logo

དཔལ་དུས་ཀྱི་འཁོར་ལོའི་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་བསྟན་པའི་རྒྱ་མཚོ།

རྩོམ་པ་པོ།:སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-19 ཀློག་གྲངས།:

ནང་དུས་ཀྱི་འཁོར་ལོའི་རྡོ་རྗེ་ལུས་ཀྱི་རྣམ་པར་བཞག་པའི་སྤྱི་དོན་བསྟན་པའི་རྒྱ་མཚོ་བཞུགས་སོ། །

      ན་མོ་མཉྫུ་ཤྲཱི་ཡེ། ལུས་ལམ་མཆོག་གིས་ལུས་ཀྱི་སྐྱོན་ཀུན་སྦྱངས། །ལུས་མེད་དཔུང་བཅོམ་ལུས་ཀྱི་མཆོག་བརྙེས་ནས། །ལུས་ཅན་ཀུན་ལ་ལུས་ཀྱི་ལམ་སྟོན་དེར། །ལུས་སོགས་བཏུད་ནས་ལུས་ཀྱི་དེ་ཉིད་བཤད། །གཉིས་པ་ནང་དུས་འཁོར་རྡོ་རྗེ་ལུས་ཀྱི་རྣམ་གཞག་བཤད་པ་ལ། ལུས་ཀྱི་རང་བཞིན་ཤེས་དགོས་པའི་རྒྱུ་མཚན། དེའི་རང་བཞིན་རྒྱས་པར་གཏན་ལ་དབབ་པའོ། །དང་པོ་ནི། དཔལ་སམྦུ་ཊིའི་རྒྱུད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་ཆོ་ག་ཡང་། །ལུས་ཀྱི་དེ་ཉིད་མི་ཤེས་པས། །དེ་དག་ཐམས་ཅད་འབྲས་བུ་མེད། །ཅེས་སོགས་དང་། སྒྲུབ་ལེའི་ཉིས་བརྒྱ་པར། མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་བཟུང་ནས་སྟོང་པར་བལྟ་ཡང་གང་ཕྱིར་འགྱུར་མེད་དང་བྲལ་བ། །དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་འདི་ནི་སྔགས་ཀྱི་ཐེག་པར་བསྟན། །ཅེས་སོགས་གསུངས་པ་ལྟར། ལུས་ཁྱད་པར་ཅན་གྱི་བདག་རྐྱེན་ལས་མ་སྐྱེས་པའི་ཡེ་ཤེས་ཇི་ཙམ་བསྒོམས་ཀྱང་འཚང་རྒྱ་བར་མི་ནུས་ཤིང་། ལུས་ཀྱི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བ་ལ་ལུས་ཀྱི་གནས་ཁྱད་པར་ཅན་ལ་གནད་དུ་བསྣུན་ནས་བསྒོམ་དགོས་ལ། དེ་ལ་ལུས་ཁྱད་པར་ཅན་རྩ་རླུང་ཐིག་ལེའི་རང་བཞིན་ལེགས་པར་ཤེས་པ་དགོས་ཤིང་། མདོ་སྡེའི་ཕྱོགས་ནས་ལུས་དྲན་པ་ཉེར་བཞག་གི་སྐབས་སུ། ལུས་ལ་མི་གཙང་བའི་རྫས་སོ་གཉིས་འདུས་ཚུལ་རྒྱས་པ་དང་། དགའ་བོ་མངལ་འཇུག་དང་། མངལ་གནས་ཀྱི་མདོར། ལུས་ཀྱི་རུས་པ་དང་ཚིགས་དང་། རྩའི་དབྱེ་བ་སོགས་བཤད་ཀྱང་། ནང་གི་རྩ་འཁོར་དང་ཁམས་ཀྱི་གནས་ཁྱད་པར་ཅན་ལ་སོགས་པ་ཅུང་ཟད་ཀྱང་བཤད་པ་མེད་ལ། བྱ་སྤྱོད་ཀྱི་མེར་གནས་བསམ་གཏན་ལ་སོགས་པའི་སྐབས་སུ། གནས་ཁྱད་པར་ཅུང་ཟད་དང་། རྣལ་འབྱོར་རྒྱུད་ཀྱི་སྙིང་གའི་བདག་འཇུག་ལ་སོགས་པར་དེ་བས་ཆེས་གསལ་བ་དང་། འདུས་པ་བདེ་མཆོག་ཀྱེ་རྡོར་སོགས་སུ་ཇེ་གསལ་དང་། ཁྱད་པར་འདི་ཉིད་དུ་ཆེས་ཤིན་ཏུ་གསལ་ཞིང་རྒྱལ་པར་གསུངས་པའི་ཕྱིར་ན། མདོ་སྡེའི་ཕྱོགས་ལ་སེམས་སྦྱོང་བའི་ཐེག་པ་དང་། རྒྱུད་སྡེའི་ཕྱོགས་ལ་ལུས་སྦྱོང་བའི་ཐེག་པ་ཞེས་བྱ་བར་རིགས་ཤིང་། ཁྱད་པར་ནང་ལེ་བཤད་པའི་དགོས་པ། སྐྱེད་རྫོགས་ཀྱི་ལམ་ཐུན་མོང་མིན་པ་རྣམས་བསྒོམ་པའི་གནད་ཤེས་པ་དང་། རྡོ་རྗེའི་ལུས་ལ་རྙེད་དཀའ་དོན་ཆེའི་བསམ་པ་དང་བརྩོན་འགྲུས་བསྐྱེད་པའི་ཆེད་ཡིན་གྱི། གང་དག་ཕྱི་འཇིག་རྟེན་ཁམས་དང་། ཆོས་མཐུན་ཤེས་པ་ཙམ་དང་། འཇིག་རྟེན་དྲང་དོན་ཡིན་པའི་དགོངས་གཞི་ཤེས་པའི་ཆེད་མ་ཡིན་ནོ་ཞེས་སྨྲ་བ་དེ་དག་ནི་རྒྱུད་ཀྱི་རྒྱལ་པོ་འདི་ལ་སྐུར་པ་འདེབས་པ་ཟད་དོ། །འོ་ན་ལུས་ལ་བརྟེན་པའི་ལམ་གཙོ་བོར་ཕྱེད་པ་ནི། ལུས་ཀྱི་དཀའ་ཐུབ་བགྱིས་པ་ཡིས། །མདུད་པ་འཇིག་པར་གཅེར་བུ་འཚལ། །ཁྱོད་ནི་སེམས་ཀྱི་དཀའ་ཐུབ་གྱིས། །མདུད་པ་འཇིག་པར་བཞེད་པ་ལགས། །ཞེས་སོགས་དང་། སེམས་ནི་ཆོས་ཀྱི་གཙོ་བོ་ལགས་པར་གསུངས། །ཞེས་སོགས་མང་དུ་གསུངས་པ་དང་འགལ་ལོ་ཞེ་ན། དེ་དག་ནི་མདོ་ཕྱོགས་ཀྱི་ལུང་ཡིན་ལ། དེ་ལྟར་གསུང་བའི་དགོངས་གཞི་ནི། གཅེར་བུ་པ་ལྟ་བུ། ལུས་ཀྱི་ཕྱི་རོལ་རགས་པ་འདི་ལ། ཁྲུས་དང་གཙང་སྦྲ་ཟས་སྤྱོད་སོགས་དཀའ་ཐུབ་བྱས་པས་གྲོལ་བར་འདོད་པ་དགག་པ་དང་། ལུས་རགས་པ་ཙམ་སྦྱངས་ཀྱང་གྲོལ་མི་ནུས་པ་ལ་དགོངས་ལ། འདིར་ལུས་རགས་པའང་རྟེན་དུ་དགོས་མོད་ཀྱི། དེ་ལ་བརྟེན་པའི་ལུས་ཁྱད་པར་ཅན་སྦྱོང་བར་འདོད་པས་ཉེས་པ་མེད་དོ། །དེས་ན་སློབ་དཔོན་འཕགས་པ་ལྷས། བསྐལ་པ་བྱེ་བ་དུ་མ་རུ། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང་། །བདག་བྱིན་བརླབས་ལས་ཕྱིར་བལྟས་པས། །དེ་ལས་དེ་ཉིད་རྟོགས་མི་འགྱུར། །ཞེས་སོགས་རྩ་རླུང་ཐིག་ལེ་ལ་གནད་དུ་མ་བསྣུན་ན། དེ་ཁོ་ན་ཉིད་རྫོགས་པར་མི་རྟོགས་པར་གསུངས་པ་མང་ངོ་། །འདི་ཡང་ལུས་ལ་གནད་དུ་བསྣུན་ན་རླུང་འདུ་སླ་ཞིང་། དེས་གཉིས་སྣང་ནུབ་སླ་བ་ལྟ་བུའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་རྟོགས་པ་མྱུར་བུལ་ཙམ་དུ་འདོད་པ་ལྟར་མ་ཡིན་གྱི། ཚོར་བ་སྡུག་བསྔལ་གྱི་མཐར་ཐུག་མནར་མེད་ཀྱི་ལུས་ཤེས་ཡིན་པ་བཞིན་དུ་བདེ་བའི་མཐར་ཐུག་ཁམས་དྲུག་ལྡན་གྱི་ལུས་ཁྱད་པར་ཅན་ལ་བརྟེན་པའི་ལྷན་སྐྱེས་ཀྱི་ལུས་ཤེས་ཡིན་ལ། དེ་རྟོག་མེད་ཡིན་པས་གཉིས་སྣང་ནུབ་ཚབས་ཆེ་བ་དང་། ནུབ་ཡུན་རིང་བ་དང་། རྟེན་ཐིག་ལེ་མི་གཡོ་བར་སོང་ནས་དེ་ལས་མི་གཡོ་བ་ལ་སོགས་པའི་སྟོབས་ཀྱིས་དེ་ཁོ་ན་ཉིད་རྟོགས་ཚུལ་ཙམ་ཡེ་ཤེས་རྐྱང་པ་ལ་མི་སྲབ་པའི་ཆ་ནས་ཡིན་པར་འདོད་དེ་རྒྱས་པར་འོག་ཏུ་བཤད་པར་བྱའོ། །དབང་ཤེས་ཁ་ཕྱིར་བལྟས་ཡིན་པས་ངོ་བོ་ཉིད་ཀྱི་རྣམ་གཡེང་དུ་བཤད་པ་མ་ཡིན་ནམ་སྙམ་ན། དེ་ནི་ཕྱི་རོལ་གྱི་རེག་བྱ་སོགས་ཀྱི་ཡུལ་ཅན་ལ་དགོངས་ལ། འདི་ནི་ནང་རེག་ཁྱད་པར་ཅན་གྱི་ཡུལ་ཅན་ཡིན་པས་ཤིན་ཏུའང་རིགས་སོ། །དེ་ལྟར་ན་ནང་ལུས་ཀྱི་གནས་ཚུལ་ཤེས་པའི་ཕྱིར་དུ་རྡོ་རྗེ་ལུས་ཀྱི་གནས་ཚུལ་སྟོན་པའི་ལེའུ་འདི་དང་། འདི་ཡི་ཆ་ལག་ཏུ་གྱུར་པ་རྣམས་ལ་ནན་ཏན་གྱིས་བསླབ་པར་རིགས་སོ། །གཉིས་པ་ལ་ལུས་སྤྱིའི་རྣམ་པར་བཞག་པ་དང་། མངལ་སྐྱེས་ཀྱི་ལུས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། ཁམས་ཀྱི་དང་། གནས་ཀྱི་དང་། ཕྱི་ནང་གི་སྒོ་ནས