རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།
རྩོམ་པ་པོ།:རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-18
ཀློག་གྲངས།:
རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བའི་དགོངས་པ་རིག་འཛིན་བརྡའ་ཡིས་བརྒྱུད། །གང་ཟག་མི་ལས་སྐལ་པ་རབ་གྱུར་པས། །དམ་པའི་རྗེས་ཟིན་དོན་གཉིས་མཐར་ཕྱིན་པ། །བརྒྱུད་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཆོས་ཟད་ཀློང་དུ་ཆོས་སྐུའི་དགོངས་པ་བརྙེས། །འོད་གསལ་དབྱིངས་སུ་ལོངས་སྐུའི་ཞིང་སྣང་གཟིགས། །གདུལ་བྱའི་སྣང་ངོར་སྤྲུལ་སྐུའི་འགྲོ་དོན་མཛད། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ། །མཁྱེན་པས་ཤེས་བྱ་ཀུན་གྱི་དེ་ཉིད་གཟིགས། །ཐུགས་བརྩེའི་འོད་ཟེར་གདུལ་བྱའི་དཔལ་དུ་ཤར། །ཟབ་ལམ་ཐེག་རྩེའི་བསྟན་པ་གསལ་མཛད་པ། །རིག་འཛིན་འཇིགས་མེད་གླིང་པ་ལ་ཕྱག་འཚལ། །སྤྱན་རས་གཟིགས་དབང་བཤེས་གཉེན་ཚུལ་བཟུང་ནས། །གསུང་གི་སྣང་བས་འབྲེལ་ཚད་ཐར་ལམ་དགོད། །གང་ལ་གང་འདུལ་མཛད་པ་མཐའ་ཡས་པ། །དྲིན་ཆེན་རྩ་བའི་བླ་མ་ལ་ཕྱག་འཚལ། །བསྟན་པ་ཡོངས་རྫོགས་ཀུན་མཁྱེན་བརྒྱུད་པའི་གཞུང༌། །མན་ངག་སྙིང་པོ་ཚེ་གཅིག་སངས་རྒྱས་ཆོས། །ལམ་གྱི་སྔོན་འགྲོ་ཐུན་མོང་ཕྱི་དང་ནང༌། །གདམས་པའི་ཆ་ལག་ཉེ་ལམ་འཕོ་བར་བཅས། །གསལ་ལ་གོ་བདེ་དོན་ཟབ་རྨད་དུ་བྱུང༌། །མཚུངས་མེད་བླ་མའི་བཀའ་ལུང་མ་ནོར་བ། །རང་བློར་ཇི་བཞིན་ངེས་བཞིན་འདིར་བཤད་ཀྱིས། །ལྷ་དང་བླ་མས་བདག་རྒྱུད་བྱིན་གྱིས་རློབས། །འདིར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཐུན་མོང་ཕྱི་ནང་གི་སྔོན་འགྲོ་རྣམས་མཚུངས་མེད་བླ་མ་དམ་པའི་ཞལ་རྒྱུན་ཇི་ལྟ་བ་བཞིན་བརྗེད་ཐོར་བྱ་བ་འདི་ལ་གསུམ། ཐུན་མོང་ཕྱིའི་སྔོན་འགྲོ། ཐུན་མིན་ནང་གི་སྔོན་འགྲོ། ཉམས་ལེན་དངོས་གཞིའི་ཆ་ལག་ཉེ་ལམ་འཕོ་བའི་ཁྲིད་དང་གསུམ་ལས། ཐུན་མོང་ཕྱིའི་སྔོན་འགྲོ། དང་པོ་ལའང༌དལ་འབྱོར་རྙེད་པར་དཀའ་བ། ཚེ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས། ཐར་པའི་ཕན་ཡོན། བཤེས་གཉེན་བསྟེན་པ་དང་དྲུག
དལ་འབྱོར་རྙེད་པར་དཀའ་བ།
དང་པོ་དལ་འབྱོར་རྙེད་པར་དཀའ་བའི་ཁྲིད་ལ། ཁྲིད་ཉན་པའི་ཚུལ་དང༌། བཤད་བྱའི་ཆོས་ཀྱི་རིམ་པ་གཉིས། དང་པོ་ལའང་ཀུན་སློང་དང༌། ཀུན་སྤྱོད་གཉིས། དང་པོ་ཀུན་སློང་ལའང༌། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང༌། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་གཉིས་ཡོད། དང་པོ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ནི། འདི་ལྟར་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་རང་གི་ཐོག་མ་མེད་པའི་དུས་ནས་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད། ཕ་མ་བྱས་པའི་དུས་སུ་དྲིན་ཆེན་པོས་བསྐྱངས། ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེ་གཡོགས། ཤིན་ཏུ་བྱམས་པས་བསྐྱེད་བསྲིངས་པའི་དྲིན་ཅན་ཤ་སྟག་ཡིན་ལ། དྲིན་ཅན་དེ་དག་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་ཆོས་དགེ་བ་བཅུ་སྒྲུབ་མི་ཤེས། སྡུག་བསྔལ་མི་འདོད་ཀྱང༌། དེའི་རྒྱུ་མི་དགེ་བ་བཅུ་སྤངས་མི་ཤེས་པར། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་ནས། ལམ་ལོག་མགོ་རྨོངས་སུ་གྱུར་པ་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། བདག་གིས་ད་རེས་དམ་པའི་ཆོས་ཟབ་མོ་ཉན་ནས་ཉམས་སུ་བླངས་ཏེ་འདི་རྣམས་ཀྱི་དོན་སྒྲུབ་ཏུ་ཡོད་པས་ཕ་མར་གྱུར་པའི་སེམས་ཅན་རིགས་དྲུག་གི་སྡུག་བསྔལ་ཀྱིས་གདུང་བ་འདི་རྣམས་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ཏེ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ། །སྙམ་པ་འདི་ཡིན། འདི་ལྟ་བུའི་ཀུན་སློང་ནི། ཆོས་ཉན་དུས་སྒྲུབ་དུས་ཐམས་ཅད་ལ་གཅེས་པ་ཡིན་ཏེ། དགེ་བའི་རྩ་བ་རྒྱ་ཆེ་ཆུང་ཇི་ལྟ་བུ་ཞིག་སྒྲུབ་ཀྱང༌། དགེ་རྩ་དེ་ཐབས་ཀྱིས་ཟིན་པར་བྱེད་པ་སྦྱོར་བ་སེམས་བསྐྱེད་པ། དགེ་བ་རྐྱེན་གྱིས་མི་བཤིག་པར་བྱེད་པ་དངོས་གཞི་དམིགས་པ་མེད་པ། དགེ་བ་གོང་ནས་གོང་དུ་འཕེལ་བར་བྱེད་པ་མཇུག་བསྔོ་བའི་རྒྱས་ཡོངས་སུ་ཐེབས་པ་སྟེ་དམ་པ་གསུམ་གྱི་རྩིས་ཟིན་པ་འདི་མེད་པའི་ཐབས་མེད། དེས་ན་ཆོས་ཉན་པ་ལའང༌། དང་པོ་ཉན་པའི་ཚུལ་གཙོ། དེ་ལས་ཀྱང་ཀུན་སློང་འདི་གཙོ་ཆེ་སྟེ། ཇི་སྐད་དུ། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་པ་ལྟར་རང་ཉིད་ཆེ་འདོད་དང་གྲགས་འདོད་ལ་སོགས་འཇིག་རྟེན་ཚེ་འདི་དོན་དུ་གཉེར་བའི་ཀུན་སློང་གིས། ཆོས་ཇི་ཙམ་ཉན་ཀྱང་ཡང་དག་པའི་ཆོས་སུ་མི་འགྲོ་བས་དང་པོར་ཁ་ནང་དུ་ལོག་སྟེ་རང་གི་ཀུན་སློང་བཅོས་པ་འདི་གཙོ་ཆེ། ཀུན་སློང་འདི་ལྟར་བཅོས་ཤེས་ན་དགེ་བ་ཐབས་ཀྱིས་ཟིན་ཏེ་སྐྱེས་བུ་ཆེན་པོའི་ལམ་བསོད་ནམས་ཚད་མེད་པའི་འཇུག་ངོགས་སུ་འགྱུར། དེ་ལྟར་ཀུན་སློང་བཅོས་མ་ཤེས་ན་ཆོས་ཉན་ལོ་དང་སྒྲུབ་ལོ་བྱས་ཀྱང་ཆོས་ཀྱི་གཟུགས་བརྙན་དུ་འགྲོ་བས་ཆོས་ཉན་དུས་སྒྲུབ་དུས། ལྷ་བསྒོམ་ཡང༌། སྔགས་བཟླ་ཡང༌། ཕྱག་འཚལ་ཀྱང༌། བསྐོར་བ་བྱེད་ཀྱང༌། ཐ་ན་མ་ཎི་འབྲུ་གཅིག་འདོན་ཀྱང་ཀུན་སློང་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པ་འདི་གལ་ཆེ། གཉིས་པ་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པ་ལྟར་གསང་སྔགས་རྡོ་རྗེ་ཐེག་པ་འདིར། འཇུག་སྒོའི་ལམ་མང་པོ། ཚོགས་བསགས་པའི་ཐབས་མང་པོ། དཀའ་བ་ཆེན་པོ་རང་སྤྱད་མི་དགོས་པར་འབྲས་བུ་མངོན་དུ་བྱེད་པའི་ཐབས་ཟབ་མོ་ཡོད་པ་ཡིན་ལ། དེ་དག་གི་རྩ་བ་ཡང་འདུན་པ་བསྒྱུར་བ་ལ་ཐུག་སྟེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པ་ལྟར་ཆོས་འཆད་པའི་གནས་དང་སྟོན་པ་ལ་སོགས་ཐ་མལ་མ་དག་པའི་སྣང་བ་འདི་ལྟར་མི་བལྟ་བར་ཕུན་སུམ་ཚོགས་པ་ལྔ་གསལ་བཏབ་ནས་ཉན། དེ་ཡང་གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང༌། སྟོན་པ་ཕུན་སུམ་ཚོགས་པ་ཆོས་སྐུ་ཀུན་ཏུ་བཟང་པོ། འཁོར་ཕུན་སུམ་ཚོགས་པ་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡའ་བརྒྱུད་སེམས་དཔའ་སེམས་མ། ལྷ་དང་ལྷ་མོའི་རང་བཞིན་དུ་གསལ་གདབ། ཡང་ན་ཆོས་འཆད་པའི་གནས་དེ་ཉིད་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང༌། ཆོས་འཆད་པའི་བླ་མ་དེ་ཉིད་ཨོ་རྒྱན་པདྨ་འབྱུང་གནས། རང་རེ་ཆོས་ཉན་པའི་འཁོར་རྣམས་ཀྱང༌། རིག་འཛིན་བརྒྱད་རྗེ་འབངས་ཉེར་ལྔ། དཔའ་བོ་མཁའ་འགྲོའི་རང་བཞིན་དུ་གསལ་གདབ། ཡང་ན་གནས་ཕུན་སུམ་ཚོགས་པ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ། སྟོན་པ་ཕུན་སུམ་ཚོགས་པ་ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་སེམས་དཔའ། འཁོར་རྡོ་རྗེ་རིགས་ཀྱི་ལྷ་ཚོགས། སེམས་དཔའ་དང་སེམས་མའི་རང་བཞིན་དུ་གསལ་གདབ། ཡང་ན་གནས་ཕུན་སུམ་ཚོགས་པ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས། སྟོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་སྣང་བ་མཐའ་ཡས། འཁོར་ཕུན་སུམ་ཚོགས་པ་པདྨ་རིགས་ཀྱི་ལྷ་ཚོགས། སེམས་དཔའ་དང་སེམས་མ། ལྷ་དང་ལྷ་མོའི་རང་བཞིན་དུ་གསལ་གདབ། གང་ལྟར་ཡང༌། ཆོས་ཐེག་པ་ཆེན་པོ། དུས་རྟག་པ་རྒྱུན་གྱི་འཁོར་ལོ་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་བློ་བཞག །དེ་ལྟར་གསལ་བཏབ་པ་དེ་དག་ཀྱང་དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་པར་བྱེད་པ་ལས་མ་ཡིན་པ་ཞིག་གཟོད་གསལ་འདེབས་པ་མིན་ཏེ། བླ་མ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀྱི་ངོ་བོ་སྟེ་དཀོན་མཆོག་ཀུན་འདུས། སྐུ་བླ་མ་གསུང་ཡི་དམ་ཐུགས་མཁའ་འགྲོ་སྟེ་རྩ་གསུམ་ཀུན་འདུས། སྐུ་སྤྲུལ་སྐུ། གསུང་ལོངས་སྐུ། ཐུགས་ཆོས་སྐུ་སྟེ་སྐུ་གསུམ་ཀུན་འདུས། འདས་པའི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་ཁུངས། ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཚབ། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གིས་ཀྱང་མ་ཐུལ་བའི་རང་རེ་སྙིགས་མའི་སེམས་ཅན་རྣམས་རྗེས་སུ་འཛིན་པའི་ཐུགས་རྗེ་དང་བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ཐམས་ཅད་ལས་ཀྱང་ལྷག་པ་ཡིན་ཏེ། ཇི་སྐད་དུ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པ་ལྟར་དང༌། རང་རེ་ཆོས་ཉན་པའི་འཁོར་རྣམས་ཀྱང༌། གཞི་བདེ་གཤེགས་སྙིང་པོ། རྟེན་མི་ལུས་རིན་ཆེན། རྐྱེན་དགེ་བའི་བཤེས་གཉེན། ཐབས་དེའི་གདམས་ངག་གིས་ཟིན་པས་མ་འོངས་པའི་སངས་རྒྱས་ཡིན་ཏེ། རྒྱུད་བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་དངོས། །ཞེས་པ་ལྟར་རོ། །གཉིས་པ་ཀུན་སྤྱོད་ལའང༌། སྤང་བྱའི་ཀུན་སྤྱོད་དང༌། བླང་བྱའི་ཀུན་སྤྱོད་གཉིས། དང་པོ་ལའང༌། སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག །མི་འཛིན་པ་ལྔ་དང་བཅས་པ་ལས། དང་པོ་སྣོད་ཀྱི་སྐྱོན་གསུམ་ནི། རྣ་བ་མི་གཏད་ཁ་སྦུབས་ལྟ་བུའི་སྐྱོན། ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །ཞེས་པ་ལྟར་གསུམ། དང་པོ་ནི། ཆོས་ཉན་པའི་དུས་སུ། རང་གི་རྣ་བའི་ཤེས་པ་ཡུལ་གཞན་དུ་མི་ཡེངས་པར་ཆོས་འཆད་པའི་སྒྲ་དེ་ལ་གཏད་ནས་ཉན་དགོས། དེ་ལྟར་མ་ཉན་ན་སྣོད་ཁ་སྦུབས་པའི་སྟེང་དུ་བཅུད་བླུགས་པ་དང་འདྲ་སྟེ་ལུས་ཆོས་གྲལ་ན་ཡོད་ཀྱང་ཆོས་ཚིག་གཅིག་ཀྱང་རང་གིས་མི་ཐོས། གཉིས་པ་ནི། དེ་ལྟར་ཐོས་པའི་ཆོས་དེ་ཡང་གོ་ལོ་དང་ཐོས་ལོར་བཞག་ནས་ཡིད་ལ་མ་བཟུང་ན་སྣོད་ཞབས་རྡོལ་དུ་བཅུད་ཅི་ཙམ་བླུགས་ཀྱང་ཆགས་རྒྱུ་མེད་པ་དང་འདྲ་སྟེ་ཆོས་ཅི་ཙམ་ཉན་ཀྱང་རྒྱུད་ཐོག་ཏུ་བཀལ་ནས་ཉམས་སུ་ལེན་མི་ཤེས། གསུམ་པ་ནི། ཆོས་ཉན་པའི་དུས་སུ་རང་ཉིད་ཆེ་འདོད་