རྒྱུ་འབྲས་ཀྱི་གནས་འདི་ལ་ངེས་ཤེས་བསྐྱེད་ནས་སྤང་བླང་བྱེད་པ་གལ་ཆེ་བས། ལྟ་བ་མཐོ་མཐོ་མོའི་ཆོས་སྐད་ཀྱིས་རྒྱུ་འབྲས་ཁྱད་དུ་གསོད་པར་མི་བྱ་སྟེ། ཨོ་རྒྱན་ཆེན་པོས། རྒྱལ་པོ་ཆེན་པོ་ངའི་གསང་སྔགས་འདི་ལྟ་བ་གཙོ་ཆེ། ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བར་མཛོད། དེ་ཤོར་ན་དགེ་སྟོང་སྡིག་སྟོང་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བུར་འགྲོ། ཡང་སྤྱོད་བའི་ཕྱོགས་སུ་ལྟ་བ་མ་ཤོར་བར་མཛོད། དེ་ཤོར་ན་དངོས་པོ་དང་མཚན་མས་བཅིངས་ནས་གྲོལ་བའི་དུས་མེད། ཅིས་གསུངས། དེས་ན་ལྟ་བ་ནམ་མཁའ་བས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །ཅེས་གསུངས་ལྟར། ལྟ་བ་གནས་ལུགས་ཀྱི་དོན་ཅི་ཙམ་རྟོགས་བཞིན་རྒྱུ་འབྲས་ལ་ཞིབ་ཏུ་འགྲོ་བ་ཞིག་དགོས་ཏེ། ཕ་དམ་པ་རིན་པོ་ཆེར། སྟོང་ཉིད་རྟོགས་ན་སྡིག་པ་བྱས་ན་གནོད་དམ་མི་གནོད་ཞུས་པས། སྟོང་ཉིད་རྟོགས་ན་སྡིག་པ་བྱ་དོན་མེད། སྟོང་ཉིད་རྟོགས་པ་དང་སྙིང་རྗེ་སྐྱེ་བ་དུས་མཉམ་གསུངས། དེས་ན་ཆོས་ཡང་དག་པ་ཞིག་བསྒྲུབ་འདོད་ན་རྒྱུ་འབྲས་ཀྱི་སྤང་བླང་ལ་གཙོ་བོར་བྱ་ཞིང་ལྟ་བ་དང་སྤྱོད་པ་ཡ་མ་བྲལ་བར་ཉམས་སུ་བླང་དགོས་པ་ཡིན། དེ་ལྟར་ལས་རྒྱུ་འབྲས་ཀྱི་ཁྲིད་དེ་རྒྱུད་ལ་སྐྱེས་པའི་ཚད་རྗེ་བཙུན་མི་ལ་ལྟ་བུ་ཞིག་དགོས་པ་ཡིན་ཏེ། རྗེ་བཙུན་ལ་སློབ་མ་རྣམས་ཀྱིས་རྗེ་བཙུན་གྱི་མཛད་སྤྱོད་འདི་གང་ལ་བལྟས་ཀྱང་སོ་སོའི་སྐྱེ་བོའི་བློའི་ཡུལ་ལས་འདས་པར་འདུག་པས། རྗེ་བཙུན་རིན་པོ་ཆེ་དང་པོ་ཉིད་ནས་རྡོ་རྗེ་འཆང་ངམ་སངས་རྒྱས་བྱང་སེམས་གང་རུང་ཞིག་གི་སྤྲུལ་པ་ཡིན་པར་འདུག་པས་གསུང་བར་ཞུ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། ཁྱེད་རྣམས་ཀྱིས་ང་ལ་རྡོ་རྗེ་འཆང་ངམ་སངས་རྒྱས་བྱང་སེམས་གང་རུང་ཞིག་གི་སྤྲུལ་པ་ཡིན་སྙམ་པ་དང་ལ་དད་དད་པ་ཡིན་ཏེ། ཆོས་ལ་ལོག་ལྟ་དེ་ལས་ཆེ་བ་མེད། ངས་དང་པོ་མཐུ་དང་སེར་བ་ལ་བསྟེན་ནས་སྡིག་ཚབས་པོ་ཆེ་དེ་བསགས་འཕྲལ། ངེས་པར་དམྱལ་བར་སྐྱེ་བ་ལས་མེད་སྙམ་ནས་སྒྲུབ་པ་ལ་སྙིང་རུས་ཕུར་ཚུགས་སུ་བྱས་པས། གསང་སྔགས་ཐབས་ཟབ་པའི་གནད་ཀྱིས་རྒྱུད་ལ་ཡོན་ཏན་ཁྱད་པར་ཅན་སྐྱེས་པ་ཡིན། ཁྱོད་རང་རྣམས་ཆོས་ལ་སྙིང་རུས་མི་ནུས་པ་ལས་རྒྱུ་འབྲས་ལ་ཡིད་ཆེས་མ་སྐྱེས་པས་ལན། རྒྱུ་འབྲས་ལ་སྙིང་ཐག་པ་ནས་ཡིད་ཆེས་སྐྱེས་ན། ངའི་སྙིང་རུས་དེ་འདྲ་བ་སོ་སྐྱེ་སྙིང་རུས་ཅན་ཀུན་ལ་འོང་བར་འདུག །དེ་ཙ་ན་ཡོན་ཏན་ཡང་རྒྱུད་ལ་སྐྱེ་བས་རྡོ་རྗེ་འཆང་ངམ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཡིན་སྙམ་པ་ཡང་ཡོང་བར་འདུག་གསུངས། དེས་ན་ཁོང་གིས་དང་པོར་སྡིག་བསགས་པས་དམྱལ་བར་སྐྱེ་ངེས་པའི་བློ་ཐག་ཆོད་པ་རྒྱུ་འབྲས་ལ་ཡིད་ཆེས་པ་ལས་བྱུང་ཞིང༌། དེ་ལ་བརྟེན་ནས་ཆོས་ལ་སྙིང་རུས་མཛད་པས་ཁོང་གི་དཀའ་སྤྱད་དང་སྙིང་རུས་ཀྱི་རྣམ་ཐར་འདྲ་བརྒྱ་བོད་གཉིས་ཆར་ན་དཀའ་བ་ཡིན། དེས་ན་ལས་རྒྱུ་འབྲས་ཀྱི་གནད་འདི་དག་སྙིང་ཐག་པ་ནས་ཡིད་ཆེས་བསྐྱེད། དུས་དང་རྣམ་པ་ཐམས་ཅད་དུ་དགེ་བ་ཕྲ་མོ་ཚུན་ཆད་དམ་པ་གསུམ་གྱིས་ཟིན་པའི་སྒོ་ནས་ཅི་ནུས་སུ་བསྒྲུབ། སྡིག་པའི་ལས་ཕྲ་རབ་ཙམ་ཡང་སྲོག་ལ་བབས་ཀྱང་མི་བྱ་སྙམ་དུ་དམ་བཅའ་བླང༌། ནངས་པར་མལ་ནས་ལྡང་བའི་ཚེ་ཡང་ཕྱུགས་ལུག་ལྷས་ནས་ལྡངས་པ་ལྟར་ཧར་གྱིས་ལངས་ནས་མི་འགྲོ་བར། མལ་ནང་དེར་བློ་ལྷོད་ཀྱིས་གློད། ཁ་ནང་དུ་ལོག་ནས་རང་གི་རྒྱུད་ལ་ལེགས་པར་བརྟག །མདང་སུམ་རྨི་ལམ་དུ་སྡིག་པ་བྱུང་བ་ལ་ཡང་འགྱོད་པ་དང་བཤགས་པ་བྱ། དགེ་བ་བྱུང་ན་དགའ་བ་བསྒོམ་ཞིང་སེམས་ཅན་གྱི་དོན་དུ་བསྔོ། དེ་རིང་གི་ཉི་མ་འདི་ལ་ངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་དཀར་པོ་དགེ་བའི་ལས་ཅི་ནུས་སུ་བསྒྲུབ། ནག་པོ་སྡིག་པའི་ལས་ཅི་ནུས་སུ་སྤང་བར་བྱའི། །སྙམ་དུ་སེམས་བསྐྱེད། ནུབ་མོ་ཉལ་བའི་ཚེ་ཡང་དྲན་མེད་དུ་ལྷེབ་བེ་མི་ཉལ་བར་མལ་དུ་དལ་གྱིས་བསྡད་ནས་སྔར་བཞིན་རྟོག་དཔྱོད་བཏང༌། ག་རེ་ངས་དེ་རིང་གི་ཉི་མ་དེ་ལ་སྙིང་པོ་ཅི་ལོན། ལས་དགེ་བ་ཅི་ལྟ་བུ་ཞིག་འགྲུབ་སྙམ་དུ་བརྟགས་ཤིང༌། དགེ་བའི་ལས་འགྲུབ་པ་འདུག་ན་དགའ་བ་བསྒོམ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་བ་བྱ། མི་དགེ་བའི་ལས་བྱས་པ་འདུག་ན་ང་རེ་ངན། ངས་དེ་རིང་གི་ཉི་མ་དེ་ལ་རང་གིས་རང་བརླགས་འདུག་སྙམ་དུ་འགྱོད་པ་བསྐྱེད། སྙིང་ཐག་པ་ནས་བཤགས་པ་དང་ཕྱིན་ཆད་དེ་ལྟར་མི་བྱེད་སྙམ་དུ་སྡོམ་སེམས་བླང༌། དུས་དང་རྣམ་པ་ཐམས་ཅད་དུ་དྲན་དང་ཤེས་བཞིན་དང་མ་བྲལ་བའི་སྒོ་ནས་ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ལ་ཨ་འཐས་ཀྱི་བདེན་ཞེན་མི་བྱ་ཞིང༌། བདེན་མེད་སྒྱུ་མའི་རྣམ་རོལ་དུ་བློ་སྦྱང༌། རྟག་པར་རང་གི་རྒྱུད་དགེ་བ་དང་དྲང་པོའི་ལམ་ལ་བཞག་ནས་བློ་ལས་སུ་རུང་བར་བྱ་བ་ནི་འདི་ཡན་ཆད་ཀྱི་བློ་ལྡོག་བཞི་པོ་ཉམས་སུ་བླངས་པའི་དོན་འབྲས་ཧྲིལ་གྱིས་དྲིལ་བ་ཡིན་པས། དེ་ལྟར་བྱས་ན་དགེ་བ་གང་བྱས་ཤུགས་ཀྱིས་དམ་པ་གསུམ་དང་འབྲེལ་ཞིང༌། ཇི་སྐད་དུ། དགེ་བ་ཅན་སྨན་གྱི་སྡོང་པོ་དང་འདྲ། །གང་བསྟེན་བསྟེན་པ་ཀུན་རྒྱལ་ནས་གདའ། །སྡིག་པ་ཅན་དུག་གི་སྡོང་པོ་དང་འདྲ། གང་བསྟེན་བསྟེན་པ་ཀུན་བརླགས་ནས་གདའ། །ཞེས་གསུངས་པ་ལྟར། རང་གི་བློ་ལས་སུ་རུང་བའི་མཐུ་ལ་བརྟེན་ནས་འབྲེལ་ཚད་བློ་ཁ་ཡང་དག་པའི་ཆོས་ཀྱི་ཕྱོགས་སུ་བསྒྱུར་ནུས་ཤིང༌། རང་གཞན་གྱི་དགེ་བརླབས་པོ་ཆེ་གོང་ནས་གོང་འཕེལ་དུ་འགྱུར། སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ངན་འགྲོ་ལོག་པར་ལྟུང་བའི་སྐྱེ་གནས་སུ་མི་སྐྱེ་ཞིང༌། མཐོ་རིས་ལྷ་དང་མིའི་ལུས་རྟེན་ཁྱད་པར་ཅན་ཐོབ། ཐ་ན་དེ་ལྟ་བུའི་ཆོས་ལྡན་གྱི་གང་ཟག་དེ་གང་དུ་གནས་པའི་ཡུལ་ཕྱོགས་ཙམ་དུ་ཡང་དགེ་ཞིང་བཀྲ་ཤིས་པ་དང༌། རྟག་ཏུ་ལྷ་རྣམས་ཀྱིས་བསྲུང་བར་འགྱུར་བ་ཡིན་ནོ། །རྒྱུ་འབྲས་རྣམ་གྲངས་ཤེས་ཀྱང་ཡིད་ཆེས་ཞན། །དམ་ཆོས་ཐོས་པ་མང་ཡང་ཉམས་ལེན་མེད། །བདག་དང་བདག་འདྲ་ཉེས་སྤྱོད་སེམས་ཅན་རྣམས། །སེམས་དང་ཆོས་སུ་འདྲེ་བར་བྱིན་གྱིས་རློབས། །ལས་རྒྱུ་འབྲས་ཀྱི་རྣམ་གྲངས་འཆད་པའི་ཁྲིད་དོ། །

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།