་བཞག་པའོ། །དང་པོ་ནི། སྤྱིར་ནམ་མཁའ་རླུང་མེ་ཆུ་ས་ཡེ་ཤེས་ཀྱི་ཁམས་དྲུག་ལས། ནམ་མཁའ་ནི་སྒྲ་གཅིག་པུའི་ཡོན་ཏན་དང་ལྡན་པས། ནམ་མཁའ་ཡོན་ཏན་གཅིག་ལྡན་ཞེས་བྱ་ལ། རླུང་ལ་སྒྲ་དང་རེག་པ། མེ་ལ་དེ་གཉིས་དང་རོ། ཆུ་ལ་དེ་གསུམ་དང་གཟུགས། ས་ལ་དེ་བཞི་དང་དྲི་སྟེ་ལྔའི་ཡོན་ཏན་ཡོད་པས། ས་ཡོན་ཏན་ལྔ་ལྡན་ཞེས་བྱའོ། །དེ་ལྟར་ཡོན་ཏན་ལྔ་པོ་དེ་ལ་ཟླ་བའི་ཡོན་ཏན་ལྔ་ཞེས་བྱ་ལ། རྡུལ་མུན་སྙིང་སྟོབས་གསུམ་ལ་ཉི་མའི་ཡོན་ཏན་གསུམ་ཞེས་བྱ་སྟེ། དེ་ལྟར་བརྒྱད་པོ་ལ་ཡོན་ཏན་བརྒྱད་དུ་བཤད་པ་མང་ཞིང་། སངས་རྒྱས་ཀྱི་ས་ན་ཡོན་ཏན་མེད་པར་བཤད་པའང་། བེམ་ཆོས་ཀྱི་ཡོན་ཏན་བརྒྱད་པོ་འདི་མེད་པ་ཡིན་ནོ། །ཁམས་དྲུག་པ་ནི། གཞི་ལམ་འབྲས་བུའི་སྐབས་ཀུན་ཏུ་ཡོན་ཏན་མེད་པས་རང་གི་ངོ་བོས་སངས་རྒྱས་ཀྱི་ཡོན་ཏན་དང་མཚུངས་པས་ན། སངས་རྒྱས་སུ་བཤད་པ་ཤིན་ཏུ་མང་བ་རྣམས་ཀྱང་ཡེ་ཤེས་ཀྱི་ཁམས་ལ་དགོངས་སོ། །དེ་ལ་འདོད་པའི་ཁམས་ན་ཁམས་དྲུག་ཡོན་ཏན་ལྔ་ལྡན་གྱི་ལུས་ཡོད་ལ། དེ་ནི་མི་དང་དུད་འགྲོ་ཡིན་ཞིང་། དམྱལ་བ་དང་འདོད་ལྷའི་ཁམས་ལྔ་ཡོན་ཏན་བཞི་ལྡན། གཟུགས་ཀྱི་བསམ་གཏན་འོག་མ་གཉིས་ཁམས་བཞི་ཡོན་ཏན་སུམ་ལྡན། གོང་མ་གཉིས་ཁམས་གསུམ་ཡོན་ཏན་གཉིས་ལྡན། གཟུགས་མེད་པ་ཁམས་གཉིས་ཡོན་ཏན་གཅིག་ལྡན་ནོ། །དེ་ཡང་མི་དང་དུད་འགྲོ་ལ་ས་ཁམས་དང་དེའི་ཡོན་ཏན་དྲི་ཡང་ཡོད་པས་དང་། འདོད་ལྷ་ལ་དེ་གཉིས་མེད་པས་དང་། བསམ་གཏན་དང་པོ་གཉིས་ལ་ཆུ་དང་རོ་ཡང་མེད་པས་དང་། གོང་མ་གཉིས་ལ་མེ་དང་གཟུགས་ཀྱང་མེད་པས་དང་། གཟུགས་མེད་ལ་རླུང་དང་རེག་བྱ་ཡང་མེད་པར་ནམ་མཁའ་དང་དེའི་ཡོན་ཏན་སྒྲ་ཙམ་ཡོད་ལ། ཡེ་ཤེས་ནི་ཐམས་ཅད་ལ་ཁྱབ་བྱེད་དུ་ཡོད་པ་ཡིན་པས་ན། ཁམས་གོང་འོག་གི་དབྱེ་བས་ལུས་ཀྱི་ཕྲ་རགས་དེ་དག་ཏུ་གནས་ཤིང་། ལུས་ཕྲ་རགས་ཀྱི་དབང་གིས་འཛག་བདེའི་ཕྲ་རགས་ཀྱང་དེ་ལྟར་གནས་པས་ན། འདིར་འཛག་བདེའམ་འཕོ་བའི་བག་ཆགས་འཁོར་བའི་རྒྱུར་བཤད་པ་ལ་ཁམས་གོང་དང་། དམྱལ་བ་ན་འཛག་བདེ་མེད་པས་མི་རིགས་སོ། །ཞེས་སྨྲ་བ་དེ་དག་གིས་ནི། ཚུལ་འདི་ལ་ཞིབ་ཏུ་མ་བསླབས་པར་ཟད་དོ། །འོ་ན་དྲི་སའི་ཡོན་ཏན་སོགས་སུ་སྨྲ་བ་འདི་མུ་སྟེགས་བྱེ་བྲག་པ་དང་མཚུངས་པ་མ་ཡིན་ནམ་སྙམ་ན། ཐ་སྙད་སྒོ་བསྟུན་ཡིན་གྱི་དོན་ཤིན་ཏུ་མི་མཐུན་ཏེ། དེ་དག་ཡོན་ཏན་དེ་རྣམས་རྟག་དངོས་སུ་འདོད་ལ་དེ་དག་འདིར་མི་རྟག་པར་འདོད་པས་སོ། །འོ་ན་བྱེ་བྲག་པ་གཟུགས་མེའི་ཡོན་ཏན་དང་རོ་ཆུའི་ཡོན་ཏན་དུ་འདོད་ལ། དེའང་མེའི་གཟུགས་རྒྱང་རིང་པོ་ནས་ཀྱང་མཐོང་བ་དང་། ལྕེ་ཐོག་ཏུ་ཆུ་མེད་ན་རོ་མི་མྱོང་བ་རྒྱུ་མཚན་དུ་བཀོད་ནས་འཆད་པ་འཐད་ཀྱང་། འདིར་དེ་གཉིས་གོ་ལྡོག་པས་ཐ་སྙད་ཀྱང་མ་མཐུན་ནོ་སྙམ་ན། སྐྱོན་མེད་དེ། སྤྱིར་མེ་ཏོག་གི་གཟུགས་ལྟ་བུའི་གཟུགས་ཀྱི་གསལ་བྱ་མཐའ་དག་ཆུས་བྱེད་པས་དང་། སྟོན་སེར་རོ་མཐའ་དག་སྨིན་པར་བྱེད་པ་ནི་ཆུས་མི་འགྲུབ་ཀྱི། ཉི་མ་དང་དྲོད་ལྟ་བུའི་མེ་ཁམས་ཀྱིས་བྱེད་པས་འབྱུང་བའི་ཁམས་ཀྱི་བྱེད་ལས་དང་མཐུན་གྱི། མེའི་གཟུགས་རྒྱང་རིང་པོ་ནས་མཐོང་བ་ལྟ་བུ་ནི་མེའི་བྱེད་ལས་ཐུན་མོང་མིན་པར་མི་རུང་བ་ལ་དགོངས་ཤིང་འདིར་ཁམས་གསུམ་ལ་སྦྱོར་བའི་ཚེ་མུ་སྟེགས་དང་བསྟུན་ནས་ཡེ་ལེར་བཤད་པ་ནི། རོ་མེའི་ཡོན་ཏན་དུ་བྱས་ན་བསམ་གཏན་དང་པོ་གཉིས་ན་མེའི་ཡོན་ཏན་ཡོད་པས་རོ་ཡོད་པར་འདོད་དགོས་ལ། དེ་ལྟར་ན་ཁམས་གོང་ན་དྲི་རོ་མེད་པར་མངོན་པ་ནས་བཤད་པ་དང་མ་མཐུན་པར་འགྱུར་དུ་དོགས་པར་གསལ་ཞིང་། ཡེ་ལེའི་རིགས་དང་རིགས་བདག་གི་ཞལ་གྱི་སྐབས་སུའང་དེ་ལྟར་བཤད་དོ། །གཉིས་པ་ནི། སྤྱིར་སེམས་ཡོད་མེད་ཀྱི་ལུས་ཅན་ཐམས་ཅད་སྐྱེ་གནས་བརྒྱད་དུ་སྒྲུབ་ལེར་གསུངས་ཏེ། འབྱུང་བཞི་ཟླ་ཉི་སྒྲ་གཅན་དུས་མེའི་སྐྱེ་གནས་རྣམས་སོ། །དེ་ཡང་ལྗོན་ཤིང་དང་ལྷུན་པོ་ལ་སོགས་པ་བརྟན་པ་རྣམས་སའི། དྲོད་གཤེར་སྐྱེས་ཆུའི། སྒོར་སྐྱེས་རླུང་གི