དང་གྲགས་འདོད་ལ་སོགས་ཀུན་སློང་སྐྱོན་ཅན་གྱིས་ཉན་པའམ། ཆགས་སྡང་རྨོངས་གསུམ་སོགས་དུག་ལྔའི་རྟོག་པ་དང་འདྲེས་ཏེ་ཉན་ན་ཆོས་ཀྱིས་སེམས་ལ་མི་ཕན་པར་མ་ཟད་ཆོས་ཀྱང་ཆོས་མིན་དུ་འགྲོ་སྟེ་དུག་ཅན་གྱི་སྣོད་དུ་བཅུད་བཟང་པོ་བླུགས་པ་དང་འདྲ། དེས་ན་རྒྱ་གར་དམ་པས་ཀྱང༌། ཆོས་ཉན་པའི་དུས་སུ་རི་དྭགས་སྒྲ་ལ་ཉན་པ་ལྟ་བུ་ཞིག་དགོས། བསམ་པའི་དུས་སུ་བྱང་པས་ལུག་འབྲེག་པ་ལྟ་བུ་ཞིག་དགོས། བསྒོམ་པའི་དུས་སུ་གླེན་པས་རོ་མྱོང་བ་ལྟ་བུ་ཞིག་དགོས། བསྒྲུབ་པའི་དུས་སུ་གཡག་ལྟོག་གིས་རྩྭ་ཟ་བ་ལྟ་བུ་ཞིག་དགོས། འབྲས་བུའི་དུས་ཉི་མ་སྤྲིན་ལས་གྲོལ་བ་ལྟ་བུ་ཞིག་དགོས། ཞེས་གསུངས་པ་ལྟར། ཆོས་ཉན་པའི་དུས་སུ་རི་དྭགས་པི་ཝང་གི་སྒྲ་ལ་ཆགས་ཏེ་ཟུར་ནས་རྔོན་པས་དུག་མདའ་བསྣུན་ཀྱང་མི་གོ་བར་སིམ་མེ་ཉན་པ་དང་འདྲ་བར། ལུས་བ་སྤུ་གཡོ་མིག་མཆི་མ་འཁྲུགས། ལག་ཐལ་མོ་སྦྱར་ཏེ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་ཉན་དགོས་པ་ལས། ལུས་ཆོས་གྲལ་དུ་བསྡད་ཀྱང༌། སེམས་རྣམ་རྟོག་གི་ཕྱི་ལ་འབྲང༌། ངག་འཁྱལ་གྱི་གཏེར་སྒོ་ཕྱེ། ཁ་ཡེངས་དང་མིག་ཡེངས་བྱས་ནས་ཉན་པས་མི་འོང་བས་འདིའི་སྐབས་སུ་ཁ་ཏོན་དང༌། བགྲང་ཕྲེང་སོགས་དགེ་སྦྱོར་གྱི་རྣམ་པ་རྣམས་ཀྱང་བཞག་ནས་ཉན་དགོས། དེ་ལྟར་ཉན་ནས་ཀྱང་བཤད་པའི་དོན་དེ་དག་ཡིད་ལ་བཟུང་སྟེ་མ་བརྗེད་པར་བྱས་ནས་རྒྱུན་དུ་ཉམས་སུ་ལེན་དགོས་ཏེ། ཐུབ་པ་ཆེན་པོས་ཀྱང༌། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི། །ཐར་པ་རང་ལ་རགས་ལས་ཤེས་པར་གྱིས། །ཞེས་པ་ལྟར། བླ་མས་སློབ་མ་ལ་ཁྲིད་འཆད་པ་དེ། ཆོས་ཉན་ཚུལ་སྒྲུབ་ཚུལ། སྡིག་པ་སྤང་ཚུལ། དགེ་བ་སྒྲུབ་ཚུལ། ཉམས་སུ་ལེན་ཚུལ་རྣམས་སློབ་པ་ཡིན་པས། སློབ་མས་ཀྱང་དེ་རྣམས་མ་བརྗེད་པར་ཡིད་ལ་བཟུང་ནས་ཉམས་སུ་བླངས་ཏེ་མངོན་དུ་བྱེད་དགོས་ཀྱི། ཡིད་ལ་མ་བཟུང་ན་ཆོས་ཐོས་པའི་ཕན་ཡོན་ཙམ་ཡོད་སྲིད་ཀྱང༌། ཆོས་ཀྱི་ཚིག་དོན་ཅུང་ཟད་ཀྱང་མི་ཤེས་པས་ཆོས་མ་ཐོས་པ་དང་ཁྱད་མེད། ཡིད་ལ་བཟུངས་ཀྱང་ཉོན་མོངས་པ་དང་འདྲེས་ན་ཆོས་ཡང་དག་པར་མི་འགྲོ་སྟེ། མཉམ་མེད་དྭགས་པོས། ཆོས་ཆོས་བཞིན་མ་སྤྱད་ན། ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། ཅེས་པ་ལྟར་ཡར་བླ་མ་དང་ཆོས་ལ་ལོག་རྟོག །བར་མཆེད་གྲོག་ལ་ཟུར་ཟ། ང་རྒྱལ་དང་ཁྱད་གསོད་ལ་སོགས་མི་དགེ་བའི་རྟོག་པ་དང་བཅས་པས་ནི། ངན་སོང་གི་རྒྱུ་བྱེད་པས་དེ་དག་སྤང་དགོས། གཉིས་པ་དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེངས་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་པ་ལྟར། ཆོས་འཆད་པའི་བླ་མ་ལས་ཀྱང་ང་ལྷག་སྙམ་པའི་ང་རྒྱལ། ཆོས་དང་བླ་མ་ལ་མ་དད་པ། ཆོས་ལ་དོན་གཉེར་མེད་པ། སེམས་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ། དབང་པོ་སྒོ་ལྔ་ནང་དུ་སྡུད་པ། ཆོས་ཐུན་རིང་དྲགས་པ་སོགས་ཀྱིས་སྐྱོ་བ་སྟེ་དྲི་མ་དྲུག་པོ་འདི་སྤང་དགོས། དེ་ཡང་ཉོན་མོངས་པ་རྣམས་ལས་ང་རྒྱལ་དང༌། ཕྲག་དོག་གཉིས་པོ་འདི་ངོས་ཟིན་དཀའ་བས་རང་རྒྱུད་ལ་ཞིབ་ཏུ་བརྟགས་ནས། རང་ལ་ཆོས་དང་འཇིག་རྟེན་གང་ཐད་ནས་ཡོན་ཏན་ཕྲན་བུ་རེ་ཡོད་པ་ལའང༌། ང་རང་དེ་དང་དེ་ལྟ་བུ་ཡིན་ནོ་སྙམ་ནས་ཆེད་དུ་འཛིན་ན་རང་རྒྱུད་ཀྱི་སྐྱོན་མི་མཐོང༌། གཞན་གྱི་ཡོན་ཏན་མི་ཤེས་པ་ཡིན་པས། ང་རྒྱལ་སྤངས་ནས་རྟག་ཏུ་དམན་ས་འཛིན། དད་པ་མེད་ན་ཆོས་ཀྱི་འཇུག་སྒོ་འགགས་པ་ཡིན་པས་དད་པ་རྣམ་པ་བཞིའི་ནང་ནས་མི་ལྡོག་པའི་དད་པ་འཆང༌། ཆོས་ལ་དོན་གཉེར་བྱེད་པ་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ཡིན་པས་དོན་གཉེར་རབ་འབྲིང་ཐ་གསུམ་ལས་ཆོས་པ་རབ་འབྲིང་ཐ་གསུམ་འོང༌། ཆོས་ལ་དོན་གཉེར་མ་བྱས་ན་ཆོས་རྩ་བ་ནས་མི་འགྲུབ། འཇིག་རྟེན་པའི་ཁ་སྐད་ལའང༌། ཆོས་བདག་མེད་ལ་སྙིང་རུས་གང་ཆེ་ཟེར་བ་ལྟར་ཡིན། བདག་ཅག་གི་སྟོན་པས་ཀྱང་ཆོས་ཚིག་བཞི་རེའི་ཕྱིར་དུ་ལུས་ལ་ཤའི་ཀོང་བུ་བྲུས་ཏེ་འབྲུ་མར་གྱི་སྡོང་བུ་སྟོང་གཟུགས་པ་དང༌། སྐུ་ལུས་མེ་དོང་དུ་མཆོང་བ་དང༌། ལུས་ལ་ལྕགས་ཀྱི་གཟེར་བུ་སྟོང་བཏབ་པ་སོགས་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་ཆོས་ཞུས་པ་ཡིན་པས། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་པ་ལྟར་དོན་གཉེར་ཆེན་པོས་དཀའ་ཚེགས་ཚ་གྲང་ཐམས་ཅད་ཁྱད་དུ་བསད་དེ་ཉན་དགོས། ཕྱི་ཚོགས་དྲུག་གི་ཡུལ་ལ་རྣམ་ཤེས་གཡེངས་པ་ནི་འཁོར་བའི་འཁྲུལ་སྣང་ཐམས་ཅད་ཀྱི་རྩ་བ་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་ཏེ། དཔེར་ན་མིག་ཤེས་གཟུགས་ལ་ཆགས་པས་ཕྱེ་སླེབ་མར་མེར་འཆི། རྣ་བ་སྒྲ་ལ་ཆགས་པས་རི་དྭགས་རྔོན་པས་གསོད། སྣ་དྲི་ལ་ཆགས་པས་བུང་བ་མེ་ཏོག་ཏུ་འཐུམ། ལྕེ་རོ་ལ་ཆགས་པས་ཉ་མོ་ལྕགས་ཀྱུས་འཛིན། ལུས་རེག་བྱ་ལ་ཆགས་པས་གླང་པོ་འདམ་དུ་བྱིང་བ་ལྟ་བུ་དང༌། གཞན་ཡང་སྔོན་སོང་བག་ཆགས་ཀྱི་རྗེས་དཔྱོད་པ། མ་འོངས་པ་ཉོན་མོངས་ཀྱི་མདུན་བསུ་བ། ད་ལྟ་རྟོག་པ་རྐྱེན་ཡུལ་དུ་ཤོར་བ་གསུམ་པོ་འདི་དག་ཆོས་ཉན་འཆད་སྒོམ་སྒྲུབ་གང་གི་སྐབས་སུ་ཡང་སྤང་དགོས་ཏེ། རྒྱལ་སྲས་རིན་པོ་ཆེས། སྔོན་སྤྱད་བདེ་སྡུག་ཆུ་ཡི་རི་མོ་འདྲ། །ཟིན་པ་རྗེས་མེད་ཡིན་གྱི་རྗེས་མ་གཅོད། །ཅིས་ཀྱང་དྲན་ན་འབྱོར་རྒྱུད་འདུ་འབྲལ་སོམས། །ལྟོས་ཐུབ་ཆོས་ལས་འདུག་གེ་མ་ཎི་བ། །ཕྱི་ཚིས་གྲབ་ཤོམ་གྲོག་སྐམ་ཉ་རྒྱ་འདྲ། །བསམ་པའི་ཐོག་ཏུ་མི་འབབ་འདོད་འདུན་སྐྱུངས། །ཅིས་ཀྱང་དྲན་ན་ནམ་འཆི་ཆ་མེད་སོམས། །ཆོས་མིན་བྱ་ལོང་འདུག་གེ་མ་ཎི་བ། །འཕྲལ་གྱི་བྱ་བཞག་རྨི་ལམ་སོ་ཚིས་འདྲ། །འབད་པ་དོན་མེད་ཡིན་གྱིས་སྐྱུར་ལ་ཐོངས། །ཆོས་མཐུན་ཟས་ཀྱང་ཞེན་མེད་རྒྱ་ཡིས་ཐོབ། །བྱ་བྱེད་སྙིང་པོ་མེད་དོ་མ་ཎི་བ། །རྗེས་ཐོབ་དུག་གསུམ་རྟོག་པའི་འདུལ་སྦྱོང་འདི། །དྲན་སྣང་ཐམས་ཅད་ཆོས་སྐུར་མ་ཤར་བར། །མེད་ཐབས་མེད་དོ་དགོས་དུས་དྲན་པར་གྱིས། །འཁྲུལ་རྟོག་ཡན་པར་མ་བཏང་མ་ཎི་བ། །ཞེས་དང༌། གཞན་ཡང༌། མ་འོངས་པ་ཡི་མདུན་མ་བསུ། །མ་འོངས་པ་ཡི་མདུན་བསུས་ན། །ཟླ་བ་གྲགས་པའི་ཕ་དང་འདྲ། །ཞེས་གསུངས། སྔོན་མི་དབུལ་པོ་ཞིག་གིས་ནས་མང་དུ་རྙེད་པ་སྣོད་དུ་བླུགས་ནས་སྟེང་དུ་བཏགས། ཁོ་རང་དེའི་འོག་ཏུ་ཉལ་ནས་ད་ངས་ནས་འདི་ལ་གཞི་བྱས་ལོངས་སྤྱོད་མང་པོ་འོང༌། དེ་ཚེ་ཆུང་མ་ཞིག་ཀྱང་བསུ། དེར་བུ་ཞིག་ཀྱང་ངེས་པར་སྐྱེ་སྟེ་བུ་དེའི་མིང་གང་འདོགས་སྙམ་ཙ་ན་ཟླ་བ་ཤར་བྱུང་བས་ངས་བུ་དེའི་མིང་ཟླ་བ་གྲགས་པར་གདག་གོ་སྙམ་པའི་སྐབས་ནས་སྣོད་ཀྱི་ལུང་བྱི་བས་ཟོས་ཏེ་ཆད་ནས་ཁོ་རང་གི་སྟེང་དུ་ལྷུང་བས་བསད་པ་ཡིན། དེ་ལྟར་འདས་མ་འོངས་ཀྱི་རྟོག་ཚོགས་མང་པོ་ཐོག་ཏུ་ཁེལ་དུས་མེད་ཅིང་རང་རྒྱུད་གཡེངས་པའི་རྒྱུ་ཡིན་པས་ལེགས་པར་སྤངས་ཏེ་དྲན་ཤེས་བག་ཡོད་དང་ལྡན་པས་ཉན། ཧ་ཅང་ནང་དུ་སྡུད་ཆེས་པ་དང༌། ཆོས་ཀྱི་ཚིག་དོན་རེ་རེ་ནས་སྤར་ཟིན་བྱེད་པ་ནི་དྲེད་མོ་བྱི་བ་བརྐོ་བ་ལྟར་རེ་རེ་ཟིན་དུས་རེ་རེ་བརྗེད་འགྲོ་བ་ལས་ཐམས་ཅད་ཤེས་པའི་དུས་མི་འོང༌། ཧ་ཅང་སྡུད་ཆེ་ན་གཉིད་རྨུགས་ལ་སོང་བའི་སྐྱོན་ཡང་འཇུག་པ་ཡིན་པས་གྲིམ་ལྷོད་རན་པར་བྱ་སྟེ། སྔོན་གྲོ་བཞིན་སྐྱེས་ལ་ཀུན་དགའ་བོས་སྒོམ་བསླབས་པས། ཁོང་གི་རེ་འགའ་ནི་གྲིམས་ཆེས། རེ་འགའ་ནི་ལྷོད་ཆེ་བས་སྒོམ་ཡང་དག་པ་སྐྱེར་མ་བཏུབ། བཅོམ་ལྡན་འདས་ལ་ཞུས་པས། ཚེ་དང་ལྡན་པ་ཁྱོད་ཁྱིམ་ན་གནས་པའི་ཚེ་པི་ཝང་སྦྲེང་བ་ལ་མཁས་སམ་གསུངས། དེ་ཤིན་ཏུ་མཁས་ཞུས་པས། ཁྱོད་ཀྱི་པི་ཝང་གི་སྒྲ་དེ་རྒྱུད་ཧ་ཅང་གྲིམས་པ་ལས་བྱུང་ངམ་ཧ་ཅང་ལྷོད་པ་ལས་བྱུང་གསུངས། དེ་གཉིས་ཀ་མ་ལགས་ཏེ་གྲིམ་ལྷོད་རན་པ་ལས་བྱུང་བར་ཞུས་པས། འོ་ན་ཁྱོད་ཀྱི་སེམས་ཀྱང་དེ་དང་འདྲ་བར་གསུངས་པས་འབྲས་བུ་ཐོབ་པ་དང༌། མི་ཁོམ་གྱིས་ཀྱང༌། གྲིམས་ཀྱིས་སྒྲིམ་ལ་ལྷོད་ཀྱིས་གློད། །དེ་ན་ལྟ་བའི་གནད་ཅིག་ཡོད། །གསུངས་པ་ལྟར། སེམས་ཧ་ཅང་གྲིམས་ཏེ་ནང་དུ་མི་སྡུད་པར་གྲིམ་ལྷོད་རན་པར་བྱས་ཏེ་དབང་པོ་བག་ཡངས་སུ་བཞག །ཆོས་ཐུན་རིང་དྲགས་པས་བཀྲེས་པ་དང་སྐོམ་པས་ཉེན་པ་འམ། རླུང་དང་ཉི་ཆར་སོགས་ཀྱིས་གདུང་བ་ལྟ་བུས་སེམས་སྐྱོ་སྟེ་ཆོས་ཉན་མི་མོས་པ་སྤངས་ཏེ། ད་རེས་དལ་འབྱོར་གྱི་མི་ལུས་ཐོབ་མཚན་ལྡན་གྱི་བླ་མ་དང་མཇལ། ཟབ་མོའི་གདམས་ངག་ཉན་ཏུ་ཡོད་པ་འདི་རེ་དགའ། བསྐལ་པ་གྲངས་མེད་པའི་བར་དུ་ཚོགས་བསགས་པའི་འབྲས་བུ་ད་རེས་ཟབ་མོ་འི་དམ་ཆོས་ཉན་པ་འདི་ཚེ་གང་དུས་བརྒྱའི་ཟ་མ་ལན་ཅིག་ཡིན་པས་ཆོས་འདིའི་ཆེད་དུ་དཀའ་ཚེགས་ཚ་གྲང་ཇི་བྱུང་ཡང་བཟོད་པར་བྱ་དགོས་སྙམ་དུ་དགའ་བཞིན་སྤྲོ་བཞིན་དུ་ཉན་དགོས་པ་ཡིན། གསུམ་པ་མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ། དོན་འཛིན་ལ་ཚིག་མི་འཛིན་པ། བརྡའ་མ་འཕྲོད་པར་འཛིན་པ། གོང་འོག་ནོར་ནས་འཛིན་པ། ལོག་པར་འཛིན་པ་དང་ལྔ་སྤངས་དགོས། དེ་ཡང་ཚིག་སྙན་སྙན་ལེགས་ལེགས་རེ་བྱུང་ན་དེ་ཉིད་ཆེད་དུ་འཛིན་ཞིང་དོན་ཟབ་མོ་རྣམས་ལ་རྟོག་དཔྱོད་མི་འཇུག་ན་བྱིས་པ་མེ་ཏོག་བཏུ་བ་དང་འདྲ་སྟེ་ཚིག་གི་ན་ཡམ་སེམས་ལ་ཕན་མི་ཐོགས། བཤད་པ་ནི་ཚིག་གི་རོ་ཡིན་པས་དེས་ཅི་བྱ་སྙམ་སྟེ་ཁྱད་དུ་བསད་ནས་དོན་ཟབ་མོར་སྤར་ཟིན་བྱས་ཀྱང་ཚིག་ལ་མ་བསྟེན་པར་དོན་མི་འབྱུང་བས་ཚིག་དོན་ཡ་བྲལ། དྲང་ངེས་ལྡེམ་དགོངས་ཀྱི་གསུང་སྣ་ཚོགས་པ་རྣམས་བརྡའ་མ་འཕྲོད་པར་བཟུང་ན་ཚིག་དང་དོན་དུ་འཛོལ་ནས་ཡང་དག་པའི་ཆོས་དང་རྒྱབ་འགལ། གོང་འོག་ནོར་ནས་བཟུང་ན་བསྟན་པའི་བབས་དང་འགལ་ཏེ་ཉན་འཆད་སྒོམ་པ་གང་གི་དུས་སུ་ཡང་འགལ་བ་འདུ། དོན་ལོག་པར་བཟུང་ན་ལོག་རྟོག་རྒྱུན་འབྱམས་ནས་རང་རྒྱུད་ཆུད་ཟོས་སུ་འགྱུར་ཞིང་བསྟན་པའི་རྐང་འདྲེན་པ་ཡིན་པས་དེ་དག་སྤངས་ཏེ་ཚིག་བརྡའ་དོན་གོང་འོག་ཐམས་ཅད་མ་ནོར་བ་ཡང་དག་པའི་ལམ་ནས་འཛིན། གང་དཀའ་དཀའ་དང་མང་བ་ཡང་མི་ཟིན་སྙམ་དུ་སྒྱིད་མི་ལུག་པར་སྙིང་རུས་ཀྱིས་འཛིན། གང་སླ་བ་དང་ཉུང་བ་ཡང་