མངལ་སྐྱེས་མེའི། ནམ་མཁའི་ཁམས་ལ་ཟླ་ཉི་གཉིས་དང་། ཡེ་ཤེས་ལ་སྒྲ་གཅན་དུས་མེར་ཕྱེ་ནས་ཀླུ་དང་ལྷ་མིན་ཟླ་བའི། ལྷ་དང་འབྱུང་པོ་ཉི་མའི། གཟུགས་མེད་སྒྲ་གཅན་གྱི། དམྱལ་བ་དུས་མེའི་སྐྱེ་གནས་སུ་བཤད་ལ། ཡོངས་གྲགས་ཀྱི་སྐྱེ་གནས་བཞི་དང་སྦྱོར་བའི་ཚེ། ནམ་མཁའ་ཡེ་ཤེས་ཀྱི་སྐྱེ་བ་རྣམས་རྫུས་སྐྱེས་ཆེན་པོ་རོའི་སྐྱེ་བ་དང་། སའི་སྐྱེ་བ་རྣམས་ཀྱང་རྫུས་སྐྱེས་བརྟན་པའི་སྐྱེ་གནས་སུ་ཁམས་ལེར་བཤད་པའི་དོན་ནི་རྒྱས་པར་བཤད་ཟིན་པ་བཞིན་ནོ། །གསུམ་པ་ནི། ཕྱི་རོལ་གྱི་ཡན་ལག་ཉིང་ལག་དང་མདོག་དབྱིབས། གཟུགས་སྒྲ་སོགས་ནི་ལུས་རགས་པ་ཡིན་ལ། ནང་གི་རྩ་ཕྲ་རགས་རྣམས་ནི་ཕྲ་བ་དང་། ཁམས་དཀར་དམར་དང་། རླུང་ཕྲ་མོ་སོགས་ནི་ཤིན་ཏུ་ཕྲ་བ་དང་། གཞོམ་མེད་ཀྱི་རྩ་རླུང་ཐིག་ལེ་རྣམས་ནི་ཆེས་ཤིན་ཏུ་ཕྲ་བ་ཡིན་ནོ། །ཞེས་བྱ་སྟེ། དེ་ལྟར་ཕྱི་ནང་གིས་བཞག་པའི་ཕྲ་རགས་དང་། གཞན་གཉིས་ལ་ནི་ས་ཆུའི་ཁམས་གཉིས་རགས་པ་དང་། མེ་རླུང་གཉིས་ཕྲ་བ་དང་། ནམ་མཁའ་ཤིན་ཏུ་ཕྲ་བ་དང་། ཡེ་ཤེས་ཆེས་ཤིན་ཏུ་ཕྲ་བའི་ལུས་ཞེས་བྱ་བར་གྲུབ་ལ། གཞིའི་ཡེ་ཤེས་ཀྱི་ཁམས་འདིས་ནི། གཞི་ལ་བདེ་ཆེན་དང་སྟོང་གཟུགས་ཡོད་པར་བསྟན་ཏེ། ལེའུ་འདིའི་ཚིགས་བཅད་གསུམ་པའི་འགྲེལ་པར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོས་ཁམས་གསུམ་ཐམས་ཅད་བདག་ཉིད་ལ་གནས་པར་གསུངས་པ་དང་། སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་ཞེས་པ་རྩ་འགྲེལ་ལ་སོགས་པའི་ལུང་གིས་གྲུབ་པའི་ཕྱིར་རོ། །རིགས་པ་ཡང་སོར་སྡུད་སོགས་བསྒོམ་པའི་ཚེ་དུ་སོགས་ཀྱི་སྟོང་གཟུགས་མཐོང་བ་རྣམས་རྒྱུ་མེད་དུ་འགྱུར་བའི་ཕྱིར་རོ། །ལུང་དེ་དག་གིས་མི་འགྲུབ་སྟེ། རྣལ་འབྱོར་པས་ཤེས་པར་བྱ་ཞེས་སོགས་ལམ་དང་སྦྱར་ནས་བཤད་པས་སོ་ཞེ་ན། ལམ་བསྒོམ་པར་འདོད་པའི་རྣལ་འབྱོར་པས་གཞི་གཏན་འབེབས་ཀྱི་སྐབས་སུ་འདི་ལྟར་ཤེས་པར་བྱའོ། །ཞེས་པའི་དོན་ཡིན་པས་སོ། །བསྒོམ་པའི་སྟོབས་ཀྱིས་ཞེས་པ་གཅིག་འདིར་བཤད་པ་ནི། བསྒོམས་སྟོབས་ཀྱིས་གསལ་བར་འབྱུང་བ་དེ་དཔེར་བསྟན་པའི་ཆེད་དུ་གསུངས་པ་ཡིན་གྱི། གཞན་དུ་ན་གཞི་གཏན་འབེབས་ཀྱི་སྐབས་མ་ཡིན་པར་ཐལ་བས་གནོད་ལ། ཚིགས་བཅད་གསུམ་པ་འདི་ཡེ་ཤེས་ལེའུར་འཆད་པར་གསུངས་པ་ལྟར་དེར་རྒྱས་པར་བཤད་པའི་སྐབས་ན་བསྒོམས་པའི་སྟོབས་ཀྱིས་ཞེས་པ་མེད་པའི་ཡང་ཕྱིར་རོ། །གཉིས་པ་ལ། ལུས་ལ་སྣ་ཚོགས་འབྱུང་བ་མདོར་བསྟན། དེའི་སྐྱེ་གནས་འཇིག་ཆོས་རྒྱས་པར་བཤད་པའོ། །དང་པོ་ནི། མངལ་སྐྱེས་ཁམས་དྲུག་ལྡན་གྱི་ལུས་ལ་སྔར་བཤད་པའི་ཕྱིའི་འཇིག་རྟེན་གྱི་སྣོད་བཅུད་སྣ་ཚོགས་ཚང་ལ། ཚང་ཚུལ་ཡང་ཁམས་དང་དབྱིབས་ཀྱི་སྒོ་ནས་ཚང་ཚུལ་འོག་ཏུ་སྟོན་ཅིང་། འདིར་རང་རང་ཡི་གེའི་སྒོ་ནས་ཚང་ཚུལ་གསུངས་ཏེ། ཕྱི་རོལ་གྱིས་ཆུ་མེ་རླུང་ནི། ནང་གི་ལྟེ་སྙིང་མགྲིན་སྤྱི་ཡིན་ལ། ཡི་གེ་སོ་མཆུ་རྐན་སྤྱི་རྣམས་ལས་བྱུང་བའི་སྡེ་པ་རྣམས་ཀྱིས་ཤེས་པར་བྱ་ལ། དེ་བཞིན་དུ་ཕྱིའི་རྡོ་རྗེ་གློག་དང་ལྷ་གཞུ་འཇའ་ཚོན་ནི་དུས་མེའི་རྩ་དང་བཤང་ལམ་གྱི་རྩ་ཡིན་ལ། རྀ་དང་ལྀ་ཡིག་གིས་སོ། །ཕྱིའི་རླུང་བཅུ་ནི་སྙིང་གའི་རྩ་བཅུ་ལ་གནས་པའི་རླུང་བཅུ་སྟེ། ཨི་ཡིག་སོགས་ཀྱིས་སོ། །ཕྱི་རོལ་ན་རླུང་བཅུ་ཡོད་པར་ནི་ཡེ་ཤེས་ལེའུའི་ཚིགས་བཅད་བརྒྱ་རེ་ལྔ་པའི་འགྲེལ་པར་གསུངས་ལ། སྣོད་མི་འཇིག་པར་འཛིན་པ་སྲོག་འཛིན་དང་། ཆུ་ཐུར་དུ་འདོད་པ་ཐུར་སེལ་དང་། མེ་དང་ཤིང་སོགས་གྱེན་དུ་བསྐྱོད་པ་གྱེན་རྒྱུ་དང་། ཆ་མཉམ་པར་གནས་པ་མཉམ་གནས་སོགས་སུ་བཞག་པར་བུ་སྟོན་རིན་པོ་ཆེ་གསུང་ངོ་།།

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།