སླ་ཆོས་ཀྱིས་བརྙས་བཅོས་མི་བྱེད་པར་མི་བརྗེད་པར་འཛིན། གོང་འོག་གི་བབས་འབྲེལ་མ་ནོར་བར་ཚིག་དོན་ཐམས་ཅད་ཡང་དག་པར་འཛིན་དགོས་པ་ཡིན་ནོ། །གཉིས་པ་བླང་བྱའི་ཀུན་སྤྱོད་ལ། འདུ་ཤེས་བཞི་བརྟེན་པ། ཕར་ཕྱིན་དྲུག་དང་ལྡན་པ། སྤྱོད་ལམ་གཞན་བསྟེན་པ་དང་གསུམ། དང་པོ་ནི། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ནི་ནད་ཉེ་བར་འཚོ་བའི་འདུ་ཤེས་སྐྱེད་པར་བྱའོ། །ཞེས་གསུངས་པ་ལྟར། རང་ཉིད་ཐོག་མ་མེད་པའི་དུས་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་རྒྱུ་དུག་གསུམ་དང་འབྲས་བུ་སྡུག་བསྔལ་གསུམ་གྱི་ནད་ཀྱིས་མནར་བའི་ནད་པ་ལྟ་བུ་ཡིན། དཔེར་ན་ནད་ཚབས་པོ་ཆེས་བཏབ་པའི་ནད་པ་དེས་སྨན་པ་མཁས་པ་ཞིག་བསྟེན། སྨན་པ་དེས་ཇི་ལྟར་བསྒོ་བ་བཞིན་བསྒྲུབས་ནས་གང་བྱིན་པའི་སྨན་བཏུང་སྟེ་ནད་ལས་གྲོལ་བའི་བདེ་བ་དོན་དུ་གཉེར་བ་ལྟར། སྨན་པ་མཁས་པ་ལྟ་བུ་མཚན་ཉིད་དང་ལྡན་པའི་བླ་མས་ཇི་གསུང་གི་བཀའ་བསྒྲུབ་དམ་པའི་ཆོས་ཀྱི་སྨན་བཏུང་བས་ལས་ཉོན་སྡུག་བསྔལ་གྱི་ནད་ལས་གྲོལ་བར་བྱེད་དགོས་པ་ཡིན། བླ་མ་བསྟེན་ཀྱང་བླ་མའི་བཀའ་བཞིན་མ་བསྒྲུབས་ན་སྨན་པའི་བསྒོ་བ་མི་ཉན་ན་སྨན་པས་ནད་པར་ཕན་འདོགས་ཐབས་མེད་པ་དང་འདྲ། དམ་པའི་ཆོས་ཀྱི་སྨན་རང་གིས་བཏུང་སྟེ་ཉམས་སུ་མ་བླངས་ན་ནད་པ་ཞིག་གི་སྔས་སུ་སྨན་དང་སྨན་ཡིག་གྲངས་མེད་པ་ཡོད་ཀྱང་རང་གིས་སྨན་མ་བཏུང་ན་ནད་ལ་མི་ཕན་པ་དང་འདྲ། ལར་ད་ལྟའི་དུས་ན་བླ་མའི་ཐུགས་རྗེས་གཟིགས་ཟེར་ནས་རེ་བ་ཆེན་པོ་བྱེད་ཅིང་རང་གིས་མི་དགེ་བའི་ལས་དུ་མ་བསགས་ཀྱང་དེའི་འབྲས་བུ་མྱོང་མི་དགོས་པར་བླ་མའི་ཐུགས་རྗེས་དག་པའི་ཞིང་ཁམས་སུ་རྡོ་འཕེན་འཕེན་བྱེད་རྒྱུ་ཡོད་སྙམ་པ་འདུག་སྟེ། བླ་མའི་ཐུགས་རྗེས་བཟུང་ཟེར་བ་དེ། བརྩེ་བས་རྗེས་སུ་བཟུང༌། ཟབ་མོའི་གདམས་ངག་བསྟན། སྤང་བླང་གི་དམིགས་ཕྱེ། རྒྱལ་བའི་བཀའ་དང་བསྟུན་ནས་ཐར་པའི་ལམ་སྟོན་པ་དེ་ལས་ལྷག་པའི་ཐུགས་རྗེ་ཅི་ཡང་མེད། ཐུགས་རྗེ་དེ་ལ་བརྟེན་ནས་ཐར་པའི་ལམ་དུ་འགྲོ་མི་འགྲོ་རང་ལ་རགས་ལས་ཤིང༌། དེ་ལས་ཀྱང་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། བླང་དོར་གྱི་གནད་ཤེས། རང་ལ་རང་དབང་ཡོད་པའི་དུས་འདིར་འདུན་མ་གཏན་ལེགས་དང་གཏན་ཉེས་ཀྱི་སོ་མཚམས་ཡིན་པས་བླ་མས་ཇི་ལྟར་བསྒོ་བ་བཞིན་ཉམས་སུ་བླངས་ནས་འཁོར་འདས་ཀྱི་འཁྲུན་ཐག་ཆོད་པ་ཞིག་བྱེད་པ་གལ་ཆེ། དེ་ལས་གཞན་དུ་གྲོང་ཆོག་པ་རྣམས་ཤི་བོའི་རོ་སྔས་སུ་ཕྱིན་ནས་ཡར་འགྲོ་མར་འགྲོའི་ས་མཚམས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་དང་འདྲ་ཞེས་ཟེར་གྱིན་འདུག་སྟེ། ལམ་སྦྱངས་པ་སྔོན་སོང་གི་གང་ཟག་ཅིག་ཡིན་ན་མ་གཏོགས་དེ་སྐབས་ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་དེད། འཇིགས་པའི་མུན་ནག་གིས་མདུན་ནས་བསུས། བར་དོའི་འཕྲང་རིང་གི་མཐའ་ལ་གཅུར། གཤིན་རྗེའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པས་སོད་སོད་དང་རྒྱོབ་རྒྱོབ་ཀྱི་ངང་ལ་དེད་ནས། བྲོས་ས་དང་གབ་ས་སྐྱབས་དང་རེ་ལྟོས་ཐམས་ཅད་ཟད་ནས་ཅི་བྱ་གཏོལ་མེད་པའི་སྐབས་སུ་ཡར་འགྲོ་མར་འགྲོའི་ས་མཚམས་ཇི་ལྟར་ཡིན་ཏེ། ཨོ་རྒྱན་ཆེན་པོས་ཀྱང༌། མཚན་བྱང་མགོ་ལ་དབང་བསྐུར་བྱེད་ཙ་འཕྱིས། །རྣམ་ཤེས་བར་དོར་ཁྱི་གླེན་བཞིན་དུ་འཁྱམས། །མཐོ་རིས་དྲན་ཏེ་དེ་ལ་དཀའ་ལས་ཡོད། །ཅེས་གསུངས། དེས་ན་ཡར་འགྲོ་མར་འགྲོའི་ས་མཚམས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་དང་འདྲ་ངེས་པ་དེ་ད་རེས་གསོན་པའི་སྐབས་འདི་ཉིད་ཡིན། མིའི་ལུས་རྟེན་འདིའི་སྟེང་ནས་ཡར་དགེ་བའི་ལས་ཤིག་སྒྲུབ་ཀྱང་གཞན་ལས་སྟོབས་ཆེ་སྟེ་ད་རེས་ཀྱི་སྐྱེ་བ་འདིར་ཐོད་པ་བོར་ཆོག་མ་བྱས་ཆོག །མར་མི་དགེ་བའི་ལས་བསགས་ཀྱང་སེམས་ཅན་གཞན་གྱིས་བསྒྲུབ་པ་ལས་ནུས་པ་ཆེ་བས་ངན་སོང་གི་གཏིང་ནས་མི་ཐར་བའི་རྒྱུ་བྱེད་ངེས་པས་ད་རེས་སྨན་པ་མཁས་པ་ལྟ་བུའི་བླ་མ་དང་མཇལ། སྨན་ཤི་གསོས་ཀྱི་བདུད་རྩི་ལྟ་བུའི་དམ་པའི་ཆོས་དང་མཇལ་བའི་སྐབས་འདིར་ཡང་དག་པའི་འདུ་ཤེས་བཞི་བསྟེན་ཏེ་རང་གི་ཐོས་པའི་ཆོས་ཉམས་སུ་བླངས་ནས་ཐར་པའི་ལམ་དུ་འགྲོ་བ་ཞིག་དགོས། དེའི་མི་མཐུན་ཕྱོགས་ལོག་པའི་འདུ་ཤེས་བཞི་སྤང་དགོས་ཏེ། ཡོན་ཏན་མཛོད་ལས། མི་གཞི་ངན་པའི་ཟོལ་སྦྱོར་ཐ་གུས་ལྕེས། །བླ་མ་སྤོས་ཀྱི་གླང་པོ་ལྟར་བསྙེན་ནས། །དམ་ཆོས་གླ་རྩིའི་རྙེད་པ་ཐོབ་ནས་སླར། །རྔོན་ལ་ཡང་དག་སྤྲོ་བས་དམ་ཚིག་འཕེན། །ཞེས་གསུངས་པ་ལྟར་བླ་མ་ལ་གླ་བའི་འདུ་ཤེས། ཆོས་ལ་གླ་རྩིའི་འདུ་ཤེས། རང་ལ་རྔོན་པའི་འདུ་ཤེས། ནན་ཏན་ཉམས་སུ་ལེན་པ་ལ་མདའ་འམ་སྙིས་གླ་བ་གསོད་ཐབས་ཀྱི་འདུ་ཤེས་བཞག་ནས་ཆོས་ཞུས་ཏེ་ཉམས་སུ་མི་ལེན་ཞིང༌། བླ་མའི་བཀའ་དྲིན་ལ་མི་རྩི་བ་རྣམས་ནི་ཆོས་ལ་བརྟེན་ནས་སྡིག་པའི་ལས་བསགས་ཏེ་ངན་སོང་གི་གཏིང་རྡོ་བྱེད་པ་ཡིན་ནོ། །གཉིས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བྱ་བ་ནི། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང༌། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང༌། །སྲོག་ཆགས་ཀུན་ལ་འཚེ་མི་བྱ། །བླ་མ་ལ་ནི་ཡང་དག་དད། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་དྲི། །ཉན་པོ་ཡན་ལག་དྲུག་དང་ལྡན། །ཞེས་པ་ལྟར། ཆོས་ཀྱི་ཁྲི་བཤམས་ཤིང་སྟན་འདིང་བ་དང་མཎྜལ་མེ་ཏོག་སོགས་འབུལ་བ་སྦྱིན་པ། ས་ཕྱོགས་ཕྱག་དར་དང་ཆག་ཆག་ལ་སོགས་ལེགས་པར་བྱ་ཞིང་རང་གི་སྤྱོད་ལམ་མ་གུས་པ་ལ་སོགས་པ་སྡོམ་པ་ཚུལ་ཁྲིམས། སྲོག་ཆགས་ཕྲ་མོ་ཚུན་ཆད་ལ་གནོད་པ་མི་བྱེད་ཅིང༌། དཀའ་ཚེགས་དང་ཚ་གྲང་ཐམས་ཅད་བཟོད་པ་བཟོད་པ། བླ་མ་དང་ཆོས་ལ་ལོག་ལྟ་སྤངས་ནས་ཡང་དག་པའི་དད་པས་སྤྲོ་བཞིན་དུ་ཉན་པ་བརྩོན་འགྲུས། བླ་མའི་གདམས་ངག་ལས་སེམས་གཞན་དུ་མ་ཡེངས་པར་ཉན་པ་བསམ་གཏན། ཐེ་ཚོམ་གྱི་དོགས་སེལ་ལ་སོགས་པ་དྲི་ཞིང་སྒྲོ་འདོགས་ཐམས་ཅད་གཅོད་པ་ཤེས་རབ་སྟེ། ཉན་པ་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བྱའོ། །གསུམ་པ་སྤྱོད་ལམ་གཞན་བསྟེན་པ་ནི། འདུལ་བ་ལུང་ལས། མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་གཡོགས་དང༌། །གདུགས་དང་མཁར་བ་མཚོན་ཐོགས་དང༌། །མགོ་བོ་དཀྲིས་པ་དག་ལ་མིན། །ཞེས་དང༌། སྐྱེས་རབས་ལས། རབ་ཏུ་དམའ་བའི་ས་ལ་འདུག། །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་བསྒྲིམས་ཏེ་ཆོས་ཉོན་ཅིག །ཅེས་སོགས་གསུངས་པ་ལྟར་མ་གུས་པའི་སྤྱོད་ལམ་ཐམས་ཅད་སྤང་བར་བྱའོ། །
འབྲེལ་ཡོད་འོས་སྦྱོར།